སྤྱོད་ལམ་དང་ཁྲིམས་ལུགས་།
བློ་བཟང་ཕུན་ཚོགས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-02
གཞུང་ལུགས་ཆེན་པོར་ཞུགས་པའི་སྐྱེས་བུའི་དག་གིས་མི་དང་དུད་འགྲོའི་ཁྱད་པར་འབྱེད་བྱེད་གཙོ་བོ་ནི་སྤྱོད་ལམ་དང་། ཀླ་ཀློ་དང་ཤེས་རིག་གི་དབྱེ་མཚམས་གཅོད་བྱེད་གཙོ་བོ་ནི་སྒྲིག་ཁྲིམས་ཡིན་ཞེས་གསུངས་ཡོད། ང་ཚོ་བོད་མིའི་གཏམ་དཔེར། མི་ལ་ངོ་ཚ་མེད་ན་ཁྱི་དང་འདྲ། ཁྱི་ལ་ཞེ་ཁྲེལ་མེད་ན་འདྲེ་དང་མཚུངས་ཟེར། གཞན་ཡང་ཀུན་དང་མཐུན་པ་མི་ཆོས་རྩ་བ་ཡིན་ཞེས་མ་ཎི་བཞིན་རྟག་ཏུ་ཟློ་བ་ལ་རྒྱུ་མཚན་ངེས་ཅན་ལྡན།
སྤྱོད་ལམ་ནི་མིའི་ནང་སེམས་ཀྱི་ཐོས་བསམ་སྒོམ་གསུམ་དང་ཕྱིའི་བྱ་སྤྱོད་ཀྱི་འགྲོ་འདུག་ཉལ་འཆག་གི་བསྡུས་མིང་ཡིན་ཞིང་དེས་མི་ཞིག་གི་མི་གཤིས་མཚོན་པ་དང་། ཁྲིམས་ལུགས་ཀྱི་ངོ་བོ་ནི་སྤྱི་ཚོགས་ཀྱི་འབྲེལ་བ་དང་སྒྲིག་གཞི་ཅན་དུ་འགྱུར་བའི་ཐབས་དང་ལག་ལེན་ལ་གོ་ཞིང་དེས་ཀུན་སྤྱོད་ཀྱི་རེ་བ་དམའ་ཤོས་དེའང་མཚོན་པ་ཡིན། ཧྥ་རན་སེའི་འཆར་ཡན་རིང་ལུགས་ཀྱི་རྩོམ་པ་པོ་ཧིའོ་ཀོའོ་ཡིས་ཀུན་སྤྱོད་ནི་བདེན་པའི་མེ་ཏོག་རེད་ཟེར། དེ་ན་ཁྲིམས་ལུགས་ནི་མེ་ཏོག་དེ་སྐྱོང་བའི་བདུད་རྩིའི་ཆབ་རྒྱུན་དེ་མིན་ནམ།
མཐོ་འབྲིང་མཐར་ཕྱིན་རྗེས་ང་རང་རྒྱ་ནང་དུ་སློབ་གཉེར་ལ་ཕྱིན། དེ་དུས་ཕ་ཡུལ་དུ་ང་དང་འགྲོགས་འདྲིས་ཡོད་པའི་ན་མཉམ་གྱི་བུ་མོ་སོས་ཀའི་མེ་ཏོག་འདྲ་བ་ཞིག་མནའ་མར་བྱིན་པའི་སྐོར་ཐོས་བྱུང་། ལོ་ངོ་བཞིའི་རྗེས་སུ་ང་རང་སླར་ཡང་ཕྱིར་ཕ་ཡུལ་དུ་འབྱོར་སྐབས་བུ་མོ་དེ་མི་རིང་བའི་སྔོན་དུ་འཇིག་རྟེན་འདི་དང་གྱེས་ཟིན། རྒྱུ་མཚན་ནི་ལོ་ངོ་བཞིའི་དུས་ཡུན་དུ་མོ་རང་སྔ་ཕྱིར་ཁྱིམ་ཚང་གཉིས་ཀྱི་མནའ་མར་བརྫངས་ཏེ་བྱིས་པ་གཉིས་བཙས་ཤིང་། ཁྱིམ་ཚང་དེ་གཉིས་སུ་མནར་གཅོད་ཚད་མེད་ཕོག་པས་མཐར་རང་ཡུལ་གྱི་ཕ་མའི་འཁྲིས་སུ་ལོག་སྟེ་ལོ་ཕྱེད་ཙམ་ཡང་མ་འགོར་བར་ཅི་ཡིན་ཆ་མི་འཚལ་བའི་ནད་ཞིག་ཕོག་པས་རེད།
ཡུལ་མི་ཚོས་རྒྱུན་ལྡན་བཞིན་ལས་ངན་མ་ཞེས་ཆིག་ལབ་རྒྱག་ཞོར་མ་ཎི་རེ་འདོན་པ་ལས་དེ་བཏང་སྙོམས་སུ་འཇོག །འོན་ཀྱང་སྐབས་དེར་ངའི་སྙིང་ཆུང་ནི་ཚལ་བུར་གཤགས་སོང་ལ་ལན་གདབ་མཁན་མེད་པའི་དྲི་བ་མང་པོས་ཡིད་ཁམས་དཀྲུགས་བྱུང་། གལ་ཏེ་མོ་རང་མནའ་མ་ལ་བྱིན་མ་ཐག་གཉེན་སྒྲིག་ལག་ཁྱེར་བླངས་པ་དང་བཟའ་ཚང་ཁ་བྲལ་དུ་ཕྱིན་རྗེས་ཁྲིམས་ཁང་དུ་གཏུགས་ཡོད་ན། རང་སྐལ་གྱི་རྒྱུ་ནོར་ཐོབ་སྟེ་བྱིས་པ་ཞིག་གཉོར་སྐྱོང་བྱེད་ཞོར་འཚོ་བ་བག་ཕེབས་ཤིག་ལ་རོལ་མེད་དམ། གལ་ཏེ་མོ་རང་ལ་མནར་གཅོད་ཕོག་སྐབས་དམངས་དོན་འདུམ་སྒྲིག་པ་རེ་བསླེབ་ཡོད་ཚེ་ཉིན་རྒྱུན་སྡུག་གིས་མནར་བ་ལས་གྲོལ་ཏེ་དྲོ་སྐྱིད་ཉི་མའི་འོད་ཉག་རེ་ལ་མྱོང་སྐལ་བྱུང་མེད་དམ། གལ་ཏེ་མོ་དང་མོའི་ཁྱིམ་མིས་ཁྲིམས་ལུགས་ཀྱི་གོ་ཆ་སྤྲས་ཡོད་ཚེ། ཐབས་སྡུག་པའི་ལས་དབང་དེ་ལའང་འགྱུར་བ་རེ་གཏང་ཐུབ་མེད་དམ།
ཏག་ཏག་སྐབས་འདི་རུ་ངས་ཉིན་འགའི་སྔོན་དྲ་བའི་ངོས་ན་ཁྱབ་ཀྱིན་པའི་བརྙན་ཐུང་ཞིག་དྲན་བྱུང་། ཡུལ་དངོས་ནས་བླངས་པའི་བརྙན་ཐུང་དེར་བོད་པའི་གསར་བུ་སྟག་འདྲ་བ་ཞིག་གིས་ཁྲོམ་དཀྱིལ་དུ་རང་གི་དགའ་རོགས་ལ་གཅར་རྡུང་དྲག་པོ་བྱེད་བཞིན་འདུག །རྐང་པས་མོའི་གདོང་དང་མགོ་བོ་རྫི་བ་དང་། ལུས་པོའི་གནས་ངེས་མེད་དུ་ཤུགས་ཀྱིས་བསྣུན་པས་བུད་མེད་དེས་ཟུག་རྔུས་མ་བཟོད་པར་ཆོ་ངེ་ལྷང་ལྷང་དུ་སྒྲོག་པར་བྱེད། རྒྱུ་མཚན་གང་ཡིན་ལ་མི་ལྟ་བར་གཞན་ལ་དེ་འདྲའི་གཅར་རྡུང་དྲག་པོ་བྱེད་པ་ནི་ཀུན་སྤྱོད་དང་འགལ་བས་ཁྲིམས་ཀྱིས་དེ་རང་དགར་འཇོག་མི་སྲིད། གལ་ཏེ་བརྙན་ལེན་མཁན་དེ་བརྙན་ལེན་རྒྱུ་ཁོ་ནར་མ་གཡེང་པར་རང་དཔེ་གཞན་འགེབས་ཀྱིས་འབྲེལ་ཡོད་ཉེན་རྟོག་པར་སྙན་སེང་ཞུས་ཡོད་ཚེ། ནད་ཡམས་དེ་ལྟ་བུ་ཞིག་དྲ་ཐོག་ཏུ་ཁྱབ་དོན་མེད། གལ་ཏེ་བོད་པའི་སྤྱི་ཚོགས་སུ་ཁྲིམས་ལུགས་ཀྱི་འདུ་ཤེས་ཟམ་མོ་རེ་ཡོད་ཚེ། དྲག་རྩུབ་མིན་པར་ཐབས་དང་ཤེས་རབ་ཀྱིས་གནད་དོན་མང་པོ་ཞིག་སེལ་ཐུབ་ཨང་།
