ལྷ་བླ་མ་ཡེ་ཤེས་འོད་ཀྱི་ཡིག་སྒྱུར་སྐོར་གྱི་མཛད་རྗེས་ལ་རག་ཙམ་དཔྱད་པ
འཇིགས་མེད། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-02
རིན་ཆེན་བཟང་པོ་སོགས་རྒྱ་གར་དུ་མངགས་པའི་སྐོར།
“འོད་སྲུངས་ཀྱི་རྒྱལ་རྒྱུད་ལྡེ་བཙུན་མགོན་ལ་སྲས་གཉིས་ཏེ། འཁོར་རེ་དང་སྲོང་ངེ་གཉིས། སྲོང་ངེས་སྐུ་ཚེའི་སྟོད་ལ་བཙུན་མོ་གཉིས་ཁབ་དུ་བཞེས་ནས་སྲས་གཉིས་འཁྲུངས་པའི་ན་ག་ར་ཙ་དང་། དྷེ་བ་ར་ཙའོ། སྐུ་ཚེའི་སྨད་ལ་རབ་ཏུ་བྱུང་ནས། ལྷ་བླ་མ་ཡེ་ཤེས་འོད་དུ་མཚན་གསོལ།”སྐབས་དེར་བོད་དུ་གསང་སྔགས་ཀྱི་ཆོས་ལ་ཁ་གཡར་ཏེ་ཆོས་ལོག་ཆོས་རྫུན་མང་པོ་བྱུང་བ་དེ་དག་ལ་བཀག་འགོག་གི་ཆེད་དུ་ཐུགས་བརྩོན་ཆེན་པོར་གནང་། ཁོང་གིས་བསམ་པར་ད་ནི་ཆོས་གཞུང་ཡང་དག་པ་མང་པོ་བསྒྱུར་ནས་སྤྱི་ཚོགས་ཀྱི་སྣང་ཚུལ་དེ་དག་བཀག་འགོག་གནང་དགོས་པར་སེམས།
སྐབས་དེར་རྒྱ་གར་དང་བོན་ཆོས་ཀྱིས་ཤུགས་རྐྱེན་ལས་དབུས་གཙང་གི་ཆོས་སྡེ་ལ་ལས་སྔགས་གཞུང་གི་ཡིག་ཐོག་ཙམ་ལས་སྒྲུབ་སྦྱོང་བྱས་ནས། བུད་མེད་དང་ལུས་འདྲེས་བྱས་ནས་ཆོས་སྒོ་ཕྱེ་བ་དང་། མི་བསད་ནས་ཐར་བ་ཐོབ་པ་བྱས་པའི་སྣང་ཚུལ་མང་པོ་མངའ། དེས་མང་ཚོགས་ལ་སྡུག་བསྔལ་བསྐྱལ་བ་མ་ཟད། དབང་སྒྱུར་བའང་མི་མཚམས་པ་ཞིག་ཡིན། ཁོང་གིས་ཆོས་ལོག་བཀག་པའི་བཀའ་ཤོག་ལས།“ད་ལྟ་ལས་ཟད་རྒྱལ་པོའི་ཁྲིམས་ཉམས་པས། རྫོགས་ཆེན་མིང་བཏགས་ཆོས་ལོག་བོད་དུ་དར། །ལྟ་བ་ཕྱིན་ཅི་ལོག་གི་སས་ཐོགས་པ། །ཆོས་པ་མིང་བཏགས་སྔགས་ལོག་བོད་དུ་དར། །དེ་ཡིས་རྒྱལ་ཁམས་ཕུང་སྟེ་འདི་ལྟར་གྱུར། ཞེས་དང་། ཡང་། ངེད་ཅག་སངས་རྒྱས་ཡིན་ནོ་ཟེར་བའི་སྤྱོད་པ་ནི། །ལས་ཀྱི་སྲིན་པོ་བས་ནི་སྙིང་རྗེ་ཆུང་། །ཁྲ་དང་སྤྱང་ཁུ་བས་ནི་ཤ་དད་ཆེ། །བོང་རེང་གླང་རེང་བས་ནི་འདོད་ཆགས་ཆེ། །ཁང་རུལ་སྦུར་ཁོག་བས་ནི་སྐྱུར་དད་ཆེ། །ཁྱི་དང་ཕག་པ་བས་ནི་གཙང་ཙོག་ཆུང་། ཞེས་སོགས་གསུངས་སོ།”དགུང་ལོ་དོན་གསུམ་པ་ལྕགས་ལུག་སྤྱི་ལོ་1031ལོར་མཐོ་གླིང་གསེར་ཁང་དུ་ཞི་བར་གཤེགས།
