༄༅།། ཨ་སྟག་ལྷ་མོ་དང་འབྲེལ་བའི་དད་མོས་དང་ངག་རྒྱུན་ཤུལ་རྟེན་ལ་དཔྱད་པ།
བསོད་རྒྱལ་འབུམ། རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། 12-09
བསོད་རྒྱལ་འབུམ།
[ནང་དོན་གནད་བསྡུས།]དཔྱད་རྩོམ་འདིར་གླིང་སྒྲུང་ལས་བསྟན་པའི་ཨ་སྟག་ལྷ་མོའི་སྐྱེ་ཁུངས་དང་མིང་གི་རྣམ་གྲངས། ཨ་སྟག་ལྷ་མོ་དང་འབྲེལ་བའི་དད་མོས། ཨ་སྟག་ལྷ་མོའི་ཤུལ་རྟེན་བཅས་ལ་དཔྱད་བརྗོད་དང་སྦྲགས་ཨ་སྟག་ལྷ་མོ་དང་འབྲེལ་བའི་རྒྱལ་སྒྲུང་《ཨ་སྟག་ཤར་རྫོང་》དང་། ཆོས་སྒྲུང་《ཨ་སྟག་ཀླུ་མོ་》 《ཨ་སྟག་ལྷ་མོའི་གསང་རྣམ་》 《དམྱལ་གླིང་མུན་པ་རང་གསལ་》བཅས་ཀྱི་དཔར་གཞི་ཁག་ངོ་སྤྲོད་དང་སྦྲགས་དེ་དག་སོ་སོའི་ནང་དོན་རགས་བཤད་བགྱིས་ཡོད།
[བརྡ་ཆད་གཙོ་བོ།]དད་མོས། ཨ་སྟག་ལྷ་མོ། ཤུལ་རྟེན། སྒྲུང་།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] 129.7 [ཡིག་ཚང་མཚོན་བྱང་།]A [རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X(2018)01 -102-15
དང་པོ། ཨ་སྟག་ལྷ་མོ་དང་འབྲེལ་བའི་དད་མོས་བཤད་པ།
གཅིག གླིང་སྒྲུང་ལས་བསྟན་པའི་ཨ་སྟག་ལྷ་མོའི་སྐྱེ་ཁུངས་དང་མིང་གི་རྣམ་གྲངས།
ཨ་སྟག་ལྷ་མོ་ནི་གླིང་གི་དཔའ་རྟུལ་སུམ་ཅུའི་གྲས་ཀྱི་བུད་མེད་གཅིག་པུ་དེ་ཡིན་ལ། གླིང་རྗེ་གེ་སར་ལ་ཇ་མ་མིང་ཅན་བཅོ་བརྒྱད་ཡོད་པའི་ཁྲོད་ཀྱི་གེ་སར་རྒྱལ་པོར་བློ་དཀར་སེམས་དཀར་གྱིས་ཞབས་ཞུ་སྒྲུབ་མཁན་དང་། གླིང་གི་བྱང་སྒོ་སྲུང་མཁན། ཨ་སྟག་ཤ་རྫོང་སོགས་རྫོང་ཆེན་མང་པོ་འབེབས་མཁན་བཅས། གཡུལ་འཁྲུག་སོ་སོའི་ནང་རྟིང་མ་མང་པོ་ལེན་མྱོང་བའི་དཔའ་མོ་ཞིག་ཡིན། སྒྲུང་དཔེ་ལྟར་ན། ཨ་སྟག་ལྷ་མོ་ནི་བྱང་ཨ་ཆེན་ཀུ་ཤ་ལུང་དུ་བཙས་པས་མིང་གི་འགོ་ལ་ཨ་དང་། བྱང་རི་བཙན་སྟག་མོ་འགྱིང་ཡག་གི་འགྲམ་དུ་སྐྱེས་པས་སྟག མཛེས་སྡུག་ཀླུ་ཡི་བུ་མོ་ཞིག་དང་གཉིས་སུ་མེད་པས་ཀླུ་མོ། བགེགས་འདུལ་ཀུ་ཤའི་རྩྭ་ཕོན་ལས་མཚར་སྡུག་བཞད་པས་རྩྭ་ཀུ་ཤ་བཅས། གང་ལྟར་རྩྭ་ཀུ་ཤའི་ཨ་སྟག་ཀླུ་མོའམ་བྱང་སྡེ་ཁ་ཡན་ཚོ་དྲུག་ལ་ཞུགས་པས། བྱང་ཨ་སྟག་འཁྱིལ་བའི་ཀླུ་མོ་ཞེས་མིང་གི་ཅོད་པན་གསོལ་བར་གྲགས། གཞན་ཡང་། སྒྲུང་དཔེ་དུ་མའི་ནང་དུ་ཨ་སྟག་ལྷ་མོ་དང་། ཨ་སྟག་ཀླུ་མོ། བྱང་བྱེ་རིའི་ཨ་སྟག་ལྷ་མོ། བྱང་རི་ཤུའི་ཨ་སྟག་ལྷ་མོ། དཔའ་ཨ་སྟག་འཁྱིལ་བའི་ཀླུ་མོ། བདུད་ཀྱི་བུ་མོ། ཀླུ་བཙན་གྱི་སྲིང་མོ། བདུད་ཡུལ་གྱི་སྒོ་སྲུང་། བདུད་མོ་ཨ་སྟག དཔའ་མོའི་དྭངས་རྩེ། གླིང་གི་ཕྱི་བློན། གེ་སར་གྱི་ཇ་མ། རྩྭ་ཀུ་ཤའི་ཚལ་གྱི་མེ་ཏོག་དཀར་མོ་སོགས་ཀྱི་མིང་བཏགས་ཡོད་ལ། དེའི་སྐྱེ་ཁུངས་ནི་རྩྭ་ཀུ་ཤ་ལས་སྐྱེས་པས་རྫུས་སྐྱེས་ཡིན་ཞིང་། བྱང་རི་ཤུ་རྒན་པོས་རྙེད་ནས་གསོ་སྐྱོང་བྱས་རྗེས། སྨོན་ལམ་གྱི་དབང་གིས་གེ་སར་དང་ཕྲད་ཅིང་འཕྲིན་ལས་ཀྱི་ཕོ་ཉའམ་སྡོང་གྲོགས་སུ་གྱུར་བར་བཤད། མགོ་ལོག་ཁུལ་གྱི་གསང་རུ་མ་ཞེས་པའི་ཡུལ་གྱི་སྐྱེས་བུའི་ངག་རྒྱུན་དུ། ཕ་ཡབ་སེང་ཆེན་རྒྱལ་པོ། མ་ཡུམ་ཨ་སྟག་ཀླུ་མོ། སྲས་མཆོག་ཁ་བ་སྟག་རྩེ་ཞེས་ཡུལ་དེ་ན་ཡོད་པའི་གཞི་བདག་མཐུ་རྩལ་ཅན་ཁང་ལུང་ཁ་བ་སྟག་རྩེ་ཞེས་པ་དེ་ནི་གེ་སར་དང་ཨ་སྟག་ལྷ་མོ་གཉིས་ཀྱི་བུ་ཡིན་པའི་ཤོད་སྲོལ་ཡོད། བཤད་རྒྱུན་དེ་དང་འདྲ་བ་ཞིག་མཚོ་སྔོན་མགོ་ལོག་གི་གྲགས་ཅན་གཏེར་སྒྲུང་བ་གུ་རུ་རྒྱལ་མཚན་གྱི་སྒྲུང་ལས་ཀྱང་། གླིང་གེ་སར་དང་ཨ་སྟག་ལྷ་མོ་གཉིས་ལ་བུ་ཨ་སྟག་རྩེ་རྒོད་ཅེས་པ་ཞིག་ཡོད་ཅེས་འཁོད་འདུག གླིང་གི་དཔའ་རྟུལ་སུམ་ཅུར་དད་མོས་ཡོད་པའི་དམངས་ཁྲོད་ཀྱི་ཆོས་ལུགས་པ་ཆོའི་བརྗོད་ཚུལ་ལྟར་ན། ཨ་སྟག་ལྷ་མོ་ལ་གསང་བའི་རྣམ་ཐར་དང་ཐུན་མོང་གི་རྣམ་ཐར་ཡོད་དེ། སྒྲུང་དཔེ་ཐུན་མོང་བ་ལྟར་ན། ཁོང་ནི་གླིང་གི་དཔའ་རྟུལ་སུམ་ཅུའི་ཁྲོད་ཀྱི་བུད་མེད་གཅིག་པུ་དེ་དང་བོད་ཀྱི་དཔའ་མོའི་དཔེ་མཆོན་གྱི་ཚབ་བྱེད་སྣང་བརྙན་ཁྱད་པར་བ་ཞིག་ཡིན་ལ། གེ་སར་རྒྱལ་པོས་ཕྱོགས་བཞིའི་དགྲ་བཞི་བཏུལ་ཞིང་། རྫོང་ཕྲན་བཅོ་བརྒྱད་ཆམ་ལ་འབེབས་པའི་སྐབས་སུ་འཕྲིན་ལས་ཀྱི་གྲོགས་སུ་གྱུར་བའི་མོ་སྨན་ཇ་མ་ཐབ་ཆེན་བཅོ་བརྒྱད་ཡོད་པ་ལས། བཙུན་མོ་ཁྲོམ་ཤོག་མེ་བཟའ་འབུམ་སྐྱིད་དང་སྐྱ་ལོའི་སེང་ལྕམ་འབྲུག་མོ་གཉིས་གཙོ་བོ་ཡིན་པའི་ཐོག ཨ་སྟག་ལྷ་མོ་ནི་དབང་དྲག་འཕྲིན་ལས་ཀྱི་རྩ་བའི་གྲོགས་གཅིག་གམ་མཁའ་འགྲོ་སེང་ཧཱ་མུ་ཁ་དང་དཔལ་ལྡན་འདོད་ཁམས་བདག་མོ་ཟུང་དུ་འཇུག་པའི་རོལ་གར་གྱི་མཁའ་འགྲོ་མ་དེ་ཉིད་ཀྱི་གསང་ཡུམ་ཡིན་པར་གྲགས། གཞན་ཡང་《བདུད་གླིང་གཡུལ་འགྱེད་》ལྟར་ན། བདུད་ཀླུ་བཙན་རྒྱལ་པོ་འདུལ་སྐབས། ཨ་སྟག་ལྷ་མོས་གེ་སར་ལ་རྒྱབ་སྐྱོར་དང་ལམ་སྟོན་བཟང་པོ་བྱས་པས། ནག་པོའི་བདུད་བཏུལ་རྗེས། དཔོན་ལ་ཨ་སྟག་ལྷ་མོ་བསྐོས་ཡོད།
གཉིས། ཨ་སྟག་ལྷ་མོའི་དད་མོས་བཤད་པ།
