མདོ་སྨད་བོན་རྒྱ་ཚོ་བའི་འབྲོག་སྐད་ཀྱི་སྒྲ་གདངས་ཁྱད་ཆོས་དང་འཕེལ་འགྱུར་ལ་དཔྱད་པ།
སྙིང་མོ་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-02
དང་པོ། ཚོ་བ་དང་ཡུལ་སྐད་ངོ་སྤྲོད་པ།
མདོ་སྨད་བོན་རྒྱ་ཚོ་བ་ནི་སྔོན་མར་རེབ་གོང་ཡུལ་གྱི་དགུ་ཆུའི་ལྷོ་རྒྱུད་དུ་གཞིས་ཆགས་ཤིང་། རྗེས་མར་བཅིངས་འགྲོལ་ཕྱིས་སུ་ཚོ་བ་འདིའི་མི་དང་ས་ཆ་མང་པོ་ཞིག་མཚོ་ལྷོ་མང་ར་ཆའི་མངའ་ཁོངས་སུ་བཅད་པར་བཤད་དེ། ད་ཆ་མང་རའི་འཇག་རི་སུམ་མདོའི་སྟོད་ཕྱོགས་སུ་ཆགས་ཤིང་འབྲོག་ལས་རྐྱང་རྐྱང་གཉེར་བཞིན་ཡོད་ལ། ད་ལྟའི་སྲིད་འཛིན་གྱི་སྒྲིག་འཛུགས་ལྟར་ན་འབྲོག་སྡེ་དྲུག་ཏུ་དབྱེ་བ་དང་། མི་གྲངས། 4803ས་ཁྱོན་སྤྱི་ལེ་གྲུ་བཞི་མ། འབྲོག་སྡེ་འདི་དག་གི་ཤར་ཕྱོགས་སུ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་དང་། ལྷོ་ཕྱོགས་སུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་ས་ཆའི་སྟོད་རྒྱུད། ནུབ་བྱང་གི་མཚམས་སུ་ཀླུ་ཚང་དང་བན་ཤུལ་ཚོ་བ། བྱང་ཕྱོགས་སུ་མགོ་མང་བྲག་དཀར་སྡེ་པ་སོགས་དང་འབྲེལ་འདུག །འདིར་མཚོ་ངོས་ལས་མཐོ་ཚད་3600ནས་4000བར། མཐོ་སྒང་གི་སྐམ་ཤས་ཆེ་བའི་ནམ་ཟླར་གཏོགས་པས། དགུན་དུས་རིང་ལ་དབྱར་དུས་ཐུང་བའི་གནམ་གཤིས་སྣང་ཚུལ་ཆགས་ཡོད། ས་བབ་ཅུང་མཐོ་སར་གཞིས་སྡོད་བྱས་ཡོད་པ་དང་། དབྱར་དགུན་གང་གི་དུས་སུའང་གནམ་གཤིས་འགྱུར་ལྡོག་ཆེ་བར་མ་ཟད་ཧ་ཅང་འཁྱག མང་རའི་ཡུལ་འདིར་འབྲོག་ས་འབྲོག་ཡུལ་དང་འབྲོག་སྐད་ཀྱི་ཁྱད་ཆོས་ཅུང་འབུར་ཐོན་དུ་གྱུར་ཡོད་པའི་ཚོ་པ་འདིར་མཚོན་ན། ལྟོས་བཅས་སུ་ཕྱི་ཕྱོགས་ཀྱི་སྐད་ཆ་འདྲ་མིན་དང་མི་རིགས་འདྲ་མིན་ལ་འབྲེལ་འདྲིས་ཀྱིས་ཤུགས་རྐྱེན་ཐེབས་ཚད་ཅུང་ཉུང་བས། ཡུལ་ལུང་གི་སྐད་ཆའི་ཁྱད་ཆོས་རྒྱུན་སྲུང་དང་ཡུལ་སྲོལ་རིག་གནས་སྲུང་སྐྱོབ་བྱེད་པར་ཕན་འབྲས་མི་དམན་པ་མངའ་བར་སྙམ།