དེ་རྗེས་རིན་ཆེན་བཟང་པོ་དང་རྔོག་ལེགས་པའི་ཤེས་རབ་ལ་སོགས་པའི་ཁྱེའུ་བློ་རྣོ་བ་ཉི་ཤུ་རྩ་གཅིག་རྒྱ་གར་དུ་གསེར་མང་པོ་བསྐུར་ཏེ་ཆོས་སློབ་ཏུ་བཏང་། འོན་ཀྱང་དེབ་ལ་ལར། “བོད་ཀྱི་ན་གཞོན་27སློབ་སྦྱོང་དུ་བྱེད་པར་མངག་ཞེས་བྲིས་འདུག” མི་མང་པོར་ས་དེ་གའི་གནམ་གཤིས་ལ་མ་འཕྲོད་པར་ཤི་བ་དང་། ལོ་ཙཱ་བ་རིན་ཆེན་བཟང་པོ་དང་རྔོག་ལེགས་པའི་ཤེས་རབ་གཉིས་ལས་མ་གཏོགས་མ་ལུས་ཞེས་ལོ་རྒྱུས་དེབ་ཐེར་མང་པོར་འཁོད་ཡོད།
ཁོང་གཉིས་ཕྱིར་བོད་དུ་སླེབས་ནས་མདོ་སྔགས་ཀྱི་ཆོས་མང་པོ་བསྒྱུར་ཅིང་ཞུས་ནས་གཏན་ལ་ཕབ།《བཀའ་འགྱུར།》དང་《བསྟན་འགྱུར།》ཁྲོད་དུ་ཡོད་པའི་ལོ་ཆེན་གྱི་བརྩམས་ཆོས་170ལྷག་གསལ། ལྷ་བླ་མས་ཀྱང་མདོ་རྒྱུད་དགོངས་འགྲེལ་གསུང་རབ་ཁག་ལ་དག་ཐེར་དང་། ཁ་ཤས་གསར་དུ་བསྒྱུར། བསྒྱུར་ཟིན་པ་རྣམས་དག་བཅོས་དང་བཅས་འཆད་ཉན་གྱིས་གཏན་ལ་དབབ་པ་སོགས་ཀྱིས་ཆོས་ལོག་རྒྱུ་བའི་ལམ་བཀག
ཨ་ཏི་ཤ་གདན་དྲངས་ནས་སློབ་མ་བསྐྱངས་ཏེ་ཡིག་སྒྱུར་གནང་བའི་སྐོར།
དེ་ཡང་གོང་དུ་བཤད་པ་ལྟར་བོད་དུ་བསྟན་པ་ཕྱི་དར་གྱི་དུས་སུ་རང་སྣང་གང་ཤར་གྱི་གསང་སྔགས་ལ་ཁ་གཡར་ནས་བོད་འབངས་རྣམས་ལ་མགོ་བསྐོར་གཏོང་མཁན་ཆོས་ལོག་བྱེད་མཁན་མང་པོ་ཞིག་བྱུང་ཞིང་བོད་ཀྱི་སྤྱི་ཚོགས་ལ་གནོད་འཚེ་ཆེན་པོ་བྱུང་སྐབས་ལྷ་བླ་མ་ཡེ་ཤེས་འོད་སོགས་བོད་ཀྱི་མཁས་པ་རྣམས་ཀྱིས་ཆོས་ལོག་ལ་དགག་པ་བྱས་ཀྱང་བཀག་མ་ཐུབ།“འགའ་ཞིག་འདུལ་བ་ལ་མོས་བློས་སྔགས་ཁྱད་དུ་གསད། འགའ་ཞིག་སྔགས་ལ་མོས་བློས་འདུལ་བ་ཁྱད་དུ་གསོད་པས་བསྟན་པ་ཙམ་ལས་ཐུབ་བསྟན་ཡོངས་སུ་རྫོགས་པ་ཉམས་ལེན་དུ་ཁྱེར་ཤེས་པ་ལྟ་ཞོག