སྤྱིར་བོད་ཡོངས་དང་ནང་སྒོས་སུ་མགོ་ལོག་ས་ཁུལ་ལ་ཆ་མཚོན་ན། གེ་སར་ལྷ་རུ་བཀུར་ཏེ་ཕྱག་དང་མཆོད་པ་བྱེད་པའི་གེ་སར་དད་མོས་ཀྱི་རྨང་གཞི་སྟུག་ཅིང་། བོད་ཀྱི་སྲིད་པའི་ལྷ་ཆེན་དགུའི་ཡ་གྱལ་ཨ་མྱེས་རྨ་ཆེན་ནི་མགོ་ལོག་གིས་གཙོ་བྱས་པའི་མདོ་སྨད་ཡུལ་གྱི་བླ་རི་གཙོ་བོ་ཡིན་ལ། གེ་སར་རྒྱལ་པོའི་བླ་རི་ཡང་ཡིན་པས། དམངས་ཁྲོད་དུ་ཨ་མྱེས་རྨ་ཆེན་དང་གེ་སར་རྒྱལ་པོ་བཅས་དང་འབྲེལ་བའི་བསང་མཆོད་དང་། ཟློས་འཆམ། རྟ་རྒྱུགས། མོ་འདེབས། པྲ་ཕབ་པ། གཏེར་རྫས་ལེན་པ། དཔལ་མཁར་བརྩིགས་པ་སོགས། ལོ་རྒྱུས་ཡུན་རིང་ལྡན་པའི་ཆོས་ལུགས་ཀྱི་བྱེད་སྒོ་མང་པོ་ཡོད་པ་མ་ཟད། ནང་དོན་ཡང་ཕུན་སུམ་ཚོགས་པོ་ཡོད། གེ་སར་རིག་གནས་དར་ཁྱབ་ཧ་ཅང་ཆེ་བའི་མགོ་ལོག་དང་ཡུལ་ཤུལ་སོགས་ལ་ཆ་མཚོན་ན། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དད་མོས་འདུ་ཤེས་ཀྱི་རྨང་གཞིའི་སྟེང་། ད་དུང་མི་དང་ལྷ་གཉིས་མཉམ་དུ་བསྲེས་པའི་རུས་བླའི་དད་མོས་ཀྱི་ཁྱད་ཆོས་ཀྱང་ལྡན་ཡོད། དེ་ཡང་དད་འདུན་གྱི་དགོས་མཁོ་ལྟར། གེ་སར་རྒྱལ་པོ་ཡང་འཇིག་རྟེན་སྟེང་གི་ལྷ་མང་པོ་ཞིག་གི་ངོ་བོར་གྱུར་ཏེ། དགྲ་ལྷ་དང་། ནོར་ལྷ། ཚེ་ལྷ། སྨན་ལྷ་སོགས་ངོ་བོ་གཅིག་འདུས་ཀྱི་ལྷ་ཆེན་མཐུ་བོ་ཆེ་རུ་བཀུར་བཞིན་ཡོད་ལ། ནམ་རྒྱུན་འཚོ་བའི་ཆོས་ལུགས་མཆོད་པའི་ཁྲོད་ཀྱི་ལྷ་གཙོ་བོའི་གྲས་སུའང་བཞག་ཡོད། དེས་ན་གེ་སར་རྒྱལ་པོ་མི་ནས་ལྷ་དང་། ལྷ་ནས་ལྷ་མང་པོ་དང་དགྲ་ལྷ་ཝེར་མ། ཆོས་སྐྱོང་སྲུང་མ་གཅིག་འདུས་ཀྱི་ངོ་བོར་གྲུབ་པའི་འགྱུར་བ་འདིས། གེ་སར་རིག་གནས་ཀྱི་ནང་དོན་དང་རྣམ་པ་སོགས་ཕུན་སུམ་ཇེ་ཚོགས་དང་གྲ་རྒྱས་སུ་འགྲོ་བར་མཐུན་རྐྱེན་ངེས་ཅན་བསྐྲུན་ཡོད། དེ་བཞིན་རྙིང་མའི་སྒྲུང་པ་དང་ལྷག་པར་དུ་ཆོས་པ་དག་གི་བཤད་རྒྱུན་ལ། གླིང་བླ་མ་ཆོས་ཀྱི་རྡོ་རྗེ་ཡིས་ཨ་སྟག་ལྷ་མོའི་ཞལ་དངོས་སུ་གཟིགས་པ་དང་། རྙིང་མའི་གེ་སར་གྱི་ཆོས་སྐོར་མང་པོ་ལས་སྤྲུལ་གཞི་དཔལ་ལྡན་ལྷ་མོ་དང་ཁྲོ་མོ་སེང་གེའི་གདོང་ཅན། དམག་ཟོར་རྒྱལ་མོ་སོགས་སུ་ངོས་འཛིན་པ་མ་ཟད། སྒྲུབ་ཐབས་མང་པོར་དཀྱིལ་འཁོར་གྱི་ནང་རིམ་དུ་བཀོད་དེ་ལྡོང་རིགས་ཀྱི་མཚུན་ལྷའི་གྲས་སུའང་འཇོག་པར་བཤད། སྒྲུང་དཔེ་《ཨ་སྟག་ལྷ་མོའི་གསང་རྣམ་》ལས། “ང་འདྲ་ང་ངོ་མ་ཤེས་ན། །ཨ་སྟག་རྡོ་རྗེ་ཕག་མོ་སྟེ། །གེ་སར་སྐྱེས་པའི་གཏན་གྲོགས་དང་། །ཤ་བཟའ་མཁའ་འགྲོའི་གཙོ་མོ་ཡིན། །”①ཞེས་དང་། 《སྒྲུང་དཔེ་ཨ་སྟག་ཀླུ་མོ་》ལས། “མ་མཁའ་འགྲོ་རྣམ་ལྔའི་སྤྲུལ་བ། བདུད་སྨོན་ལོག་འདུལ་བའི་དཔའ་མོ། བྱང་རི་ཤུའི་གསང་གྲོགས། དཔའ་ཨ་སྟག་འཁྱིལ་བའི་ཀླུ་མོ་དེས་”②ཞེས་བྱུང་བ་དག་ལ་བལྟས་ན། ཨ་སྟག་ལྷ་མོ་དང་། དཔལ་ལྡན་ལྷ་མོ་རྡོ་རྗེ་འཕགས་མོ། མ་གཅིག་དམག་གི་རྒྱལ་མོ་སོགས་སྤྲུལ་གཞི་གཅིག་གི་སྟེང་དུ་འབབ་པ་གསལ་པོར་ཤེས་ཐུབ་པ་མ་ཟད། མཁའ་འགྲོ་སྡེ་ལྔ་སྟེ། ཤར་རྡོ་རྗེ་མཁའ་འགྲོ་དང་། ལྷོ་རིན་ཆེན་མཁའ་འགྲོ། ནུབ་པདྨ་མཁའ་འགྲོ། བྱང་ལས་ཀྱི་མཁའ་འགྲོ། དབུས་སངས་རྒྱས་མཁའ་འགྲོ་བཅས་ཀྱི་སྤྲུལ་པ་ཡིན་པའང་ཧ་ཅང་གསལ་པོ་ཡིན། དེ་བཞིན་《དམ་ཅན་བསྟན་སྲུང་གི་རྣམ་ཐར་》དུ་དཔལ་ལྡན་ལྷ་མོའི་སྤྲུལ་གཞིའི་མཚན་གྱི་རྣམ་གྲངས་བརྗོད་སྐབས། “དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་གཅིག རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་། རྡོ་རྗེ་ཕག་མོ་དང་། གསང་བའི་ཡེ་ཤེས་དང་། རྗེ་བཙུན་སྒྲོལ་མ་དང་། དབྱངས་ཅན་མ་ལ་སོགས་ཏེ་དཀྱིལ་འཁོར་རྒྱ་མཚོ་སྤྲོ་དང་སྡུད་པའི་བྱེད་པོ་དམ་པར་གྱུར་པ་དཔལ་ལྡན་ལྷ་མོ་སྔགས་ཀྱི་སྲུང་མ་ཨེ་ཀ་ཛ་ཊི་དབྱིངས་ཀྱི་ཡུམ་ཆེན་ཞེས་ཡེ་ཤེས་ཀྱི་མ་མོའི་ཆ་དང་། འདོད་ཁམས་དབང་ཕྱུག་དུད་སོལ་མ་དང་།་་་་་་མ་མོ་སྲིད་པའི་རྒྱལ་མོ་་་་་་མ་གཅིག་དམག་གི་རྒྱལ་མོ་རེ་མ་ཏི་དང་།......མིང་བརྒྱ་མཚན་སྟོང་དུ་གྲགས་པ་སྲིད་གསུམ་གྱི་བདག་མོར་གྱུར་པ་འདི་ནི་་་་་་་”③ཞེས་བྱུང་བ་དང་། སྟོན་པ་བཅོམ་ལྡན་འདས་ཀྱི་《བཀའ་ཚད་མ་འཕགས་པ་སྤྲིན་ཆེན་པོའི་མདོ་》ལ་སོགས་པ་ལས་ལུང་གིས་ཟིན་ཡོད་པར་ཡང་འདོད། དེ་མིན་ཨ་སྟག་ལྷ་མོས་མཐོང་སྣང་མི་འདྲ་བའི་སྒོ་ནས་བསྟན་འཛིན་གྱི་སྐྱེས་བུ་མང་པོར་ཞལ་བསྟན་ནས་འཕྲིན་ལས་རྣམ་བཞིའི་སྡོང་གྲོགས་བྱས་པའི་ལོ་རྒྱུས་ཀྱང་《སྐྱབས་རྗེ་བླ་མ་རིག་འཛིན་ཉི་མའི་གཏེར་འབུམ་མཐོང་བ་རང་གྲོལ་བཞུགས་སོ་》ཞེས་པའི་གཏེར་འབུམ་ཁྲོད་ཀྱི་ཁག་(ཨ་༤)བཞི་པ། གེ་སར་སྒྲུབ་སྐོར་ན་《ཨ་སྟག་ཀླུ་མོའི་གསོལ་བསྡུས་བཞུགས་》ཞེས་བྱུང་བའི་ནང་། “སྟོང་ཉིད་དབྱིངས་ལ་ཕྱོགས་རིས་བྲལ། །མཉམ་སྦྱོར་ཨ་ནུ་ཡོ་ག་ཡི། །རྣལ་འབྱོར་ཨ་སྟག་ཀླུ་མོ་ནི། །རྟ་ནག་ཞོན་ཅིང་བདུད་མདུང་བསྣམས། །འཁོར་གསུམ་རྒྱན་རྫོགས་འཇིགས་སུ་རུང་། །ཤ་ཟ་རུས་འཆའི་འཁོར་གྱིས་བསྐོར། །འདིར་གཤེགས་བདུད་རྩི་མཆོད་པ་བཞེས། །དགྲ་བགེགས་མ་སྲི་ཐལ་འབྱིན་པས། །དམ་ཚིག་ཕྱག་རྒྱས་དགྱེས་ཟུང་མཛད། །”④ཅེས་དང་། བླ་མ་དབྱིངས་བྷོར་གྲགས་པས་མཛད་པའི་《འཛམ་གླིང་གེ་སར་རྒྱལ་པོ་ལ་བརྟེན་ནས་གཡང་འགུགས་བྱ་ཚུལ་སྲིད་གསུམ་བསྟན་འགྲོའི་དབུལ་སེལ་དགོས་འདོད་ནོར་བུའི་ཆར་ཆེན་ཞེས་བྱ་བ་བཞུགས་སོ་》ཞེས་པ་ལས། “རྟ་མཆོག་བྷ་ལའི་ཧི་སྒྲ་སྒྲོགས་པ་བཞིན། ། ཨ་སྟག་དཔའ་མོའི་དམག་དཔུང་གཡང་ལ་བྱོན། །ལྷ་སྲིན་སྡེ་བརྒྱད་རྫུ་འཕྲུལ་འགྱེད་པ་ལྟར། །རྫོང་ཆེན་བཅོ་བརྒྱད་དམག་དཔོན་གཡང་ལ་བྱོན། །”⑤ཞེས་གཡང་འབོད་ཀྱི་སྐབས་སུའང་དེ་ལྟར་བྱུང་བ་དང་། གཞན་ཡང་མཚོ་སྔོན་མགོ་ལོག་གི་དག་སྣང་སྒྲུང་པ་བསྟན་འཛིན་གྲགས་པས་བརྩམས་པའི་《གླིང་དཔའ་བོ་ཚ་ཞང་འདན་མ་དང་དཔའ་མོ་ཨ་སྟག་ལྷ་མོའི་གསོལ་མཆོད་བསྡུས་པ་འཕྲིན་ལས་སྒོ་འབྱེད་དགྲ་འཇོམས་ཐོག་མདའ་སྣང་བའི་འོད་འབར་ཞེས་བྱ་བ་བཞུགས་སོ་》ཞེས་པ་ལས།“བསང་སྐྱེམས་གཙང་མ་བཤམས་ལ། སྔགས་རྒྱས་བརླབས་ཏེ་དད་དམ་གཙང་མས་འདི་སྐད་དུ། ཀྱེ ། རིག་གསུམ་འདུས་ཞལ་དཔའ་བོ་གེ་སར་གྱི་དྲག་པའི་དམག་གི་གཡུལ་གྱི་ཁ་ལོ་བ་གཡུ་རྒྱལ་ཚ་ཞང་འདན་མ་བྱང་ཁྲ་དང་ཨ་སྟག་རྡོ་རྗེ་ཕག་མོ་ཤ་ཟའི་གཙོ་འཁོར་ཚོགས་སྤྲུལ་བ་རྒྱ་མཆོའི་ཚོགས་དང་བཅས་འདིར་གཤེགས་བསང་སྐྱེམས་བཞེས་ལ་འདོད་དོན་སྒྲུབས། མ་རུངས་ཀླ་ཀློ་བསྟན་འགྲོར་འཚེ་བའི་དཔུང་། །མིང་གི་ལྷག་མར་བཟློགས་ལ་གངས་ལྗོངས་ཀྱི། །སྐྱབས་དང་དཔུང་གཉེན་མཛོད་ཅིག་དཔའ་བོ་ཟུང་། །རྒྱལ་བསྟན་སྤྱི་དང་གསང་ཆེན་སྙིང་པོའི་ཆོས། །དེར་འཛིན་འདུས་སྡེ་བསྟན་པའི་སྦྱིན་བདག་བཅས། །དར་ཞིང་རྒྱས་ལ་ཡུན་རིང་གནས་པ་དང་། །ཁྱད་པར་གླིང་བསྟན་ནམམཁའི་ནོར་བུ་ཡི། །འོད་སྣང་ཕྱོགས་ཁྱབ་གོ་ལ་ཧྲིལ་བོའི་ཁྱོན། །གླིང་དཀར་དཔའ་བོའི་གདུལ་བའི་ཞིང་གྱུར་ཏེ། །འཚེ་མེད་བྱམས་པ་ཆེན་པོའི་བསྟན་པ་གང་། །ཡིད་ཅན་ཀུན་གྱི་སྙིང་ལ་ཁྱབ་པར་མཇོད། །་་་་་་ཕྱི་ནང་འཚེ་བ་ཀུན་ཞི་མཐུན་ཚོགས་སྐྲུན། །བཀྲ་ཤིས་དོན་ཀུན་འགྲུབ་པར་མཛོད་ཅིག་ཀྱེ། །བཀའ་དམ་གཉན་པོ་མ་གཡེལ་ཀི་བསྭོ་རྒྱལ། །”⑥ཞེས་བསང་མཆོད་ཀྱི་སྐབས་སུའང་དེ་ལྟར་བྱུང་བ་སོགས། མདོར་ན། བོད་ཀྱི་དམངས་ཁྲོད་དང་། དགོན་སྡེ། སྒྲུང་པ་བཅས་ཀྱིས་གཡང་འབོད་དང་བསང་མཆོད་སོགས་ཀྱི་སྐབས་སུ་ཨ་སྟག་ལྷ་མོ་ལྷ་གྲལ་དུ་བཞུགས་སུ་གསོལ་ནས་མཆོད་བཀུར་བྱེད་སྲོལ་ཡོད།
དེ་མིན་ཨ་སྟག་ལྷ་མོའི་གཟུགས་བརྙན་གྱི་སྐོར་ལ་རྒྱབ་ཏུ་ཁྲབ་དང་མགོ་ལ་རྨོག ལག་ཏུ་མདའ་མོ་ཐོགས་པ། རྒྱན་ཆ་མདུན་དུ་འཕང་པ་སོགས་ཀྱི་བུད་མེད་ཀྱི་གཟུགས་བརྙན་མང་པོ་མཐོང་རྒྱུ་ཡོད་ཅིང་། གེ་སར་རིག་གནས་ལ་མཁས་པའི་ལྡོང་ནོར་སྡེས་ཇུས་འགོད་བྱས་པའི་ཐང་ག་ཞིག་ཡོད་པ་དེའི་སྟེང་དུ། “ཨ་སྟག་སྡེ་ལྔ་”ཞེས་ཨ་སྟག་ལྷ་མོས་གཙོ་སྐུ་བྱས་པའི་དབུས་སུ་རྟ་རྐྱང་རྐྱང་(རག་དཀར)ཆིབས་པ་དང་མདའ་ལྟོང་ལ་སྦྱར་ཞིང་ཁ་ཕྱི་ལ་ཕྱོགས་ནས་འཁོར་གསུམ་ལུས་ལ་རྫོགས་ཤིང་། གཡས་ཀྱི་གོང་ན་དབང་གི་ཨ་སྟག་ཁྱུང་ལ་ཆིབས་པ་དང་། གཡོན་ན་དྲག་པོའི་ཨ་སྟག་སྟག་ལ་ཆིབས་པ། འོག་གི་གཡས་སུ་རྒྱས་པའི་ཨ་སྟག་འབྲུག་ལ་ཆིབས་པ། འོག་གི་གཡོན་ན་ཞི་བའི་ཨ་སྟག་སེང་གེར་ཆིབས་པ་བཅས། ལྷ་མོ་བཞིས་རླུང་རྟ་སྡེ་བཞི་སྟེ་སྟག་སེང་ཁྱུང་འབྲུག་ལ་ཆིབས་ནས་བསྐོར་ཞིང་། སྟེང་གི་དཀྱིལ་ན་ཐུགས་རྗེ་ཆེན་པོ་ཕྱག་བཞི་པ་དང་། གཡས་སུ་གསང་བའི་བདག་པོ་གེ་སར་ཚེ་རྒྱལ། གཡོན་དུ་མཁའ་འགྲོ་སེང་གདོང་མ་(སྒྲོལ་མ་དང་དབྱངས་ཅན་མའི་སྤྲུལ་གཞི་)བཅས་མཐོང་རྒྱུ་ཡོད། དེ་ཡང་ཁོང་གིས་བརྩམས་པའི་《དག་སྣང་འོད་ལྔའི་གབ་རྩེ་ཡི་ཨ་སྟག་རྡོ་རྗེ་ཕག་མོའི་བསྐུལ་བ་གཡར་དམ་རྨ་བྱ་སློང་བའི་འབྲུག་སྒྲ་ཞེས་བྱ་བ་བཞུགས་སོ་》ཞེས་པ་ལས།“རྟ་རག་པ་འཕུར་ཤེས་གོང་སྟེང་ནས། །དཔའ་འགྲན་མེད་ཨ་སྟག་ལྷ་མོ་ནི། །དབུ་རྨོག་དཀར་དར་འཕྲུ་ལིངས་སེ་ལིང་། །རྒྱབ་ཁྲབ་དཀར་བྱང་བུ་ཉི་ལི་ལི །ནང་ཚེ་གོས་གཟི་མདངས་ཡ་ལ་ལ། །ལུས་འཁོར་གསུམ་དགྲ་དར་འཚུབས་སེ་འཚུབ། །གཞོན་བཅུ་དྲུག་ལང་ཆོའི་སྒེག་ཉམས་རྫོགས། །ཞལ་དཀར་དམར་ཁྲོ་ཆགས་འདྲེས་མའི་མདངས། །ཕྱི་དགྲ་ལ་ཁྲོ་བའི་སྡང་མིག་ཅན། །ནང་གཉེན་ལ་ཆགས་པའི་འཛུམ་མདངས་ཅན། །ཕྱག་གཡས་པས་ཉག་ཕྲན་མཐེབ་ལྟོང་སྦྱོར། །ཕྱག་གཡོན་པས་གཞུ་རྒོད་ཤེད་ཀྱིས་འགེངས། །མདུང་རྩེ་གསུམ་དབང་མདོག་དར་གྱིས་བརྒྱན། །གྲི་ལེབ་ཆེན་ཤུབས་ནས་ཕྱེད་ཙམ་ཕྱུང་། །གཡས་སྟག་དོང་ཁྲ་མོ་མདའ་ཡིས་གང་། །གཡོན་གཟིག་ཤུབས་འཛུམ་དྲུག་ཐིག་ལེ་བཀྲ །དར་དམར་པོའི་འཇོ་བེར་རླུང་གིས་སྐྱོད། །སྐ་རིན་ཆེན་འབར་བའི་ཁྲི་ལ་འགྱིང་། །སྐུ་མཛེས་པའི་གཟི་བྱིན་འོད་ལྔས་འཁྱུད། །གསུང་རྔམ་པའི་ང་རོ་འབྲུག་ལྟར་སྒྲོགས། །ཐུགས་རྩེ་ཆེན་ཀློང་ནས་དྲག་ཏུ་ཁྲོས། །འདིར་འབོད་དོ་དམ་ཚིག་དབང་གིས་གཤེགས། །......གང་ཞི་བའི་ལསམཛད་ཨ་སྟག་དཀར། །གཡས་མདའ་དར་གཡོན་པ་མེ་ལོང་འཛིན། །གོས་དར་ཟབ་མེ་ཏོག་རྒྱན་གྱིས་སྤུད། །ཤར་དུང་སེང་ཞོན་ནས་ད་ཚུར་གཤེགས། །ཡང་རྒྱས་པའི་ལས་མཛད་ཨ་སྟག་སེར། །གཡས་ལྕགས་ཀྱུ་གཡོན་པས་ཚེ་བུམ་འཛིན། །སྐུ་ལྷ་རྫས་རིན་ཆེན་རྒྱན་གྱིས་སྤྲས། །ལྷོ་གསེར་འབྲུག་ཆིབས་ནས་ད་ཚུར་གཤེགས། །ཡང་དབང་གི་ལས་མཛད་ཨ་སྟག་དམར། །གཡས་གྲི་གུག་གཡོན་པས་ཞགས་པ་འཛིན། །སྐུ་གཅེར་མོ་རུས་པའི་རྒྱན་དྲུག་སྤྲས། །ནུབ་ཁྱུང་དམར་ཞོན་ནས་ད་ཚུར་གཤེགས། །ཡང་དྲག་པོའི་ལས་མཛད་ཨ་སྟག་མཐིང་། །གཡས་རལ་གྲི་གཡོན་པ་དགྲ་སྙིང་འཛིན། །སྐུ་མི་སྡུག་དུད་འགྲོའི་སྤགས་རློན་གྱོན། །བྱང་རྒྱ་སྟག་ཞོན་པ་ད་ཚུར་གཤེགས། །”⑦ཞེས་བྱུང་བ་དང་མཐུན་ཆེ། ཡང་《ཨ་སྟག་དཔའ་མོའི་བསྟོད་པ་སྤྲིན་ཆེན་སྙིང་པོ་བཞུགས་སོ་》ཞེས་པའི་མཇུག་ཏུ “དཔལ་མོའི་བསྟོད་པ་སྤྲིན་ཆེན་སྙིང་པོ་ཞེས་བྱ་བ་དེ་ནི་དེ་བཞིན་གཤེགས་པའི་གསུང་རབ་འཕགས་པ་སྤྲིན་ཆེན་པོའི་མདོ་ལ་སོགས་པའི་ལུང་དོན་ཡིད་ཆེས་ཀྱི་དད་པ་ཐོབ་”ཅེས་ཨ་སྟག་ལྷ་མོ་ཉིད་《དེ་བཞིན་གཤེགས་པའི་གསུང་རབ་འཕགས་པ་སྤྲིན་ཆེན་པོའི་མདོ་》ལ་སོགས་པའི་ལུང་གིས་ཟིན་པར་ངོས་བཟུང་ཡོད་ཅིང་། བསྟོད་པ་འདིའི་ནང་ཨ་སྟག་ལྷ་མོ་ནི་རྡོ་རྗེ་ཕག་མོའི་སྤྲུལ་གཞི་སྣ་ཚོགས་ཡིན་པའི་མཚན་དང་བཅས་པ་བསྟན་ཡོད་པ་མ་ཟད། རྒྱ་ནག་རྒྱལ་མོ་ཝུའུ་ཙེ་ཐེན་གྱི་སྤྲུལ་པ་ཡིན་པའང་མདོ་འདི་ལས་ལུང་གིས་ཟིན་པར་བཤད། གཞན་ཡང་། 《སྒྲུང་གཏེར་པདྨ་བཛྲ་གྱི་དྷཱི༔》ཞེས་པ་དང་།《ཤ་ཟ་མཁའ་འགྲོའི་གསོལ་མཆོད་འཕྲིན་ལས་མྱུར་འགྲུབ་བཞུགས་སོ༔》ཞེས་པ། 《གཏེར་སྟོན་ཨོ་རྒྱན་བསྟན་འཛིན་གྱི་ཤ་ཟ་ཨ་སྟག་ལས་ཀྱི་དབང་མོའི་གསོལ་མཆོད་དགྲ་སྲོག་གཅོད་པའི་སྤུ་གྲི་བཞུགས༔》ཞེས་པ། 《ཨ་སྟག་ཀླུ་མོའི་གསོལ་བསྡུས༔》ཞེས་པ་སོགས་སུ་ས་ར་ཧ་པའི་གསང་ཡུམ་དང་ཤ་ཟ་ཀླུ་མོ། ལྷ་སྨན་ཤ་ཟའི་གཙོ་མོ་ཞེས་པའི་མིང་ཐོག་ནས་མོ་རྒྱུད་ཀྱི་ལྷ་གཙོ་བོར་བཀུར་ཡོད་དོ།