གཉིས་པ། གསལ་བྱེད་ཀྱི་སྒྲ་གདངས་འཕེལ་འགྱུར་སྐོར།
དུས་རབས་བདུན་པར་བོད་རྒྱལ་སྲོང་བཙན་སྒམ་པའི་བློན་གྲགས་ཅན་ཐོན་མི་སམ་བྷོ་ཏྲས་རྒྱ་གར་གྱི་ཡི་གེར་དཔེ་བལྟས་ཏེ་བོད་རང་གི་སྐད་ཆ་སྤྱིའི་ཁྱད་ཆོས་དང་མཐུན་པའི་དབྱངས་གསལ་སོ་བཞི་གཏན་ལ་ཕབ་ནས་ད་ལྟའི་བར་ལོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་ལ། དུས་ཡུན་རིང་བའི་ལོ་རྒྱུས་ཀྱི་འཕེལ་འགྱུར་དང་མིའི་རིགས་ཕན་ཚུན་བར་གྱི་འབྲེལ་འདྲིས། ཡང་ན་ས་གནས་དང་ས་གནས་བར་གྱི་འགྲོ་འོང་བརྒྱུད། བོད་ཀྱི་སྐད་དང་ཡི་གེ་ལ་ཕྱོགས་ཡོངས་ནས་འགྱུར་བ་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད་དེ། ཨ་མདོ་ས་ཆར་མཚོན་ན་ཡང་སྔོན་གྱི་གསལ་བྱེད་སུམ་ཅུ་དེ་ད་ལྟ་ཡུལ་ལུང་སོ་སོའི་སྐད་དུ་རྣམ་པ་མི་འདྲ་བ་མང་སྟེ། དཔེར་ན། བླ་བྲང་སྐད་དུ་གསལ་བྱེད་རྐྱང་བ་38དང་འདུས་མ་29ཡོད་པ་དང་། ཧྭ་ལུང་གི་སྐད་དུ་གསལ་བྱེད་རྐྱང་བ་38འདུས་མ་46ཡོད་པ། སོགས་ཡུལ་སྐད་ཀྱི་གསལ་བྱེད་རྐྱང་བ་དེ་ཡིག་སྐད་ལས་མང་ཡང་འདུས་མ་ནི་ཡིག་སྐད་ལས་ཉུང་བའི་སྣང་ཚུལ་དག་ལས་ད་ལྟའི་ཡིག་སྐད་དང་ཡུལ་སྐད་ཀྱི་རྣམ་པར་་ཧེ་བག་ཆེན་པོ་བྱུང་ཡོད་པར་མ་ཟད། རིམ་བཞིན་ས་གནས་ཕན་ཚུན་བར་གོ་བརྡ་སྤྲོད་པར་ཁག་པོ་ཡིན་པའི་སྣང་ཚུལ་ཀྱང་འདུག་པས། ང་ཚོས་ཅིས་ཀྱང་ཡིག་སྐད་དང་ཡུལ་སྐད་ཀྱི་འབྲེལ་བ་དང་འཕེལ་འགྱུར་ལ་དོ་གལ་གནང་དགོས་པར་སྙམ། འདིར་ཨ་མདོ་ཡུལ་སྐད་ཀྱི་བྱེ་བྲག་བོན་རྒྱ་ཚོ་པའི་སྐད་ཀྱི་གསལ་བྱེད་དང་ཡིག་སྐད་གཉིས་ཀྱི་འགྱུར་བ་གཞིར་བཟུང་ནས་བཀྲམ་པར་བྱ།