ཕྱོགས་མཐོང་གི་གོ་བ་ཆགས་པའང་དཀོན་པར་གྱུར། ལྷག་པར་དུ་གླང་དར་གྱིས་བསྟན་པ་བསྣུབས་པའི་བར་དེར་སྔགས་པ་འགའ་ཞིག་གིས་རྒྱུད་ཚིག་བློ་ལ་ཡོད་པ་རྣམས་ཡི་གེ་བྲིས་པར་བར་སྐབས་ཀྱི་ཚིག་བརྗེད་ནས་མ་ཐོན་པ་རྣམས་ལ་བློ་བཟོའི་བསླད་བཅུག་བརྡ་ཁྱད་གང་བྱུང་སྦྱར། ཡང་ལ་ལས་རྒྱུད་ཀྱི་མིང་བཏགས་པའི་རྟོག་བཟོའི་ཡི་གེ་གྲོང་ཚིག་འབའ་ཞིག་གིས་གང་འདོད་དུ་བྲིས། སྔགས་པ་འགའ་ཞིག་གིས་རང་གི་ཆུང་མ་ལ་དེ་རིང་ཆང་ཞིམ་བཟོས་དང་། ངས་རྒྱུད་པོ་ཏི་ལོངས་པ་རྩོམ་པ་ཡིན་ཟེར་བའང་བྱུང་། རྒྱ་གར་ནས་ཨ་ཙ་དམར་པོ་ཞེས་བྱུང་ནས་བུད་མེད་སྤྱོད་པ་ལ་སྦྱོར་བ་དང་དགེ་ལ་སོགས་པའི་སེམས་ཅན་གསོད་པ་ལ་སྒྲོལ་བ་ཞེས་སྦྱོར་སྒྲོལ་དུ་གྲགས་པའི་ཆོས་ལོག་དང་གཞན་ཡང་སྔགས་ལ་སྙད་བཏགས་པའི་རྩིང་སྤྱོད་མང་པོ་ཞིག་དར་བར་བྱས། དེ་དག་གི་དབང་གིས་ལྟ་སྤྱོད་རྣམ་དག་འཛིན་པ་ཉུང་ཞིང་ཆོས་ལོག་སྤྱོད་པ་མང་དུ་གྱུར་པ་ལ་ལྷ་བླ་མ་ཡེ་ཤེས་འོད་དང་། ཕོ་བྲང་ཞི་བ་འོད་དང་། ལོ་ཆེན་རིན་བཟང་སོགས་ཀྱིས་ཆོས་ལོག་སུན་འབྱིན་གྱི་ཡི་གེ་བྲིས་ནས་བཀྲམས་པས་ཀྱང་ཕན་པ་མ་བྱུང་།” ཆོས་དང་ཆོས་མིན་རྣམ་པར་འབྱེད་ཅིང་ཆོས་ལོག་སུན་འབྱིན་པའི་ཆེད་དུ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རྒྱ་བརྩོན་འགྲུས་སེང་གེ་ལ་གསེར་མང་པོ་བསྐུར་ཏེ་རྒྱ་གར་དུ་ཇོ་བོ་རྗེ་གདན་འདྲེན་ལ་བཏང་ཡང་སྤྱན་མ་འདྲོངས། ལྷ་བླ་མ་ཡེ་ཤེས་འོད་འདས་ཁའི་ཞལ་ཆེམས་ལྟར། ལྷ་བཙུན་བྱང་ཆུབ་འོད་ཀྱིས་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་རྒྱ་གར་དུ་ཆོས་སློབ་ཏུ་མངགས་པ་སླར་ཡང་རང་ཡུལ་དུ་འཁོར་བ་དང་། ཇོ་བོ་རྗེ་བོད་དུ་གདན་འདྲེན་ཞུ་དགོས་པའི་སྐོར་རྣམས་གསུངས