གཉིས་པ། ཨ་སྟག་ལྷ་མོའི་ཤུལ་རྟེན་སྐོར།
གླིང་སྒྲུང་དང་འབྲེལ་བའི་ལོ་རྒྱུས་ཀྱི་རྗེས་ཤུལ་དག་ལས། ཨ་སྟག་ལྷ་མོའི་མཁར་ཤུལ་ནི་མགོ་ལོག་དར་ལག་རྫོང་ཁོངས་ཀྱི་གསང་རུ་མའི་ས་ན་ཡོད་ཅིང་། མཁས་གྲུབ་ཆེན་པོ་ཁམས་ཚང་འབྲུག་རྒྱས་ཀྱིས་མཛད་པའི་《གླིང་བླ་མ་ཆོས་ཀྱི་རྡོ་རྗེའི་རྣམ་ཐར་》ནང་དུ། གེ་སར་རྒྱལ་པོའི་སྐུ་མཁར་སེང་འབྲུག་སྟག་རྩེ་རུ་ཉར་ཡོད་པའི་གླིང་གི་སྐབས་ཀྱི་གལ་ཆེའི་གནའ་རྫས་མང་པོའི་སྐོར་འཁོད་པའི་ཕྲོད་དུ། ཨ་སྟག་ལྷ་མོས་གླིང་བླ་མ་ཆོས་ཀྱི་རྡོ་རྗེ་ལ་གནང་བའི་གཟི་ཁྱིམ་ལས་གྲུབ་པའི་རྡོ་རྗེ་ཞིག་མཐོང་རྒྱུ་ཡོད། ད་དུང་སྤྱི་ལོ་༢༠༡༣ལོར། མགོ་ལོག་དར་ལག་རྫོང་གིས་གཙོ་གཉེར་བྱས་པའི་རྨ་ཡུལ་གེ་སར་རིག་གནས་དར་ལག་གླེང་སྟེགས་ཀྱི་སྐབས་སུ། ང་ཚོ་ཚོགས་མི་ཡོངས་དང་ཆེད་ལས་མཁས་པ་མང་པོ་ཞིག་གིས་ཨ་སྟག་ལྷ་མོའི་རུས་མཁར་ཡོད་སར་བརྟག་དཔྱད་དུ་སོང་བ་མ་ཟད། མཚོ་སྔོན་ཞིང་ཆེན་གེ་སར་ཞིབ་འཇུག་ཁང་དང་རྒྱལ་ཡོངས་གེ་སར་གཞུང་ལས་ཁང་གཉིས་ཀྱིས་མཉམ་དུ་ཨ་སྟག་ལྷ་མོའི་ཤུལ་རྟེན་གནས་གཞི་སྲུང་སྐྱོབ་ས་ཁུལ་ཞིག་ཏུ་ངོས་འཛིན་གྱིས་དྲན་རྟེན་རྡོ་རིང་ཞིག་ཀྱང་བཙུགས། སྐབས་དེར་ཡུལ་དེའི་ཨ་སྟག་ལྷ་མོའི་རྟ་རྒྱུག་ཅེས་པའི་བྱེད་སྒོའི་ནང་དུའང་ཞུགས་པ་ཡིན། ཡུལ་དེར་ཨ་སྟག་ལྷ་མོའི་རུས་མཁར་ཞེས་འབྲོང་རྭ་དང་གཡག་མགོ་མང་པོ་ཞིག་རྡོའི་ཁར་བསྒྲིགས་པ་དངོས་སུ་མཐོང་རྒྱུ་ཡོད་ལ། ཨ་སྟག་ལྷ་མོའི་མཚོན་བརྡར་ས་ཡིན་ཞེས་པའི་རྡོ་ལེབ་མོ་ཁུང་བུ་ཅན་ཞིག་དང་། དེའི་ཡར་ངོས་ཀྱི་བྲག་སྟེང་ན་རྡོ་རྩི་དམར་པོ་ལས་བྱས་པའི་“ཨ་སྟག་”ཅེས་པའི་ཡིག་འབྲུ་གཉིས་དང་འདྲ་བ་ཞིག་མཐོང་རྒྱུ་འདུག ད་དུང་ཁངས་ལུང་ཁ་བ་སྟག་རྩེ་ཞེས་པའི་ལུང་པ་དེར་གེ་སར་རྒྱལ་པོས་གཙོ་བྱས་པའི་གླིང་གི་དཔའ་རྟུལ་མང་པོའི་སྒྲུབ་ཕུག་ཡོད་པར་བཤད་ཅིང་། ཡུལ་དེའི་སྲིད་གཞུང་གིས་གནང་བའི་མཚམས་སྦྱོར་ཡི་གེ་ཞིག་གི་ཐོག་ཏུའང་།“གླིང་སེང་ཆེན་ནོར་བུ་དགྲ་འདུལ་མཆོག་གི་ཟས་སྦྱོར་མ་ཨ་སྟག་འཁྱིལ་བའི་ཀླུ་མོ་ནི་ཟས་སྦྱོར་མིང་ཆེན་བཅུ་གསུམ་ལས་མཛད་རྗེས་ཆེས་ཆེ་བའི་ཀླུ་མོ་ཞིག་ཡིན་ལ། མོའི་ལོ་རྒྱུས་ལས་བདུད་ཀླུ་བཙན་གྱི་སྲིང་མོ་རུ་བཞེད་ལ། ཁོ་མོའི་ཕ་མ་གཉིས་ཆུང་དུས་ནས་བྱང་གི་ཡུལ་ནས་འབྲོང་གིས་བསད་པས། ཁོ་མོས་འབྲོང་རིག་རིག་ཚང་མ་བསད་ནས་འབྲོང་རྭའི་མཁར་ཞིག་བརྩིགས་ཡོད་ལ། མཁར་ཤུལ་དེ་དེང་སང་མགོ་ལོག་ཁུལ་དར་ལག་རྫོང་གསང་རུ་མ་ཡུལ་ཚོའི་ཁོངས་སུ་གཏོགས་པའི་ཁངས་ལུང་ཁ་བ་སྟག་རྩེའི་ཉེ་འདབས་སུ་གནས་ཤིང་། ས་དེ་རུ་སྔོན་ཆད་ཨ་སྟག་ལྷ་མོས་བསད་པའི་འབྲོང་རྭ་དང་ཟངས་ཀྱི་མདའ་མོ་བརྡར་བྱེད་ཀྱི་བླ་རྡོ་བི་ག་ཅན་དང་ཕྱོགས་མཚམས་སུ་གླིང་གི་དཔའ་རྟུལ་སུམ་ཅུའི་སྒྲུབ་ཕུག་སོགས་ངོ་མཚར་བྱིན་བརླབས་ཀྱིས་བརྟས་པའི་གནས་མཆོག་མཚོ་དང་མཚེའུ་རྡོ་ཤེལ་སོགས་ཡོད་ལ། ཡུལ་དེར་དེང་སྐབས་ཀྱང་ཀླུ་མོའི་ཤ་ཁང་ཟེར་བའི་མཁར་ཤུལ་ངོ་མ་ཡོད་པ་ཡུལ་དེའི་སྐྱ་སེར་ཕོ་མོ་ཆེ་ཆུང་ཀུན་ལ་གསལ་”ཞེས་ཨ་སྟག་ཀླུ་མོའི་རུས་མཁར་དེའི་གནས་ཚུལ་བཀོད་ཡོད། ཁངས་ལུང་ཁ་བ་སྟག་རྩེ་ཞེས་པའི་རི་ཞིག་ཡོད་པ་དེའི་གཞི་བདག་གཙོ་བོ་ནི་གླིང་གེ་སར་དང་ཨ་སྟག་ལྷ་མོ་གཉིས་ཀྱི་རིགས་སྲས་ཨ་སྟག་རྩེ་རྒོད་ཡིན་པར་བཤད། གཞན་ཡང་། མཚོ་སྔོན་མགོ་ལོག་རྨ་སྟོད་ཀྱི་གཏེར་སྒྲུང་བ་གཏུམ་པོ་སྐྱབས་ཀྱིས། “ཕོ་ལ་ལས་གེ་སར་རྒྱལ་སྲས་ཟེར། །ཕོ་ལ་ལས་འདན་མའི་སྲས་པོ་ཟེར། ། ཡིན་ངོ་མ་ཐང་ལྷའི་འཕྲུལ་སྲས་ཡིན། །”ཞེས་གཉན་ཆེན་ཐང་ལྷ་དང་ཨ་སྟག་ལྷ་མོ་གཉིས་ལ་ཡང་སྲས་ཤིག་ཡོད་པར་བཤད།
གསུམ་པ། ཨ་སྟག་ལྷ་མོ་དང་འབྲེལ་བའི་སྒྲུང་དཔེ་ཁག་གི་ངོ་སྤྲོད།
གཅིག སྒྲུང་དཔེ་《ཨ་སྟག་ཤར་རྫོང་》
༡ དཔར་གཞི་ངོ་སྤྲོད།
《ཨ་སྟག་ཤར་རྫོང་》ཞེས་པའི་སྒྲུང་དཔེ་འདི་ནི་མཚོ་སྔོན་ཞིང་ཆེན་གེ་སར་ཞིབ་འཇུག་ཁང་དུ་ཕྱག་ལས་གནང་མྱོང་བའི་བབ་སྒྲུང་སྒྲུང་པ་གྲགས་ཅན་ཚེ་རིང་དབང་འདུས་ཀྱིས་ཕབ་པ་ཞིག་ཡིན། ཚེ་རིང་དབང་འདུས་ནི་སྤྱི་ལོ་༡༩༣༦ལོར་མཚོ་སྔོན་མཚོ་ནུབ་ཁུལ་དུ་སྐྱེས་ཤིང་། སྒྲུང་པའི་རིགས་ལས་བབ་སྒྲུང་དུ་གཏོགས་ལ་སྒྲུང་སྣ་བརྒྱ་དང་ཉི་ཤུ་བཤད་ཤེས་ཀྱི་ཡོད། ཁོང་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་གྲོན་དངུལ་ལོངས་སྤྱོད་མཁན་གྱི་ཆེད་མཁས་པ་དང་། རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་མཚན་འཛིན་འགོ་གཙོ་བཅས་ཡིན། མིག་སྔར་སྒྲུང་ཁག་བཅུ་གཉིས་དཔར་སྐྲུན་བྱས་ཡོད་ལ་སྒྲ་ཕབ་ཟིན་པའི་སྤྱིན་ཤོག་༩༧༩ཡོད་པ་ལ་ཆུ་ཚོད་སྐརམ་༥༨༧༤༠ཟིན་གྱི་ཡོད། སྒྲུང་དཔེ་འདི་ནི་སྒྲུང་པ་བུ་ཐུབ་དགའ་དང་ཆོས་སྐྱོང་བཀྲ་ཤིས་ཕ་བུ་གཉིས་ཀྱིས་ཟིན་བྲིས་སུ་བཏབ་ནས་ལེའུའི་ཁ་བྱང་བསྒྲིགས་ཏེ་དག་སྒྲིག་བྱས་པའི་རྨང་གཞིའི་ཐོག རྒྱལ་ཡོངས་གེ་སར་གཞུང་ལས་ཁང་གིས་དག་སྒྲིག་བྱས་པའི་《གླིང་སྒྲུང་གཅེས་བཏུས་》ཀྱི་ཚད་གཞི་ལྟར། གུས་པས་བསྐྱར་དུ་ཞུ་དག་བགྱིས་པ་དང་། 《གླིང་སྒྲུང་གཅེས་བཏུས་》ལེགས་སྒྲིག་གི་རྩ་དོན་གཞིར་བཟུང་ནས་རང་བཞིན་གསུམ་དང་བསྒྱུར་མི་རུང་བ་བཞི་དམ་འཛིན་གྱིས་ཕལ་སྐད་དོར་བ་དང་། མིང་ཚིག་གཅིག་གྱུར་བཟོས་པ། བརྡ་སྤྲོད་ཀྱི་གཞུང་ལུགས་དང་མཐུན་གང་ཐུབ་བྱས་པ་བཅས། སྒྲུང་དཔེ་འདི་ནི་སྤྱི་ལོ་༢༠༠༥ལོའི་ཟླ་༡༢པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་ཐེངས་དང་པོ་བརྒྱབ་པ་དང་། བསྡོམས་པས་ལེའུ་ཉེར་དྲུག་ལ་ཤོག་གྲངས་༤༥༢ཡོད། སྒྲུང་དཔེ་འདིར་གཏམ་རྒྱུད་ཀྱི་བྱུང་རིམ་གསོན་ཉམས་ལྡན་པ་དང་། ཚིག་སྦྱོར་ཕུན་སུམ་ཚོགས་པ། དམངས་ཁྲོད་ཀྱི་གཏམ་དཔེ་དང་རྩོམ་རིག་གི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད། རྒྱལ་ཡོངས་གེ་སར་གཞུང་ལས་ཁང་གི་འཆར་གཞི་ལྟར། སྤྱི་ལོ་༢༠༡༠ལོར་《གླིང་སྒྲུང་གཅེས་བཏུས་》སུ་བདམས་ནས་ཡང་བསྐྱར་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་བྱས་ཤིང་།《གླིང་སྒྲུང་གཅེས་བཏུས་》ཀྱི་ཚད་གཞི་ལྟར། མཚོ་སྔོན་ཞིང་ཆེན་གེ་སར་གཞུང་ལས་ཁང་གི་ཞིབ་འཇུག་པ་བསོད་ནམས་སྒྲོལ་མ་དང་དབང་མོ་མཚོ་གཉིས་ཀྱིས་རྩོམ་སྒྲིག་གི་འགན་ཁུར་ཞིང་། དཔར་གཞི་ལས་མིང་བརྡ་ཁ་ཤས་གཅིག་གྱུར་བཟོས་ནས་སྒྲུང་དཔེའི་མཇུག་ཏུ་མིང་འགྲེལ་འགའ་བཀོད་ཡོད།
༢ ནང་དོན་རགས་བཤད།
དེ་ཡང་སྔར་གླིང་ཆོས་འཕེལ་ནག་པོའི་སྐུ་རིང་ལ། བདུད་དར་ཁྲི་བཙན་པོས་རྨ་རྒྱལ་ལྷ་ཐང་ཡན་ཆད་དང་། རྨ་ཀ་ལི་ལྷ་ཐང་མན་ཆད། ནགས་རྒྱལ་ལྷ་ལུང་གོང་མ། མཐོན་པོ་དགུ་སྒྲིལ་ལ་སོགས་སུ་དམག་བུ་རྟ་དཔུང་ཆེན་ཕབ་ཅིང་། ཤར་རྨ་ཆེན་ཤ་རྫོང་གཏོར་བས། གླིང་གི་ངོས་ནས་བཤད་ན་ཤ་ཤོར་ཤ་ལན་བསློག་རྒྱུར་ལུས་ཡོད། ད་ཐེངས་ཨ་ནེ་གོང་སྨན་རྒྱལ་མོས་བདུད་དར་ཁྲི་བཙན་པོ་འདུལ་རྒྱུ་དང་ཤ་ཕོ་ཆེན་གཏེར་སྒོ་འབྱེད་པའི་ལུང་བསྟན་ཨ་སྟག་ལྷ་མོར་གནང་བ་ལྟར། ཨ་སྟག་ལྷ་མོས་ལུང་བསྟན་དེ་གེ་སར་རྒྱལ་པོར་ཞུས། གེ་སར་རྒྱལ་པོས། སྔ་བློ་དཀར་པོ་གོང་ལ་བཀོད། ཕྱི་བློ་སྨུག་པོ་གདན་ལ་བཏིང་རྗེས། གླིང་ཡུལ་སྟོད་སྨད་བར་གསུམ་འདུ་ར་སྟག་ཐང་ཁྲ་མོར་བསྡུས་ཏེ། ཚ་ཞང་འདན་མའི་དམག་བཀོད་ལྟར། གླིང་གི་ལས་དམག་བྱང་ལ་ཆས། གླིང་དམག་འཕྲང་ལམ་གོང་མ་བརྒྱུད་སྐབས། དགྲ་བོའི་ལམ་སྲུང་དམག་དང་ཐུག་པས། བཙན་རྗེ་ཡ་མ་ཁ་ཁྲ་ཟེར་བ་དེ་ཉི་འབུམ་གྱིས་མདུང་རྩེར་དྲངས། འཕྲང་ལམ་བར་མ་ཤན་འདན་གཉིས་ཀྱིས་བླངས། འཕྲང་ལམ་འོག་མ་སེང་སྟག་ཨ་དོམ་དང་འཇང་སྲས་གཡུ་ཁྲི་གུང་སྔོན་གྱིས་བཀག་ཀྱང་མ་ཁོག་པར་རྔོན་ལ་ཆས་པས། རྔོན་རོགས་མི་བདུན་ལ་དབུ་ཉེས་བྱུང་། ཁྲོ་ཐུང་ཕྱིར་འོངས་ནས་རྫུན་ཞུ་ཕུལ་བ་གེ་སར་གྱིས་མཁྱེན་ཞིང་། རྔོན་རོགས་མི་བདུན་གྱི་རྣམ་ཤེས་དག་ཞིང་དུ་དྲངས། དེ་ནས་གླིང་རྗེ་གེ་སར་རྒྱལ་པོ་ཁེར་བྱོན་གྱིས་བླ་སྤྱང་བཏུལ་ཞིང་བདུད་ཀྱི་སྒོ་སྲུང་ཧ་ལ་བུ་ཡིས་མགོ་འབུལ་ཞུས་ཏེ། ཤ་ཕོ་ཆེན་གྱི་རྫོང་གཡང་འབེབས་པའི་རྨང་གཞི་བཏིང་། གོང་གི་གནས་ཚུལ་དེ་དག་དར་ཁྲི་རྒྱལ་པོས་ཐོས་རྗེས། ང་རྒྱལ་དྲག་པོ་ལངས་ནས་ཤི་འཐབ་རོ་འཐབ་བྱེད་རྒྱུའི་ཆོད་སེམས་བརྟན་པོའི་དམ་བཅའ་བཞག རྒྱལ་རབས་གོང་མའི་བློན་ཆེན་ཉི་མ་རང་ཤར་གྱིས་དེ་ནི་རྒྱལ་སྲིད་ཤོར་བའི་སྔ་ལྟས་ཡིན་པར་ཤེས་ནས། མི་བསད་ལ་སྟོང་དང་ཤ་རྫོང་གླིང་ལ་སྤྲོད་དགོས་རྒྱུའི་ཐབས་ཇུས་བསྟན་ཀྱང་རྒྱལ་པོས་མ་ཉན་པར་ཁོ་རང་བློན་གྲལ་ལས་ཕུད། དེ་ལྟར་གླིང་དང་བདུད་གཉིས་དབར་དུས་ཡུན་ངེས་ཅན་ཞིག་རིང་འཐབ་འཁྲུག་བྱས་པ་བརྒྱུད། ཨ་སྟག་ལྷ་མོས་བདུད་པོ་བསམ་གྲུབ་ཀྱིས་གཙོ་བྱས་པའི་བདུད་དམག་མང་པོ་བསད། ཤན་འདན་སྟག་སེང་ཁ་སྤྲོད་ཀྱིས་གཟའ་རྒོད་ཡ་མེད་དང་། དམག་དཔོན་སྟག་སྣ་ཁྲ་བོ། ར་མདའ་བསམ་གྲུབ་དར་རྒྱས་སོགས་བསད་ཅིང་། མགོ་འཕྲུ་གོང་ལེན་བྱས། བདུད་བློན་དོམ་ཁྲ་སྨྱོན་པ་ཟེར་བ་དེས་གླིང་སྐར་དུ་བརྒྱུགས་ནས། གླིང་དམག་ཆག་ཆག་ཉིལ་ཉིལ་བཟོ་བའི་སྐབས་སུ་ཨ་སྟག་གིས་ཁོའི་གདོང་བཀག་ཅིང་རལ་གྲི་གཡུག་ཐེངས་གཅིག་གིས་མགོ་འཕྲུ་བླངས། རྩལ་ཆེན་འདན་མས་རྒོད་པོ་ཁྲི་ཐོག་བུ་བཙན་ཞགས་པས་བཟུང་། སྐ་སྡེས་བདུད་བློན་ཧ་ལ་རྡོ་ལ་བརྡབས་ནས་བསད། བདུད་ཀྱིམཁར་སྒོ་སྲུང་མཁན་གྱི་སྤྱང་ཕྲུག་རྔམ་ནག་དེ་དཔའ་ལ་སེང་སྟག་ཨ་དོམ་གྱིས་དམར་གསོད་བྱས་ཤིང་། སེང་ཆེན་མི་ཡི་ཉི་མས་བདུད་དར་ཁྲི་རྒྱལ་པོ་དམ་ལ་བཏགས་པ་དང་། གཏེར་སྲུང་གཞི་བདག་རྣམས་ཀྱི་ཕྲག་དོག་དང་གནོད་སེམས་ཞི་བར་མཛད། མཐར་ཨ་སྟག་ལྷ་མོས་ཤ་ཡི་གཏེར་རྫོང་ཕབ་སྟེ་མཁར་སྒོ་ཕྱེ་བ་ན། བྲག་བར་ནས་ཆུ་བོ་བརྡོལ་བ་བཞིན་ཤ་བ་རིགས་མི་འདྲ་བ་བཅུ་གསུམ་བྱུང་། གནམ་ལ་འཇའ་དང་ས་གཞི་ཡོངས་ལ་བདུག་སྤོས་ཀྱི་དྲི་ཞིམ་འཐུལ་བ་བཅས། དར་ཡུལ་དཀར་པོ་ཆོས་ལ་བསྒྱུར་ཏེ་དགེ་བཅུའི་བཀའ་ཁྲིམས་གསར་དུ་བཙུགས་སོ།
གཉིས། སྒྲུང་དཔེ་《ཨ་སྟག་ཀླུ་མོ་》
༡ དཔར་གཞི་ངོ་སྤྲོད།