1.རང་སྡེ་གཅིག་པའི་མིང་གཞི་ཡི་གེ་དང་མིང་གཞི་ཡི་གེ་གཞན་དག་ཕན་ཚུན་བརྗེ་རེས་ཀྱིས་ཀློག་པ། ཕོ་ཡིག་ཀ་ཅ་ཏ་པ་ཙ་ནི་ཡུལ་སྐད་དུ་མིང་གཞིའི་གསལ་བྱེད་རང་དང་སྡེ་པ་གཅིག་པའི་གསལ་བྱེད་དང་བརྗེ་རེས་ཀྱིས་ཀློག་པ་ནི་དཔེར་ན། མེ་ཏོག་ལ་མེ་ཐོག ཅོག་ཙེ་ལ་ཅོག་ཚེ། བརྒྱད་ཅུ་ལ་བརྒྱད་ཆུ། སོས་ཀ་ལ་སོས་ཁ། པགས་པ་ལ་བོག་ག་ལྟ་བུ། དེ་དག་ལས་པ་ཡིག་མ་གཏོགས་ཕོ་ཡིག་གཞན་དག་ནི་རྒྱུན་པར་ཡིག་ཀློག་གི་སྐབས་སུ་སྲོག་ཆུང་ལྟར་ཡིན་ཡང་ཡུལ་སྐད་འདིར་སྒྲ་ཚིགས་གཉིས་པའི་སྐབས་ལ་ལར་སྲོག་ཆེན་གྱི་སྒྲར་འགྱུར་ཡོད། ཡིན་ཡང་རོང་སྐད་དང་རོང་མ་འབྲོག་གི་སྐད་དུ་དེ་ལྟར་མ་ངེས་སོ། ཕོ་ཡིག་པ་ནི་མིང་མཐའི་སྐབས་སུ་མོ་ཡིག་ག་རུ་འགྱུར། མོ་ཡིག་ག་ཇ་ད་བ་ཛ་ནི་གསལ་བྱེད་རྐྱང་བའི་ཡིག་ཀློག་གི་སྐབས་སུ་སྒྲ་མེད་ལྟར་བརྗོད་པ་དང་། གསལ་བྱེད་འདུས་མའི་ཡིག་ཀློག་གི་སྐབས་སུ་སྒྲ་ལྡན་ལྟར་བརྗོད། ཁ་སྐད་དུའང་གསལ་བྱེད་རྐྱང་འདུས་སྐབས་དེ་བཞིན་ཡིན་། ག་ནི་སྒྲ་ཚིགས་གཉིས་པར་བྱུང་བའི་སྐབས་ལ་ལར་སྒྲ་གདངས་ལ་འགྱུར་བ་བྱུང་སྟེ་ཝ་ལྟར་བརྗོད་པ། དཔེར་ན། ལག་ག་ལག་ཝ། དངོས་གོང་ལ་དངོས་ཝོང་། མོ་ཡིག་ཞ་དང་ཟ་ནི་ཡིག་སྲོལ་དུ་སྲོག་ཆུང་གི་སྒྲ་ལྟར་བརྗོད་ཀྱང་། བོན་རྒྱ་ཚོ་པའི་སྐད་དུ་གསལ་བྱེད་རྐྱང་བའི་སྐབས་སྲོག་ཆེན་ལྟར་བརྗོད་དེ། དཔེར་ན། ཞྭ་མོ་དང་ཟ་མ་ལ་སྲོག་ཆེན་གྱི་སྒྲ་ལྡན་པ་ལྟ་བུ། ཞ་དང་ཟ་ནི་མིང་མཐའི་སྐབས་སུ་གསལ་བྱེད་འདུས་མའི་སྒྲ་སྟེ་བཞའ་དང་བཟའ་ལྟར་བརྗོད་པ། དཔེར་ན། ཝ་ཞྭ་ལ་ཝ་བཞའ། འོ་ཟོ་ལ་འོ་བཟོ་ལྟ་བུ། མ་ནིང་ཕ་ཡིག་ནི་ཡིག་ཀློག་སྐབས་སྲོག་ཆེན་རང་སོར་ཀློག་དགོས་ཀྱང་ཁ་སྐད་དུ་ཧ་དང་བ། པ་རུ་འགྱུར་སྲིད་དེ། དཔེར་ན། ཧ་རུ་འགྱུར་བ་ནི་ཕ་མ་ལ་ཧ་མ། ཕུད་ལ་ཧུད་ལྟ་བུ། ཕ་ཡིག་མིང་མཐའི་སྐབས་སུ་རང་སྡེ་གཅིག་པའི་པ་དང་བ་སྒྲར་འགྱུར་བ། དཔེར་ན། པ་རུ་འགྱུར་བ་ནི་ཨ་ཕ་ལ་ཨ་པ། བ་རུ་འགྱུར་བ་བྱ་ཕོ་བྱ་བོ། ལ་ཕུག་ལ་ལ་བུག་ལྟ་བུ། མ་ནིང་ཁ་ཡུལ་སྐད་ཀྱི་སྐབས་ལ་ལར་ཧྭ་སྒྲར་འགྱུར་བ་དཔེར་ན། ཁེ་གྲི་ཧྭེ་རྒྱུ། ཁེངས་དྲེག་ཅན་ལ་ཧྭང་སྐྱ་ལྟ་བུ།
2.མིང་གཞི་ཡི་གེ་སྐོར་ཞིག་སྒྲ་ཉམས་ཏེ་འགོ་འདོགས་ཀྱི་སྒྲ་རྐྱང་བ་དང་རེ་འགར་སྔོན་འཇུག་གི་སྒྲ་ཐོན་པའི་ཚུལ་དུ་ཀློག་པ། དཔེར་ན། སྤྲེའུ་ལ་བསེས་ལྟ་བུ་ནི་འགོ་ཅན་ས་རྐྱང་བར་སྔོན་འཇུག་བ་སྒྲ་ཐོན་ཡོད་པ་ནི་མིང་གཞི་པ་སྒྲས་ཤན་ཞུགས་པས་ཡིན་པར་འདོད། སྦྲ་ལ་ར་དང་སྦྲིད་ལ་རིད་ལྟ་བུ་ནི་འདོགས་ཅན་ར་རྐྱང་བར་སྔོན་འཇུག་བ་སྒྲ་སྦྱོར་བའི་ཚུལ་དུ་ཀློག་པར་མིང་གཞི་བ་ཡིག་གི་ཤན་ཞུགས་པར་སྙམ། ཨ་མདོའི་རོང་སྐད་ལ་ལར་སྦྲ་ལ་སྦ་ཞེས་འདོགས་ཅན་དོར་བ་དང་། ལ་ལར་ར་ཞེས་འདོགས་ཅན་ར་སྒྲ་རྐྱང་བར་ཀློག་པ་སོགས་འདི་དག་ནི་ལུང་སྐད་ཀྱི་ཐོན་མིན་ཁྱད་ཆོས་ཤིག་ཡིན་པར་མ་ཟད། མདོ་སྨད་ས་ཆ་སྤྱིའི་སྐད་ཀྱི་ཁྱད་ཆོས་ཤིག་ཀྱང་ཡིན་པར་འདོད། དེ་བཞིན་དུ་མིང་གཞི་ཡི་གེ་བ་དང་ཕ་ཡིག་ལ་འདོགས་ཅན་གྱི་སྐབས་སུ་་མིང་གཞི་ཡི་གེ་གཞན་དུ་འགྱུར་བ་དཔེར་ན། བྱས་ལ་ཡེས་དང་བྱོས་ལ་ཤེ་ལྟ་བུ་ནི་བ་ཡིག་འདོགས་ཅན་གྱི་སྐབས་སུ་འགྱུར་གཟུགས་གཉིས་ཡོད་དེ། འདོགས་ཅན་ཡ་སྒྲ་རྐྱང་བའི་སྒྲར་ལྟར་བརྗོད་དང། སྐུལ་ཚིག་གི་སྐབས་སུ་ཤ་སྒྲར་འགྱུར་སྲིད། བོན་རྒྱ་ཚོ་བའི་འབྲོག་སྐད་དུ་འགྱུུར་གཟུགས་འདི་དག་ལ་བྱེ་བྲག་གི་རྣམ་པ་འདི་འདྲ་འདུག