ན་ནིང་དབྱར་ཁར་གྲོང་ཚོའི་ལས་ཀ་པ་ཁྱུ་གཅིག་ཨར་པོའི་ལས་གྲྭ་ཆེན་པོ་ཞིག་གི་སྦྱིན་བདག་གི་རྗེས་འབྲངས་ཏེ་མངའ་རིས་སུ་ཨར་པོ་རྒྱག་པར་ཕྱིན་པ་རེད། ཉིན་རེར་སྒོར་མོ་བརྒྱའི་གླ་ཕོགས་སྟེར་བའི་ཁ་དན་བཞག་སྟེ་ཟླ་ངོ་གསུམ་རིང་ལ་གླ་ཁྲལ་རྒྱུགས་མཐར། ལས་ཀ་པ་དེ་དག་ཕྱིར་ཡུལ་དུ་ལོག་སྐབས་སྦྱིན་བདག་དེས་ལས་གྲྭའི་མ་དངུལ་གོང་རིམ་ནས་མི་སྤྲོད་པར་ཁ་གཡར་ཏེ་གླ་ཕོགས་སྤྲད་རྒྱུའི་དུས་ཚོད་ནར་འགྱངས་བགྱིས་ཏེ་ལས་ཀ་པ་རྣམས་ལ་གླ་ཕོགས་དུས་ལྟར་སྤྲོད་ཐུབ་མེད་པ་དང་ཁ་ཤས་ལ་ཉུང་ངུ་ཙམ་ལས་སྤྲད་མེད། མཇུག་མཐར་སྦྱིན་བདག་དེ་རྒྱ་ཁབ་ས་ལ་ཟགས་པ་བཞིན་རྒྱ་ནག་ཏུ་བྲོས་ཏེ་གར་སོང་ཆ་མེད་དུ་གྱུར་བས། འུ་ཐུག་ཐབས་ཟད་དུ་གྱུར་བའི་ལས་ཀ་པ་ཚོས་ཁོ་པ་ཁྲིམས་ཁང་ལ་གཏུགས་དགོས་བྱུང་། འོན་ཀྱང་ཁྲིམས་ཁང་ནས་ཐག་གཅོད་ཡག་པོ་བྱེད་ཐུབ་མེད་པ་དང་མཇུག་མཐར་གྱོང་གུད་ཚབས་ཆེན་ཕོག་པ་རེད། རྒྱུ་མཚན་ནི་ལས་ཀ་པ་དེ་དག་གིས་ཐོག་མ་ནས་སྦྱིན་བདག་དེ་དང་ཁ་དན་ཙམ་བཞག་པ་ལས་ཁྲིམས་ཀྱིས་འགན་སྲུང་ནུས་པའི་ཡིག་ཐོག་གི་གན་ཆིངས་རིགས་གང་ཡང་བཞག་མེད་པས་ཁྲིམས་ཀྱི་མདུན་སར་བདེན་དཔང་འཐོབ་ཐུབ་མེད་པས་རེད།
དཔལ་འབྱོར་གྱི་རླབས་རྒྱུན་ཉིན་རེ་ལས་ཉིན་རེར་ཇེ་དྲག་ཏུ་འགྲོ་བཞིན་པའི་དེང་གི་སྤྱི་ཚོགས་སུ། ཁེ་ཕན་གྱི་དོན་དུ་ཀུན་སྤྱོད་དང་མི་གཤིས་རྡོག་རོལ་དུ་གཏོང་བའི་སྣང་ཚུལ་ཚབས་ཆེན་གཅིག་རྗེས་གཉིས་མཐུད་དུ་ཀུན་གྱིས་མཐོང་ཐོས་དྲན་རེག་ཏུ་གྱུར་དང་འགྱུར་བཞིན་ཡོད་པས་ན། དེ་ལ་ཁ་གཏད་གཅག་རྒྱུའི་ཐབས་ཡག་ཤོས་ནི་ཁྲིམས་ལུགས་ཀྱི་ལག་ཆ་ལག་ཏུ་འཛིན་རྒྱུ་ལས་གཞན་མི་འདུག །
བོད་ཀྱི་ས་ཆ་མང་པོར་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་འབེལ་ཙམ་ཡོད་རྐྱེན་བོད་མི་མང་པོའི་འཚོ་ཐབས་ཀྱི་ལས་དབང་རང་བྱུང་ཁམས་ཁོ་ནར་བཅོལ་ཞིང་། ན་གཞོན་མང་པོ་སློབ་གྲྭར་མི་འགྲིམ་པར་འདུ་འཛིའི་ལས་ཁོ་ནར་གཡེང་བཞིན་འདུག །ཆང་བཏུང་རྒྱན་འཇོག་དང་དྲ་རྒྱའི་རོལ་རྩེད་ཁོ་ན་ལ་འཇུག་བཞིན་རྒྱུན་དུ་ཕྱོགས་ངེས་མེད་སྨད་འཚོང་མ་དང་ལུས་འབྲེལ་བྱས་ཏེ་རྩ་བའི་ཀུན་སྤྱོད་ཕར་ཞོག །ཐ་ན་རང་སྲུང་གི་གོ་རྟོགས་ཀྱང་གཞི་ནས་བརླག་སྟེ་སྲུང་ཤུབས་མི་གྱོན་པར་འདོད་པ་གང་འདོད་དུ་སྤྱད་པས། བོད་པའི་གཞོན་སྐྱེས་ཚོའི་ཁྲོད་བཅོས་ཐབས་མེད་པའི་ནད་འགོས་ཡོད་པའང་ཉུང་ངུ་མ་རེད་ཅེས་ཨེ་འགོག་དང་བླངས་པའི་ཁ་ནས་གོ་མྱོང་།
གལ་ཏེ་གསར་བུ་དེ་དག་ལ་སློབ་གྲྭར་འགྲིམ་པའི་གོ་རྟོགས་རེ་དང་ཀུན་སྤྱོད་ཀྱིས་བསླངས་པའི་ཞེ་ཁྲེལ་རེ་ཡོད་ན། ཡང་ན་མ་མཐའ་ཡང་རང་སྲུང་གི་རྒྱུན་ཤེས་ཙམ་ཡོད་ཚེ་འུར་ཟིང་ཤིན་ཏུ་ཆེ་བའི་སྤྱི་ཚོགས་འདིའི་བྲན་གཡོག་འཁོས་མེད་ཅིག་ཏུ་གྱུར་མེད་པའི་ཐེ་ཚོམ་བྲལ་ལོ། །
བོད་ཀྱི་ཁྲིམས་རྩོད་པའི་ལས་ཤག་ཅིག་ན་ལས་ཀ་སྒྲུབ་ཀྱིན་པའི་བོད་མོ་ཞིག་གིས་འཁང་ར་དང་བཅས། “གྱོད་དོན་རྩད་གཅོད་སྐབས་རྒྱུས་ལོན་པ་ལྟར་ན། རྒྱུན་དུ་ཁ་ནས་སངས་རྒྱས་དང་དཀོན་མཆོག་ཅེས་མ་ཎི་འདྲེན་པ་ལྟར་གྱི་མནའ་སྐྱེལ་མཁན་དག་གིས་མི་གསོད་རྟ་ཁྱེར་གྱི་སྦྱོར་བ་མི་རྩོམ་པའི་ངེས་པ་ཁྱོན་ནས་མི་འདུག་”ཟེར། ཆོས་ལུགས་ནི་སྨན་དང་དེའི་གཞུང་ལུགས་ལུགས་ནི་གསེར་འདྲ་བོ་ཞིག་ཡིན་པར་ཐེ་ཚོམ་མེད། དེ་བས། ང་ཚོས་རང་མགོ་རང་གིས་མི་གཡོག་པར་བདག་ཉིད་བདག་གི་མགོན་དུ་འགྱུར་བར་བརྩོན་ནས། ཡང་ན་ཀུན་སྤྱོད་དང་ཁྲིམས་ལུགས་སོགས་ཀྱི་རྒྱུན་ཤེས་ཕྱོགས་ནས་གོ་རྟོགས་ཅུང་ཙམ་མཐོ་རུ་གཏང་བར་བརྩོན་ཚེ། ད་གཟོད་ང་ཚོས་ཁ་ཡོད་ལག་ཡོད་ཀྱིས་དུས་རབས་འདིའི་རྗེས་ཟིན་ནུས་ཤིང་། མི་རིགས་འདིའི་སྤོབས་པ་དགུང་ལ་གདེག་ནུས་པའི་དུས་རབས་ཀྱི་ཤུལ་འཛིན་པ་ཞིག་ཀྱང་བྱེད་ནུས་སོ། །