དུར་བུད་བློ་བཟང་འོད་ཟེར་ནི་མགོ་ལོག་སྐ་སྡེ་རྫོང་དུར་བུད་ཚོ་པའི་གཏེར་སྒྲུང་བ་ཞིག་ཡིན་ལ། སྤྱི་ལོ་༡༩༦༣ལོར་སྐྱེས་ཤིང་། ལོ་བཅུ་དྲུག་གི་སྟེང་དུ་ཁུ་བོ་བླ་མ་ནམ་མཁའ་རྡོ་རྗེའི་དྲུང་ནས་གསང་སྔགས་རྙིང་མའི་འདོན་ཆ་དང་། སུམ་རྟགས་དག་གསུམ། ལྟ་སྒོམ་སྤྱོད་གསུམ་གྱི་གནད་སོགས་ཆ་ཚང་བར་བསླབས། ཁོང་གིས་《ཨ་སྟག་ཀླུ་མོ་》དང་། 《རྨ་ས་བཟུང་དར་དཀར་མདུད་པ་》《བྱང་སྟོད་ཚ་རྫོང་》《ཨོ་དྲིའི་ཚོན་རྫོང་》སོགས་སྒྲུང་སྣ་ཕལ་ཆེར་བཅུ་ལྷག་ཙམ་བཤད་ཤེས། སྒྲུང་དཔེ་《ཨ་སྟག་ཀླུ་མོ་》འདི་ནི་སྤྱི་ལོ་༢༠༡༠ལོར་ངེད་ཞིབ་འཇུག་ཁང་གིས་སྒྲུང་དཔེ་《ཨ་སྟག་ལྷ་མོའི་གསང་རྣམ་》བཅས་ཀྱི་དཔར་གཞིའི་མ་ཡིག་དང་ཞིབ་བསྡུར་བྱས་པ་ན། འདིར་དཔར་སྐྲུན་གྱི་རིན་ཐང་ལྡན་པར་སྙམ་ནས་ཕྱི་ལོར་སྒྲུང་དཔེའི་དཔེ་ཚོགས་ཀྱི་གྲས་སུ་བཞག་སྟེ་དཔར་སྐྲུན་བྱ་གཞིར་གཏན་འཁེལ་བྱས་པའོ། སྒྲུང་དཔེ་འདིའི་དག་སྒྲིག་ལ་སོགས་ཀྱི་ལས་འགན་ཡོངས་རྫོགས་གུས་པ་དང་ལས་རོགས་དབང་མོ་མཚོ་གཉིས་ཀྱིས་དང་ལེན་བྱས་ཤིང་། གོ་དཀའ་བའི་བརྡ་རྙིང་དང་དོན་འགལ་ཡོད་པའི་ཚིག་སྦྱོར་རྣམས་གཅིག་གྱུར་བཟོས་ཏེ། ནང་དོན་གྱི་བྱུང་རིམ་ལྟར་ལེའུ་བརྒྱད་དུ་ཕྱེ་བ་དང་ལེའུ་རེ་རེའི་འགོར་ཤོ་ལོ་ཀ་གཅིག་གིས་ནང་དོན་རྣམས་མཚོན་པར་བྱས་ཡོད་ལ། སྔོན་གྱི་འཆར་གཞི་ལྟར། སྤྱི་ལོ་༢༠༡༡ལོའི་ཟླ་༦པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དངོས་སུ་དཔར་སྐྲུན་བྱས། དཔར་གཞི་འདིར་བསྡོམས་པས་ལེའུ་བརྒྱད་དང་ཤོག་གྲངས་༣༠༦ཡོད་ཅིང་། སྒྲུང་དཔེའི་ཁྱད་ཆོས་གཙོ་བོ་ནི། གཏེར་སྒྲུང་ཡིན་པའི་ཁྱད་ཆོས་སུ་གཏེར་ཚེག་བཀོད་ཡོད་པ་དེ་ཡིན། ནང་དོན་གྱི་ཆ་ནས་ཨ་སྟག་ཀླུ་མོ་ཉིད་བྱང་རི་ཤུ་ཐོག་ཐུབ་རྒྱལ་པོའམ་སྟོབས་ལྡན་རྒྱལ་པོ་དང་བཙུན་མོ་བདེ་སྐྱིད་དཔལ་འཛོམས་གཉིས་ཀྱི་སྲས་སུ་འཁྲུངས་ཚུལ་དང་། རྗེས་སུ་བདུད་འབྲོང་འདུལ་བའི་བར་སྐབས་ཤིག་ལ། བྱང་རི་ཤུ་ཐོག་ཐུབ་རྒྱལ་པོའི་ཡུལ་ལྷ་གད་པ་འབྲོག་མགོ་ཞེས་པས་ཕ་ཐོག་ཐུབ་རྒྱལ་པོ་རྭ་མགོར་བླངས་ནས་བསད་པས།འ བྲོང་རིག་རིག་ཚང་མ་བསད་ནས་སྡུག་པའི་ལས་བྱས་པའི་འགོ་བརྩམས་པ་དང་། མཐར་གེ་སར་རྒྱལ་པོ་དང་འགྲོགས་ནས་བདུད་ཀླུ་བཙན་འདུལ་བར་རོགས་བྱས་པ་བཅས། སྒྲུང་དཔེ་བདུད་འདུལ་གྱི་ནང་དོན་དང་མཐུན་པ་ལྟ་བུའི་ཁྱད་ཆོས་ལྡན། སྒྲུང་གི་བྱུང་རིམ་རེ་རེ་ནི་ཚིག་ལྷུག་གི་ཐོག་ནས་གསལ་བཤད་དང་། སྤྱིའི་ཆ་ནས་བཅད་ལྷུག་སྤེལ་མས་སྐབས་དོན་ལ་རོགས་འདེགས་དང་བོད་ཀྱི་སྲོལ་རྒྱུན་གཏམ་དཔེ་མང་པོ་བཀོལ་ཡོད་པ་སོགས། གླིང་སྒྲུང་སྤྱིའི་ཁྱད་ཆོས་དང་མཐུན་པ་ཞིག་འདུག སྒྲུང་དཔེ་འདིའི་འགོ་བརྗོད་ནི་རྒྱ་ཡིག་གི་ལམ་ནས་བྲིས་ཡོད་པ་དང་འབྲི་མཁན་ནི་མཚོ་སྔོན་ཞིང་ཆེན་དྲིལ་བསྒྲགས་པུའུ་ཡི་གཙོ་འགན་བཞེས་མྱོང་ཞིང་དབྱིས་རིགས་ཀྱི་སྐད་གྲགས་ཆེ་བའི་སྙན་ངག་པ་ཇི་ཏི་མཱ་ཇ་ཞེས་པ་ཁོང་ཡིན།
༢ ནང་དོན་རགས་བཤད།
སྒྲུང་དཔེ་འདིའི་ནང་། བྱང་རི་ཤུ་ཁ་ཡན་ཚོ་དྲུག་ཅེས་པར་བྱང་རི་ཤུ་ཐོག་ཐུབ་རྒྱལ་པོའམ་སྟོབས་ལྡན་རྒྱལ་པོ་ཞེས་འབངས་བྱམས་ཀྱིས་སྐྱོང་ཞིང་། ནོར་དང་ལོངས་སྤྱོད་རྒྱས་པ་ཞིག་ཡོད་པ་དེར་ཁྱིམ་གཞིས་སྐྱོང་བའི་བུ་ཞིག་འདོད་ཀྱང་དོན་ཐོག་ཏུམ་སྨིན་པས། སྒོམ་ཆེན་བླ་མའི་ལུང་ལྟར། རི་ཤུ་རྒྱལ་པོ་དང་བཙུན་མོ་བདེ་སྐྱིད་དཔལ་འཛོམས་གཉིས་ཀྱིས་སྦྱིན་གཏོང་གི་ལས་ལ་བརྩོན་ཞིང་མཆོད་འབུལ་གྱི་ཚོགས་རྒྱ་ཆེན་པོ་བསགས་པ་དང་། སྐབས་ཤིག་རྨི་ལམ་སོགས་ལས། “སང་ཉིན་ནམ་མཁའ་ཡར་ལངས་ལ། །རི་ཤུ་རྒྱལ་པོ་ཁྱོད་ཉིད་དང་། །འཁོར་ལ་བློས་ཐུབ་མི་བཞི་བཅས། །སྲ་བའི་གོ་ཆ་རྣོ་མཚོན་སོགས། །རྟ་དང་ཤིང་རྟ་འཛོམས་པར་གྱིས། །ཨ་ཆེན་ཀུ་ཤུའི་ལུང་དུ་སོང་། །ཁྱོད་རི་ཤུ་བཟའ་བའི་བུ་སྐལ་དུ། །ཁྱིམ་ཡ་གྱུར་བཞག་ན་བུ་དོད་དང་། །མ་གྱུར་བཞག་ན་བུ་དོད་ཅིག །མི་མིན་མཁའ་འགྲོའི་རྣམ་སྤྲུལ་ཞིག །སངས་རྒྱས་བསྟན་པའི་སྐྱོར་ཡ་ཞིག །མ་རུང་དགྲ་འདྲེའི་གཤེད་མ་ཞིག །རྩྭ་མཆོག་ཀུ་ཤར་མཚན་དཔེ་བཞད། །ལ་མོར་མཁར་ལ་བླུས་ནས་ཤོག །བདུད་ཀྱི་འཚེ་བ་བྱུང་ནའང་། །བར་ཆད་དབྱིངས་སུ་ཞི་བར་ཤོག །”ཅེས་བྱུང་བས། རི་ཤུ་རྒྱལ་པོ་དགའ་བ་འབུམ་གྱིས་མྱོས་ཏེ། མྱུར་དུ་ནང་བློན་ཆེ་བཞི་དང་བཅས་བྱང་ཨ་ཆེན་རྫ་མ་ཡར་འགག་ཏུ་ཐོན་ལ་ཉེ་དུས། མདུན་ཕྱོགས་ནས་མི་བཅུ་གྲངས་ལྷག་གིས་འབྲོང་བསད་དེ་ཤ་ཁྲག་ལ་རྔམ་ཟ་དང་། རི་ཤུ་རྒྱལ་པོའི་གདོང་བཀག་ནས་འཇིགས་པའི་ཆོས་བརྒྱད་བསྟན་བྱུང་བ་དང་། དེ་རྗེས་ཁོ་ཚོ་ནུབ་བྱང་སེར་ཆེན་རྒྱལ་པོའི་བྱང་བྲག་རལ་གྲིའི་འཕྲུལ་རྫོང་གི་ཐེ་བའི་རྒྱུད་ཀྱི་བུ་ལྔ་ཡིན་པ་མདོར་བསྡུས་གླུ་ཡིས་མཚམས་སྦྱོར་དང་སྦྲགས། ཕན་ཚུན་དབར་འཐབ་འཁྲུག་ཛ་དྲག་ཅིག་བྱུང་སྟེ་ཐེ་བའི་བུ་ལྔ་ལས་ཆེ་བ་བཞིའི་སྲོག་ཤོར། ཆུང་བས་གདོང་མ་བརྟན་པར་བྲོས་པས་རྟ་དྲེལ་གོ་མཚོན་སོགས་རི་ཤུ་ཕྱོགས་ལ་ཐོབ། དེ་ནས་ཡར་སོང་བས། རྩྭ་ཀུ་ཤའི་རྫོང་ཧ་ཅང་སྟུག་པ་ཞིག་གི་དབུས་ལ། ངོ་བོ་རྩྭ་ཀུ་ཤ་ཡིན་པ་ལ་རྣམ་པ་མེ་ཏོག་པདྨ་ལྟ་བུའི་འདབ་མ་ཕྱོགས་སུ་གྱེས་པའི་དབུས་སུ་ཟེའུ་འབྲུའི་ཚུལ་དུ་བུ་མོ་ཆུང་ངུ་ལོ་གསུམ་གྱི་སྐྱེ་ཚད་རྫོགས་པ། མཛེས་སྡུག་ལྟ་བས་ཆོག་མི་ཤེས་པ་ཞིག་འདུག་པ་མཐོང་། དེས་ཁོ་ཚོ་སླེབས་པ་མཐོང་འཕྲལ། ཨ་ཕ་སླེབས་སམ་ཞེས་པའི་མཚམས་འདྲི་བྱས་པས། རི་ཤུ་རྒྱལ་པོ་བཅས་དགའ་བས་མྱོས་ཏེ་རྟགས་དང་རྟེན་འབྲེལ་བཟང་བར་བསམས་ནས། ཁ་དོག་སྣ་ལྔའི་དར་དྲངས་ཤིང་གོས་ཀྱིས་གཡོགས། ལྡིང་ཁང་ཕུབ་པའི་ཤིང་རྟར་གདན་དྲངས་ནས་རང་མཁར་ལ་ལོག དེ་ནས་རྩྭ་ཀུ་ཤའི་བུ་མོ་ཨ་སྟག་ལྷ་མོ་ལོ་བཅོ་ལྔར་སོན་པ་ན། རང་གི་ཕའི་མདུན་ནས་རྩལ་སྣ་དགུ་སྦྱངས་པ་མ་ཟད། ཕས་བསྐུལ་བ་ལྟར། རྫོང་བྲག་ཀུན་གསལ་ཕུག་པར་ཕྱིན་ཏེ་སློབ་དཔོན་མཐུ་སྟོབས་དབང་དྲག་གི་མདུན་ནས་ལོ་བཞིའི་རིང་རྩ་རླུང་ཐིག་ལེའི་སྒོམ་ཚུལ་དང་རྟ་མགྲིན་དམར་པོ་བདུད་ལས་རྣམ་རྒྱལ་གྱི་དབང་ཆ་ལག་སོགས་ཀྱི་གདམས་པ་ཐོབ། དེའི་སྐབས། ནུབ་བྱང་སེར་ཆེན་རྒྱལ་པོའི་ཕྱོགས་ནས་ཐེ་བའི་རྒྱུད་ཀྱི་བུ་ཐ་ཆུང་དེས། སྔོན་གྱི་སྙིང་ནད་ཁོག་ལ་བཅངས་ནས་མི་ལོ་བཅོ་བརྒྱད་ཀྱི་རིང་མཐུ་རྩལ་སྦྱངས་པ་དང་། ནུབ་བྱང་སེར་ཆེན་རྒྱལ་པོས་ཀྱང་གླིང་ལ་དམག་འདྲེན་རྒྱུའི་བཀོད་འདོམས་རྒྱ་ཆེན་པོ་བྱས། དེ་ནས་བློན་ཆེན་ལྷ་བཟང་རབ་བརྟན་དེས་དམག་གི་རུ་སྣ་དྲངས་ནས་བྱང་རི་ཤུའི་ཡུལ་དུ་ཐོན་པ་ལ། རི་ཤུ་རྒྱལ་པོའི་ཕྱུགས་རྫིས་མཐོང་ནས། མྱུར་དུ་རྒྱལ་པོའི་མཁར་ལ་ཡར་ཞུ་བྱས། དེ་འཕྲལ་བྱང་རི་ཤུའི་ཕྱོགས་ནས་སོ་ལྟ་མྱུལ་མ་དང་བཅས་ཐོག་མར་དམག་སྣ་ཉུང་ཙམ་བཏང་བ་དང་། དེ་རྗེས་རི་དམག་ཡོངས་སུ་བསྡུས་ནས། ཕྱོགས་གཉིས་དབར་འཐབ་འཁྲུག་ཡུན་རིང་བྱས་ཀྱང་ཕན་ཚུན་དབར་རྒྱལ་ཕམ་མ་ཆོད། དེའི་སྐབས་སུ་རྫོང་བྲག་ཀུན་གསལ་ཕུག་གི་བླ་མ་མཐུ་སྟོབས་དབང་དྲག་ནས་ཨ་སྟག་ཕྱིར་འགྲོ་དགོས་པའི་བཀའ་གནང་ཞིང་། མི་མ་ཡིན་གྱི་འཕྲུལ་བཟོས་ནང་གོས་རྡོ་རྗེའི་རིས་ཅན་དེ་ཡང་རང་ལུས་ནས་ཕུད་དེ་ཨ་སྟག་ལ་རྟེན་དུ་གནང་བ་དང་དུས་མཉམ་དུ་རི་ཤུའི་ཕྱོགས་ནས་ཀྱང་གདན་འདྲེན་པ་བྱུང་བས་དེར་ལམ་ལ་ཆས། ཨ་སྟག་གིས་རི་ཤུའི་དམག་གི་སྣ་དྲངས་ཤིང་ནུབ་བྱང་སེར་ཆེན་དམག་དཔུང་རེ་རེ་ཕམ་པར་བྱས། སྐབས་དེར་བདུད་སེར་ཆེན་གྱིས་རྒྱུན་པར་མཆོད་པའི་ཡུལ་ལྷ་གད་པ་འབྲོང་མགོ་ཞེས་འཁོར་ལ་བདུད་འབྲོང་འཇིགས་པོ་གང་དྲག་གིས་བསྐོར་ཡོད་པ་དེས། རང་གི་མཆོད་བདག་ལ་ཕམ་ཉེས་བྱུང་བ་ཚོར་ནས་རང་འཁོར་གྱི་འབྲོང་རིགས་ཀུན་བསྐུལ་ཏེ། མི་ཡུལ་ལ་གནོད་པ་ཚབས་ཆེན་བཟོས། དོན་དེ་བྱང་རི་ཤུ་རྒྱལ་པོས་ཐོས་པས། དེ་མ་ཐག་རི་ཤུའི་ཡུལ་གྱི་དམག་སྣ་བསྒྲིགས་ནས་བདུད་འབྲོང་ཚར་གཅོད་པར་ཆས། སྟབས་མ་ལེགས་པར། བྱང་རི་ཤུ་ཐོག་ཐུབ་རྒྱལ་པོ་དེ་ཡུལ་ལྷ་གད་པ་འབྲོང་མགོ་དེས་རྭ་མགོར་བླངས་ནས་དམར་གསོད་བཏང་། དེ་ནས་ཡུམ་བདེ་སྐྱིད་དཔལ་འཛོམས་དང་རི་ཤུ་ཨ་སྟག་གཉིས་ཀྱིས་རང་སོ་སོའི་འདོགས་ཆ་བྱུ་རུ་རྒྱན་ཆ་དང་བཅས་པའི་ནོར་རྫས་ཁུར་ནས་ཕྱོགས་སོ་སོའི་དགོན་སྡེ་ཁག་ལ་འབུལ་བ་དང་། ཁྱད་པར་ཨ་སྟག་ཉིད་ཀྱིས་ནོར་རྫས་གྱ་ནོམ་པ་ཁྱེར་ནས་རྫོང་བྲག་ཀུན་གསལ་ཕུག་ཏུ་བླམ་མཇལ་དུ་ཕྱིན། སྐབས་དེར་བླམ་ཁོང་ཡང་ཕྱི་མའི་ཡུལ་དུ་གཤེགས་ཟིན་པས། ཡིད་ལ་སྐྱོ་བ་དང་ཁྲོས་པ་འདྲེས་མའི་ཚོར་སྣང་དྲག་པོ་ཞིག་བྱུང་། དེ་ནས། ཕའི་དགྲ་ཤ་ལེན་པའི་སེམས་ཐག་བཅད་དེ་ལམ་ལ་ཆས། རིམ་བཞིན་འབྲོང་ཁྲག་གིས་རྒྱ་མཚོ་བསྐྱིལ། འབྲོང་རུས་ཀྱིས་གསས་མཁར་བརྩིགས། འབྲོང་ཤས་སྦྱིན་པ་བཏང་བ་སོགས་བྱས་མོད། ཕ་གསོད་ཀྱི་ཡུལ་ལྷ་གད་པ་འབྲོང་མགོ་དེ་འདུལ་བའི་གོ་སྐབས་མ་བྱུང་བས། ཕྱོགས་ངེས་མེད་དུ་བདུད་འབྲོང་འཚོལ་ཞོར་ལ་བདུད་འབྲོང་དེ་འདུལ་རོགས་ཤིག་ཡོད་ན་བསམས་ནས་སོང་ཙ་ན། བྱང་ཕྱོགས་དམུ་བདུད་ཀླུ་བཙན་རྒྱལ་པོ་དང་འཕྲད་ནས་ཕན་ཚུན་ལབ་གླེང་གི་ཁྲོད་ནས་མིང་སྲིང་གི་འབྲེལ་བ་འཛིན་རྒྱུའི་ཐག་བཅད་དེ། རེ་ཞིག་བདུད་ཀྱི་ལུགས་ལྟར་ཤ་ཁྲག་གི་ཟན་ལ་རོལ་ནས་བདུད་ཀྱི་བློན་ཆེན་པོའི་གོ་ས་བཟུང་། སྐབས་ཤིག་ན་བདུད་ཀླུ་བཙན་གྱིས་རང་ལ་བཙུན་མོ་འཚོལ་བར་ཁ་གཡར་ནས་ཨ་སྟག་ལ་རོགས་མ་བྱས་སྟབས། ཨ་སྟག་རང་གཅིག་པུས་ཕྱོགས་ཡར་མར་མྱུལ་ནས་མ་རུངས་པའི་བདུད་འབྲོང་ལག་ཟིན་ཐུབ་པ་རྣམས་ཚར་གཅོད་མི་བྱེད་ཀ་མེད་བྱུང་། དེའི་སྐབས་སེང་ཆེན་གྱིས་སྨན་མེ་བཟའ་སྐྱོབ་པ་དང་བདུད་ཀླུ་བཙན་འདུལ་རྒྱུའི་འཕྲིན་ལས་ལ་བསྙེགས་པའི་ལམ་བར་ནས་ཨ་སྟག་དང་ལས་སྨོན་གྱིས་འཕྲད། དེར་ཁོང་གཉིས་མ་གྲོས་གཅིག་མཐུན་གྱིས་ཕན་ཚུན་དབར་དུང་བ་ཟབ་མོ་ཆགས་ཤིང་། རིམ་པས་བདུད་འབྲོང་དེ་དམ་པའི་ཆོས་འོག་ལ་བསྒྱུར་ནས་མིང་ཡང་འབྲོང་རུ་གཟི་ལྡན་དུ་བཏགས། དེ་ནས་ཨ་སྟག་ཉིད་གསང་སྟབས་ཀྱིས་བདུད་མཁར་ལ་ཕྱིན་པ་དང་། བདུད་བློན་ཕྱིང་སྔོན་གྲོགས་སུ་བཀུག་པ། སྨན་མེ་བཟའི་རོགས་སྐྱོར་འོག བདུད་མཁར་གྱི་སྒོ་སྲུང་རེ་རེ་ཐབས་ཀྱིས་བཏུལ་ཞིང་། མཐར་བདུད་ཀླུ་བཙན་བཏུལ་བ་དང་བདུད་ཡུལ་གྱི་རྒྱལ་པོར་ཨ་སྟག་རང་ཉིད་བསྐོས་པ་ནི་སྒྲུང་དཔེ་འདི་ཡི་ནང་དོན་གཙོ་བོའོ།
གསུམ། སྒྲུང་དཔེ་《ཨ་སྟག་ལྷ་མོའི་གསང་རྣམ་》
༡ དཔར་གཞི་ངོ་སྤྲོད།
ཕ་ཡུལ་མགོ་ལོག་གཅིག་སྒྲིལ་རྫོང་ནས་ཡིན་པའི་དག་སྣང་གི་སྒྲུང་པའམ་གཏེར་སྒྲུང་བ་ཨོ་རྒྱན་བསྟན་འཛིན་གྲགས་པ་ནི། སྤྱི་ལོ་༡༩༦༨ལོར་འབྲོག་ཁྱིམ་ཞིག་ཏུ་སྐྱེས་ཤིང་། ལོ་བདུན་གྱི་སྟེང་ནས་ཡིག་ངོ་ཆོད་པ་དང་ལོ་བཅོ་ལྔའི་དུས་ནས་སློབ་གཉེར་དང་ནང་ཆོས་ལ་ཉམས་ལེན་བྱེད་བཞིན་སྔོན་གྱི་བག་ཆགས་སད་པས་སྒྲུང་གླུ་ཐུང་ཐུང་མང་པོ་བྲིས་ཤེས། འོན་ཀྱང་རེ་ཞིག་མེ་ཆུའི་མཁའ་ཀློང་དུ་སྦས་ཤིང་གསང་རྒྱ་བྱས། ལོ་ཉི་ཤུའི་སྟེང་རང་ཁྱིམ་དུ་ཕྱིར་ལོག་སྟེ། སྔར་གྱི་སྒྲུང་ཐུང་ནས་གླིང་གེ་སར་རྒྱལ་པོའི་སྒྲུང་རྒྱས་འབྲི་བྱེད་པའི་འགོ་ཚུགས་ཤིང་།རིམ་བཞིན་བླ་སྤྲུལ་དང་མཁས་དབང་གི་སྤྱན་སྔར་ཕུལ་ཞིང་། བཀའ་གནང་ཐོབ་ནས་གསང་རྒྱ་བཀྲོལ། ཁོང་གིས་སྒྲུང་སྣ་མི་གཅིག་པ་བརྒྱ་དང་བཅོ་བརྒྱད་འབྲི་ཐུབ་ལ། ཕལ་ཆེ་བ་ནི་སྒྲུང་པ་གཞན་གྱིས་སྤེལ་མ་མྱོང་བའི་གླིང་རྗེ་གེ་སར་རྒྱལ་པོས་རྫོང་ཕྲན་མང་པོ་ཕབ་པའི་ནང་དོན་ཤ་སྟག་ཡིན། ད་ལྟའི་བར་དུ་ཁོང་གིས་སྒྲུང་དཔེ་བཅུ་ཕྲག་གཅིག་ཙམ་དཔར་སྐྲུན་བྱས་ཡོད་ལ། སྔ་ཕྱིར་ཁོང་ལ་ཁུལ་དང་ཞིང་ཆེན། རྒྱལ་ཁབ་རིམ་པའི་སྒྲུང་མཁན་གྱི་མཚན་སྙན་བྱ་དགའ་རབ་དང་རིམ་པ་ཐོབ་མྱོང་བ་དང་། མིག་སྔར་རྫོང་དང་ས་ཁུལ་དེ་གའི་སྲིད་གྲོས་ཨུ་ཡོན་ཡིན། ཁོང་གིས་ཕབ་པའི་《ཨ་སྟག་ལྷ་མོའི་གསང་རྣམ་》འདི་ནི་སྤྱི་ལོ་༢༠༠༩ལོའི་ལོ་འགོར་སྒྲུང་པ་རང་ཉིད་ཀྱིས་ཆེད་མངགས་མཚོ་