་ཏེ་སླར་ཡང་གསེར་མང་པོ་དང་བཅས་རྒྱ་གར་དུ་མངགས། སྐབས་དེར་བི་ཀྲ་མ་ཤྲཱི་ལའི་གཙུག་ལག་ཁང་དུ་རྒྱ་བརྩོན་འགྲུས་སེང་གེ་ཆོས་ལ་སློབ་གཉེར་བྱེད་བཞིན་པ་དང་མཇལ་ཏེ་ཁོང་གཉིས་གྲོས་མོལ་བྱས་ཏེ་མཐར་སྤྱི་ལོ་1042པའི་ཆུ་རྟ་ལོར་ཇོ་བོ་རྗེ་བལ་ཡུལ་བརྒྱུད་དེ་མངའ་རིས་གུ་གེ་རུ་སྤྱན་འདྲེན་ཞུས། ཇོ་བོས་དབུ་མའི་ལྟ་བ་དང་འདུལ་བའི་སྤྱོད་པ་གཉིས་གཙོར་བསྟན་ནས། གཞུང་ལུགས་དང་གདམས་ངག་གཉིས་ཟུང་དུ་འབྲེལ་བའི་བསྟན་བཅོས། 《 བྱང་ཆུབ་ལམ་གྱི་སྒྲོན་མེ།》ཞེས་པ་བརྩམས། ཇོ་བོའི་སློབ་མ་རྣམས་ལས་གཙོ་བོར་སྤྱན་རས་གཟིགས་ཀྱི་སྤྲུལ་པར་གྲགས་པའི་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་བརྒྱུད་པ་འདི་ལ། ལྷ་ཆོས་བདུན་ལྡན་གྱི་བསྟན་པའི་བདག་པོ་བཀའ་གདམས་རིན་པོ་ཆེ་ཞེས་ཟེར། དེ་ལ་ལྷ་ཆོས་བདུན་ལྡན་ནི། བཀའ་གདམས་ལྷ་བཞི་སྟེ། ཐུབ་པ། སྤྱན་རས་གཟིགས། མི་གཡོ་བ། སྒྲོལ་མ་བཅས་ལྷ་བཞི་དང༌། ཆོས་སྡེ་སྣོད་གསུམ་བཅས་ལ་ཟེར།
བཀའ་གདམས་པའི་བླ་མའི་གཙོ་བོར་མཉམ་མེད་ཇོ་བོ་ཡབ་སྲས་ཞེས་པ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་།འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་རྣམ་གཉིས་དང་།ལྷག་པར་མཁས་པའི་མཚན་སྙན་འཛིན་པ་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཉིད་ཡིན་ནོ། ། སྐབས་དེར་ཇོ་བོའི་ཕྲིན་ལས་ལ་བསྟེན་ནས་ཁུ་རྔོག་འབྲོམ་གསུམ་གཙོ་བྱས་པའི་སྐྱེས་བུ་དམ་པ་མང་པོ་བྱུང་པ་མ་ཟད། བསྟན་པ་དང་བསྟན་འཛིན་གཞན་ཡང་བྱུང་ཡོད་དེ། ཁྱད་པར་དུ་དྭགས་པོ་བཀའ་བརྒྱུད་ཀྱི་བདག་ཉིད་མཉམ་མེད་དྭགས་པོ་ལྷ་རྗེས་ཇོ་བོའི་དངོས་སློབ་རྣལ་འབྱོར་བ་ཆེན་པོའི་སློབ་མ་རྒྱ་ཡོན་བདག་ལས་བཀའ་གདམས་གསན། དེ་བཞིན་དུ་ཕག་གྲུ་བཀའ་བརྒྱུད་པའི་ཆོས་བདག་འགྲོ་མགོན་ཕག་གྲུ་རྡོ་རྗེ་རྒྱལ་པོས་དགེ་བཤེས་དོལ་བོ་པ་དང་། འབའ་རོམ་བཀའ་བརྒྱུད་ཀྱི་ཆོས་བདག་འབའ་རོམ་དར་མ་དབང་ཕྱུག་གིས་དགེ་བཤེས་བྱ་ཡུལ་བ་དང་། པོ་ཏོ་བའི་བུ་ཆེན་གྲུ་འབུ་ལུང་པ་དང་། འབྲི་གུང་པའི་ཆོས་བདག་སྐྱོད་པ་འཇིག་རྟེན་མགོན་པོས་གླང་ལུང་བ་དང་། སྟག་ལུང་བཀའ་བརྒྱུད་ཀྱི་ཆོས་བདག་སྟག་ལུང་ཐང་པ་བཀྲ་ཤིས་དཔལ་ལྡན་གྱི་འཆད་ཀ་བ་དང་། ཀརྨ་བཀའ་བརྒྱུད་པའི་ཆོས་བདག་ཀརྨ་དུས་གསུམ་མཁྱེན་པས་རྔོག་ལོ་ཙཱ་བའི་སློབ་མ་མཆོག་གི་བླ་མ་སོགས་བརྟེན་ནས་བཀའ་གདམས་ཀྱི་ཆོས་སྐོར་གསན། ཕྱཱ་བ་ཆོས་ཀྱི་སེང་གེ་ལས་བྱམས་ཆོས་དང་ཚད་མ་གསན། ཤ་ར་བ་དང་རྣལ་འབྱོར་པ་ཤེས་རབ་རྡོ་རྗེ་སོགས་བཀའ་གདམས་ཀྱི་གཞུང་དང་། མན་ངག་གསན་ནས། སྤྱོད་ཕྱོགས་ཀྱི་ཉམས་ལེན་ཐམས་ཅད་བཀའ་གདམས་ལུགས་བཞིན་མཛད་ཡོད། ཡང་དཔེར་ན། ས་སྐྱ་བའི་ལམ་འབྲས་ཀྱི་ཆུ་འགོ་འབྲོག་མི་ལོ་ཙཱ་བས་ཇོ་བོ་ཉིད་ལས་ཆོས་གསན་པ་དང་།
ཁྱད་པར་དུ་ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་སྣེའུ་ཟེར་བའི་སློབ་མ་སྤྱི་བོ་ལྷས་པ་ལས་བཀའ་གདམས་གསན་ཅིང་། ཁོང་གི་གསུང་རབ་རྣམས་སུ་ཡང་ཐེག་ཆེན་ཐུན་མོང་བའི་ལམ་གྱི་ཉམས་ལེན་ཁོ་ན་མཛད་པས། རྗེས་འབྲང་གི་ས་སྐྱ་བ་རྣམས་ཀྱང་སྲོལ་དེ་བཞིན་བྱེད་དོ། །
གཞན་ཡང་བོད་ཀྱི་མཚན་ཉིད་ཀྱི་གཞུང་ཆེན་མོའི་བཤད་རྒྱུན་རྣམས་ཀྱང་། ཇོ་བོའི་དངོས་སློབ་རྔོག་ལེགས་པའི་ཤེས་རབ་ཀྱིས་གསང་ཕུ་དགོན་པ་བཏབ་ནས་རིམས་ལམ་དྲངས་པའི་དབུ་ཚད་བྱམས་ཆོས་ཀྱི་འཆད་ཉན་སྲོལ་ལེགས་པར་ཕྱེ་བས། བོད་གངས་ཅན་གྱི་ལྗོངས་སུ་བཤད་གྲྭ་གཅིག་རྗེས་གཉིས་མཐུད་ཀྱིས་བྱུང་ནས་འཆད་ཉན་གྱི་རླབས་རྒྱུན་མཁའ་ལ་འཕྱོ་བའི་རྣམ་པར་གསར་བ་ཤར། །
◆ འཇིགས་མེད། གངས་ལྗོངས་ཉི་གཞོན།