གཉིས། སྔོན་འཇུག་གི་སྒྲའི་འགྱུར་བ།
1.སྔོན་འཇུག་ལྔ་བོ་རེ་རེའི་འཇུག་ཡུལ་གྱི་སྒྲའི་འགྱུར་ལུགས། སྔོན་འཇུག་ཕོ་བ་ཡིག་དང་སྔོན་འཇུག་མོ་མ་ཡིག་གཉིས་ནི་ཡུལ་ལུང་འདིའི་སྐད་དུ་སྒྲ་མ་ཉམས་པར་རང་སོར་ཆག་ཡོད་དེ། ཡིག་སྲོལ་དུ་ཀློག་སྟངས་ནི་ཡི་གེའི་བཀླག་ཐབས་བྱིས་པ་བདེ་འཇུག་ལས། བ་མས་འཕུལ་ལ་ཐོག་མར་ནི། ། མཆུ་བཙུམས་པ་ལ་ཁྱད་པར་སྣ། ། ཞེས་པ་བཞིན་རང་གི་འཇུག་ཡུལ་མིང་གཞི་ཡི་གེའི་སྔོན་དུ་མཆུ་ཟུམ་པའི་སྒྲ་པ་དང་མ་ལྟར་བརྗོད་པ་སྟེ། དཔེར་ན། བཙོས། བཅུས། མཚོ། མཆོད། ལྟ་བུ། ལྷག་པར་དུ་སྔོན་འཇུག་མའི་འཇུག་ཡུལ་ལ་སྣ་སྒྲ་ཤིན་ཏུ་་གསལ་བར་ཐོན། སྔོན་འཇུག་མ་ནིང་ག་ད་གཉིས་ནི་ཡི་གེ་བཀླག་ཐབས་བྱིས་པ་བདེ་འཇུག་ལས། དས་འཕུལ་ལྕེ་རྩེ་ཀློད་པ་ལས། གས་འཕུལ་གྲེ་བའི་ཕུག་ནས་འབྱུང་། ཞེས་པ་བཞིན་དུ་ཡིག་ཀློག་གི་སྐབས་སུ་སྒྲ་གདངས་ལ་ཁྱད་པར་ཡོད་ཀྱང་། ཡུལ་སྐད་འདིར་མཚོན་ན་སྔོན་འཇུག་ག་ད་གཉིས་ཀའི་སྒྲ་གདངས་སོ་སོར་མི་གསལ་ཏེ་དའི་འཕུལ་ཕལ་ཆེ་བ་ཞིག་ག་སྒྲར་འགྱུར་ཡོད་དེ། དཔེར་ན། གཟི གསེར། དགྲ དབྱངས་ལྟ་བུ། དེར་མིང་གཞི་པ་ཡིག་གི་སྐབས་སུ་དའི་འཕུལ་ནི་ཧ་སྒྲ་ལྟར་ཡིན། སྔོན་འཇུག་མོ་འ་ནི་ཡིག་སྲོག་ལ་འས་འཕུལ་ཐོག་མར་རྐན་ནས་དབྱུང་ཞེས་པ་བཞིན་རྐན་གྱི་ཕུག་ནས་བྱུང་བ་དང་མཉམ་དུ་འས་འཕུལ་ཅན་ཡོད་ཚད་ལ་སྣ་སྒྲ་གསལ་པོར་ཐོན་ཐུབ་པས། ཡུལ་ལུང་འདིའི་འབྲོག་སྐད་དུ་སྦྱོར་ཀློག་གི་སྐབས་རེ་འགར་གཞན་འགྱུར་གྱི་སྣང་ཚུལ་ཙམ་འདུག་པ་མ་གཏོགས་་སྔོན་འཇུག་ལྔའི་སྒྲ་གདངས་ཕལ་ཆེར་ཡིག་སྲོལ་ཇི་བཞིན་ཐོན་ཐུབ། ཡིན་ཡང་ཨ་མདོ་ས་ཆའི་རོང་སྐད་དང་རོང་མ་འབྲོག་གི་སྐད་དུ་དེ་ལས་ལྡོག་སྟེ་སྔོན་འཇུག་གི་རེ་གཉིས་མ་གཏོགས་ཕལ་ཆེར་ཉམས་འདུག དེ་བཞིན་དབུས་གཙང་གི་སྐད་དང་། ཁམས་ཕྱོགས་ཀྱི་སྐད་དུ་སྔོན་འཇུག་གི་སྒྲ་ཟུར་ཙམ་ཡང་ཐོན་དཀའ་བའི་ཚུལ་དུ་འདུག
2.སྔོན་འཇུག་གི་སྒྲས་མིང་སྔོན་མར་རྗེས་འཇུག་གི་སྒྲ་བསྐྱེད་དེ་གསལ་བྱེད་རང་འདྲར་སྒྱུར་བ། དཔེར་ན། རྒྱ་མཚོ། རྩ་བཞི། ཨ་གསར་ལྟ་བུ་སྒྲ་ཚིགས་གཉིས་པའི་སྔོན་འཇུག་གི་སྒྲས་མིང་སྔོན་མར་རྗེས་འཇུག་གི་སྒྲ་བསྐྱེད་པར་བྱས་ཏེ་སྒྲ་གདངས་རང་འདྲར་སྒྱུར་བ། འདི་ནི་ཡུལ་སྐད་ཀྱི་བརྗོད་བདེ་ཡོང་བའི་སྣང་ཚུལ་ཞིག་ཀྱང་ཡིན་པར་སྙམ།
3.སྔོན་འཇུག་གི་སྒྲས་མིང་སྔོན་མའི་རྗེས་འཇུག་རང་འདྲར་སྒྱུར་བ། དཀོན་མཆོག སྐྱབས་མགོན་ལྟ་བུ་ནི་ངག་ནས་བརྗོད་སྐབས་སྒྲ་ཤུགས་དྲག་ཞན་ནམ་ཡང་ན་སྐད་ཆ་མཐུད་དེ་བརྗོད་སྐབས་ཀྱི་མྱུར་ཚད་མི་འདྲ་བ་དང་བརྗོད་བདེའི་དབང་གིས། སྔར་ཡོད་ཀྱི་རྗེས་འཇུག་གི་སྒྲ་དེ་མིང་རྗེས་མའི་སྔོན་འཇུག་གི་སྒྲའི་ཤུགས་རྐྱེན་གྱིས་རང་འདྲར་སྒྱུར།
གསུམ། འགོ་ཅན་གྱི་སྒྲའི་འགྱུར་བ།
འགོ་ཅན་ར་ལ་ས་གསུམ་ནི་ཡིག་ཀློག་གི་སྐབས་སུ་དེ་ལ་ར་མགོ་ལྕེ་རྩེ་འདར། །ལ་མགོ་ལྕེ་ཀློད་རྒྱ་ཡང་བསྐྱེད། །ས་མགོ་སོ་ཡི་བར་ནས་འབྱུང་། །ཞེས་འགོ་ཅན་རེ་རེའི་ཡིག་ཀློག་སྐབས་ཀྱི་སྒྲའི་འབྱིན་ཐབས་མི་འདྲ་བ་སོ་སོ་གསལ་པོར་བསྟན་ཡོད། ཡུལ་སྐད་འདིར་དེ་དག་མིང་གཞི་ཕོ་མོ་གང་དང་སྦྱར་ནས་ཀློག་སྐབས་སྒྲའི་དྲག་ཞན་དེ་རང་གི་འཇུག་ཡུལ་གྱི་མིང་གཞིའི་ཡི་གེ་ཡི་སྒྲའི་དྲག་ཞན་དང་རང་འདྲར་འགྱུར་ཏེ། མིང་གཞི་ཕོ་ཡིག་དང་སྦྱོར་ཀློག་གི་སྐབས་སུ་སྒྲ་དང་། མིང་གཞི་མོ་དང་སྦྱོར་ཀློག་གི་སྐབས་སུ་ལྟར་འགྱུར་བའི་བྱེ་བྲག་གི་ཁྱད་པར་ཅུང་ཙམ་ཡོད་ཀྱང་གོ་དོན་དབྱེ་འབྱེད་ཀྱི་ཁྱད་པར་མེད་པས། འབྲོག་སྐད་འདིར་འགོ་ཅན་རྐྱང་བའི་སྐབས་སུ་ཟླ་སྒྲིལ་ཏེ་འགོ་ཅན་ར་སྒྲར་འགྱུར་སྲིད། བླ་བྲང་གི་སྐད་དུ་འགོ་ཅན་གསུམ་སྒྲར་ཟླ་སྒྲིལ་བའི་རྣམ་པ་ཡོད་དེ། དཔེར་ན། རྐོ། སྐམ། རྒོ་བ། ལྟར་སྔོན་འཇུག་ག་དང་དའི་འཕུལ་ཡོད་པ་བཞིན་དུ་འགྱུར་ཡོད། རོང་འབྲོག་གཉིས་ཀྱི་སྐད་ཆའི་སྒྲའི་དྲག་ཞན་གྱི་ཁྱད་པར་མངོན་གསལ་གྱིས་མཐོང་ཐུབ།
1.ཡ་བཏགས་བདུན་ལས་ཀྱ་ཁྱ་གྱ་ནི་ཡུལ་སྐད་འདིར་བཞིན་གསལ་བྱེད་རྐྱང་བའི་སྒྲ་ལྟར་ཀློག་ཏེ། པྱ་ཕྱ་བྱ་མྱ་ནི་ལྟར་སྔོན་འཇུག་ཡོད་པའི་ཚུད་དུ་གསལ་བྱེད་འདུས་མར་ཀློག་པ་ནི་མིང་གཞིའི་མཆུ་སྒྲའི་གསལ་བྱེད་ཡི་གེའི་སྒྲ་འབྱིན་སྟངས་ཀྱི་ཤུགས་རྐྱེན་ཡིན་པར་འདོད། མིང་གཞིས་ཤུགས་རྐྱེན་ལས་སྔོན་འཇུག་གི་སྒྲ་ཐོན་པའི་ཀློག་གདངས་འདི་ལྟ་བུ་ནི་ཡུལ་ལུང་འདིའི་འབྲོག་སྐད་ཀྱི་འགྱུར་སྟངས་ཁྱད་པར་བ་ཞིག་ཆོས་ཡིན་པར་མ་ཟད། རོང་སྐད་དང་རོང་མ་འབྲོག་གི་སྐད་དུ་དེ་ལྟར་འགྱུར་མི་སྲིད་དེ། འདི་ནི་སྒྲ་གདངས་ཀྱི་འཕེལ་བའི་རྣམ་པ་ཞིག་ཀྱང་ཡིན་པར་སྙམ།
2.ར་བཏགས་ཀྱི་སྒྲ་ནི་ཡིག་སྲོལ་དུ་ལྕེ་སྒྲིལ་བའི་རྣམ་པ་ཅན་ཡིན་ཡང་། ཡུལ་སྐད་དུ་ག་དང་ཁ་ལ་ར་བཏགས་པ་གྱ་དང་ཁྱ་རུ་ཀློག་པ། དཔེར་ན། གྲོག་མ་ལ་གྱོག་མ། གྲངས་ཀ་ལ་གྱང་ཀ གྲི་ལ་གྱི། ཁྲ་ཁྲ་ལ་ཁྱ་ཁྱ་ལྟ་བུ། པྲ་བྲ་ནི་གསལ་བྱེད་འདུས་མའི་ཚུལ་དུ་ཀློག་པ་མ་གཏོགས་གཞན་དག་གསལ་བྱེད་རྐྱང་བར་ཀློག
3.ལ་བཏགས་ཀྱི་སྒྲ་གདངས་འགྱུར་བ་ནི་ཡུལ་སྐད་ཁྲོད་དུ་ཅུང་རྙོག་འཛིང་དུ་གྱུར་ཡོད་དེ། འདོགས་ཅན་གྱི་མིང་གཞིའི་ཡི་གེ་སྔོན་གནས་གསལ་བྱེད་ཀྱི་སྒྲར་འགྱུར་བ་དང་། འདོགས་ཅན་རང་ཉིད་མིང་གཞིའི་སྒྲ་རུ་འགྱུར་བ། དཔེར་ན། ཀླ་དང་གླ་ཡི་སྒྲ་ནི་སྔོན་འཇུག་གའི་སྦྱོར་ཀློག་གི་སྒྲ་ཐོན་པ་དང་། རླ་དང་བླ་ནི་སྔོན་འཇུག་བ་སྒྲ་ལྟར་གསལ་བྱེད་མའི་སྒྲར་འགྱུར་བ། ཟླ་ལ་རྫ་དང་སླ་ལ་རྩ་ལྟ་བུར་འགོ་ཅན་ར་ཡོད་པའི་ཚུལ་གྱིས་བརྗོད་པའི་སྣང་ཚུལ་འདི་ནི་བོན་རྒྱ་ཚོ་པའི་འབྲོག་སྐད་འདི་ལྟ་བུའི་འབྲོག་སྐད་མང་པོ་ཞིག་གི་སྒྲའི་འགྱུར་སྟངས་དམིགས་བསལ་ཞིག་ཡིན་པར་སྙམ།
4.ཝ་བཏགས་ཀྱི་སྒྲ་ནི་ད་ལྟའི་བོད་སྐད་དུ་ཡིག་ཀློག་དང་ཡུལ་སྐད་གང་དུའང་སྒྲ་ཕལ་ཆེར་ཉམས་ཚར་འདུག ཨ་མདོའི་འབྲོག་སྐད་ཁྲོད་དུ་སྐབས་ལ་ལར་ཝ་བཏགས་ཅན་གྱི་མིང་ཁ་ཤས་ལ་ཝ་སྒྲ་ཅུང་ཙམ་ཐོན་ཏེ། དཔེར་ན། གྲྭ་བ་ཞེས་པར་མཆུ་སྒོར་སྒོར་གྱིས་ཝ་སྒྲ་ཟུར་ཙམ་ཐོན་པར་བྱས་པ་ལྟ་བུ་རེ་འགའ་ཡོད་ཀྱང་ཤིན་ཏུ་ཉུང་། དེ་བཞིན་ཡིག་སྲོལ་ལ་འདོགས་ཅན་བཞིའི་སྦྱོར་བར་གསལ་བྱེད་གཉིས་འདུས་དང་གསུམ་འདུས། བཞི་འདུས་ཅན་ཡོད་པ་རྣམས་ཡུལ་སྐད་ལ་ཇེ་ཉུང་དུ་གྱུར་ཏེ། གསལ་བྱེད་རྐྱང་བའམ་གཉིས་འདུས་ཅན་ལས་གསུམ་འདུས་ཅན་ཤིན་ཏུ་ཉུང་ལ། བཞི་འདུས་ཅན་ནི་གཞི་ནས་ཐོན་མི་སྲིད། སྒྲའི་འཕེལ་འགྱུར་འདི་ལྟ་བུར་ཆོས་ཉིད་མེད་པ་ཞིག་མིན་ཏེ། འདོགས་ཅན་གྱི་ཡི་གེ་རྣམས་མིང་གཞི་དང་སྦྱར་དུས་འདྲེས་སྦྱོར་གྱི་རྣམ་པས་སྣང་ཚུལ་འདི་ལྟ་བུ་ཐོན་པར་འདོད། །