སྔོན་ཞིང་ཆེན་གེ་སར་ཞིབ་འཇུག་ཁང་ལ་དཔེ་སྐྲུན་རོགས་སྐྱོར་དགོས་པའི་རེ་བ་བཏོན་པ་ལྟར། ངེད་ཞིབ་འཇུག་ཁང་གིས་ལོ་དེའི་དཔེ་སྐྲུན་བྱ་རྒྱུའི་འཆར་གཞིའི་ནང་བཀོད་སྒྲིག་བྱས། དེ་ཡང་སྒྲུང་པའི་དབུ་ཅན་ལག་བྲིས་མ་སྔོན་དུ་བརྡ་ཡིག་ཡོད་པ། བར་མཚམས་སུ་སྒྲུང་པ་རང་གི་བློ་མོས་ལྟར་རི་ཆུ་ནགས་གསུམ་དང་བྱ་བྱེའུ་མེ་ཏོག་རྩི་ཤིང་གི་རི་མོས་བརྒྱན་ཡོད་པའི་དེབ་ཆུང་དེ་གཞིར་བཟུང་སྟེ། མཚོ་སྔོན་ཞིང་ཆེན་གེ་སར་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་དབང་མོ་མཚོ་ཡིས་ཡི་གེ་ལྕགས་དཔར་དུ་བཏགས་པ་དང་། དག་སྒྲིག་གི་འགན་ཡོངས་སུ་ཁུར་ཏེ་ནང་དོན་དང་བརྡ་རྙིང་སོགས་དོགས་གཞི་ཡོད་རིགས་ལ་ལེགས་བཅོས་དང་། སྒྲུང་གི་བྱུང་རིམ་དང་བསྟུན་ནས་ལེའུ་ཆུང་བ་དགུར་ཕྱེ་བ། དེ་དག་རེ་རེའི་ནང་དོན་ཡང་ཆི།གས་བཅད་ཤོ་ལོ་ཀ་གཅིག་ཏུ་བསྡུས་ནས་ལེའུ་ཡི་སྔོན་འགྲོ་ལྟ་བུར་བཞག་ཅིང་། ལོ་དེའི་ལོ་མཇུག་ལ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དངོས་སུ་དཔར་སྐྲུན་བྱས་པ་ཞིག་ཡིན། སྒྲུང་དཔེ་འདིའི་ཁྱད་ཆོས་གཙོ་བོ་ནི། ཁ་བྱང་ལ་《ཨ་སྟག་ལྷ་མོའི་གསང་རྣམ་》ཞེས་སྒྲུང་ལ་གསང་རྣམ་གྱི་མིང་བཏགས་ཡོད་པ་དང་། གཏེར་སྒྲུང་ཡིན་པས་སྔོན་ལ་བརྡ་ཡིག་དང་མཆོད་བརྗོད། བརྡ་ཡིག་གི་བསྡུས་དོན་བཅས་སྔོན་འགྲོའི་ཚུལ་དུ་བཀོད་ཡོད་པ་དེ་ཡིན་ལ། ནང་དོན་གྱི་ཆ་ནས་བསྡུས་སྒྲུང་གི་ཁྱད་ཆོས་ཀྱང་ཡོད་ཅིང་། གཏེར་མའི་ཁྱད་ཆོས་སུ་གཏེར་ཚེག་དང་མཇུག་ཏུ་གསང་རྒྱ་བཏབ་ཡོད་པ། མཇུག་གི་གཏམ་དུ་ཚིགས་བཅད་ཤོ་ལོ་ཀ་བདུན་ཡོད་པས། བོད་ཀྱི་སྲོལ་རྒྱུན་བསྟན་བཅོས་ཀྱི་འབྲི་ལུགས་དང་གཏེར་ཆོས་ཀྱི་ཁྱད་ཆོས་ཀྱང་ལྡན་ཡོད། སྒྲུང་དཔེ་འདིའི་འགོ་བརྗོད་ནི་རྒྱ་ཡིག་གི་ལམ་ནས་བྲིས་ཡོད་པ་དང་འབྲི་མཁན་ནི་མཚོ་སྔོན་ཞིང་ཆེན་དྲིལ་བསྒྲགས་པུའུ་ཡི་གཙོ་འགན་བཞེས་མྱོང་ཞིང་དབྱིས་རིགས་ཀྱི་སྐད་གྲགས་ཆེ་བའི་སྙན་ངག་པ་ཇི་ཏི་མཱ་ཇ་ཞེས་པ་ཁོང་ཡིན། སྒྲུང་དཔེ་འདིར་བསྡོམས་པས་ལེའུ་དགུ་ལ་ཤོག་གྲངས་༢༢༩ཡོད།
༢ ནང་དོན་རགས་བཤད།
དེ་ཡང་ལྷ་ཡི་ལུང་བསྟན་ལྟར། གེ་སར་རྒྱལ་པོར་སྡོང་གྲོགས་ཤིག་དགོས་པ་ལ། ཡབ་རྟ་མཆོག་རོལ་བ་དང་ཡུམ་རྡོ་རྗེ་ཕག་མོའི་ཐུགས་རྒྱུད་བསྐུལ་བ་ལས། དཀར་དམར་ཐིག་ལེའི་རྣམ་པ་ཅན་ཞིག་ཡར་ཁམས་བྱང་མའི་ཡུལ་གྱི་ངམ་གྲོག་གཅོང་རོང་གི་ཚལ་འཇིགས་སུ་རུང་བར་བབ་པ་དང་། དེ་རྗེས་དེ་ཉིད་དཀར་ལ་དམར་མདངས་ལྡན་པའི་སྒོ་ང་ཟླུམ་པོ་ཞིག་ཏུ་གྱུར་བ་ལ་རྗེ་བཙུན་འཕགས་མ་སྒྲོལ་མ་སོགས་ལྷ་ཚོགས་འཁོར་གྱིས་སྐུ་ཁྲུས་དང་ན་བཟའ་ཕུལ་ཞིང་། ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་རྡོ་རྗེ་དང་ཚེ་བུམ་ཁ་ཊཾ་ཀའི་དབང་བསྐུར། དེའི་དུས་སུ་རྫུས་སྐྱེས་སམ་སྒོང་སྐྱེས་ཀྱི་བུ་མོ་དེ་ཉིད་ན་ཚོད་ལོ་ལྔར་བྱོན་ཏེ་ཕ་མ་དང་རིགས་རུས་མ་རྟོགས་ཀྱང་རྩྭ་ཀུ་ཤའི་ཚལ་དུ་གནས་བཅའ་ཞིང་། ཞལ་དཀར་ལ་པདྨ་ལྟར་ལྟ་ན་སྡུག་པས། བྱང་ཀུ་ཤའི་ཚལ་གྱི་མེ་ཏོག་དཀར་མོ་ཞེས་བརྗོད། དེ་ནས་ཕག་ན་པི་ལྦང་བསྣམས་པ་ཞིག་གིས་ཀུ་ཤའི་བུ་མོ་ལ་གྲི་ཐོད་ཅིག་གནང་ཞིང་། བྱང་བདུད་ཀླུ་བཙན་རྒྱལ་པོ་དང་ཐུག་འཕྲད་ཡོང་བའི་ལུང་བསྟན། ཀུ་ཤའི་བུ་མོ་མི་ལོ་བདུན་ལ་སླེབས་སྐབས། ཁོ་མོའི་མཛད་སྤྱོད་ཡ་མ་ཟུང་དེ་མཐའ་འཁོར་ཀུན་གྱིས་གོ་ཐོས་བྱུང་ནས། ཆེད་དུ་མོ་ལུང་བརྟག་གསུམ་གྱིས་བཙལ་བ་ལ། ཐོག་མར་ཀླུ་བཙན་རྒྱལ་པོས་ཀུ་ཤའི་བུ་མོར་བཙན་ཚོད་ཀྱིས་མཐོང་ཆུང་དང་ཟུར་ཟའི་ཚིག་མང་དུ་སྨྲས་ཤིང་། ཕན་ཚུན་དབར་རྩལ་འགྲན་ཐེངས་མང་བརྒྱུད་ཀླུ་བཙན་རྒྱལ་པོས་རིམ་བཞིན་ཨ་སྟག་ལྷ་མོའི་ནུས་རྩལ་ལ་འགྲན་ཟླ་མི་ཕོད་པར། ཁོ་མོ་ནི་མི་དཀྱུས་མ་ཞིག་མིན་པ་ཤེས་ནས་རང་གི་བློན་དུ་བསྐོས་ན་སྙམ་པའི་བསམ་པ་བྱུང་སྟེ། ཀུ་ཤའི་བུ་མོར་ཨ་སྟག་ལྷ་མོ་ཞེས་པའི་མཚན་གསོལ་བ་དང་ངོ་དགའི་གཏམ་ཡང་མང་དུ་སྨྲས། དེ་རྗེས་ཨ་སྟག་གི་བཀོད་པ་ལྟར་མཁར་རྫོང་སོགས་བརྩིགས་ནས་འདོད་བློ་ཇི་བཞིན་དུ་བསྐངས་པས། རེ་ཞིག་ཀུ་ཤའི་བུ་མོས་བདུད་ཀྱི་སོ་སྲུང་གི་ལས་གཉེར་རྒྱུ་ཁས་བླངས་ནས་མི་ལོ་འགའ་འདས། ཀུ་ཤའི་བུ་མོ་ན་ཚོད་སྨིན་པ་དང་མཉམ་དུ་ཁེར་རྐྱང་གི་འཚོ་བར་སྐྱོ་སྣང་གིས་སྡུག་གླུ་ངག་ལ་གྱེར་ཞིང་བསྡད་པའི་ནུབ་ཅིག་གི་རྨི་ལམ་ནང་། གླིང་རྒྱལ་གེ་སར་དང་འཕྲད་དེ་བརྩེ་བ་དང་དུང་བའི་ལབ་གླེང་སྣ་ཚོགས་བགྱིས་པ་རྨིས། སྐབས་དེར་ལྷ་ཀླུ་གཉན་གསུམ་གྱིས་སྤྲུལ་བའི་སྤྲང་པོ་གསུམ་བདུད་ཀླུ་བཙན་གྱི་ཕོ་བྲང་གི་སྒོ་རྩར་སླེབས་ནས། ཁྲ་མོ་གླིང་ཡུལ་ན་སྨན་མེ་བཟའ་འབུམ་སྐྱིད་ཅེས་པའི་མཛངས་མའི་ཡོན་ཏན་བརྒྱད་དང་ལྡན་པ་ཞིག་ཡོད་པ་དེ་འཕྲོག་དགོས་པར་སྐུལ། དེ་ནས་བདུད་ཀླུ་བཙན་རྒྱལ་པོ་གླིང་ཡུལ་ལ་ཐོན་ནས་ཨ་ཁུ་ཁྲོ་ཐུང་གི་ནང་རུལ་ལ་བརྟེན་ནས་སྨན་མེ་བཟའ་འབུམ་སྐྱིད་འཕྲོག དེར་གེ་སར་ར་མདར་ཆས་ནས་འདོ་རྗེ་རྐྱང་བུ་ཁ་དཀར་དང་མཉམ་དུ་རྫུ་འཕྲུལ་སྣ་ཚོགས་དང་བཅས་ཀྱིས་ལམ་དགྲ་རེ་རེ་བཞིན་བཏུལ། རིམ་བཞིན་གེ་སར་དང་ཨ་སྟག་གཉིས་སྔོན་གྱི་རྨི་ལམ་ལྟར། ཕན་ཚུན་ངོ་འཕྲད་ནས་འགྱིག་ཤོ་ལན་མང་བཏབ་པ་དང་མཉམ་དུ་བརྩེ་དུང་གི་རྨང་གཞི་ཡང་བཏིང་ཞིང་། ཨ་སྟག་ལྷ་མོས་བདུད་ཀླུ་བཙན་འདུལ་བའི་མཐུན་རྐྱེན་བསྐྲུན་རྒྱུ་ཁས་བླངས། དེ་ནས་གེ་སར་ལམ་ལ་ཆས་པ་དང་ཨ་སྟག་ལྷ་མོས་སྨོན་ལམ་རྒྱ་ཆེན་པོ་བཏབ། སྐབས་ཤིག་ན་ཨ་སྟག་ལྷ་མོའི་འཕྲལ་གྱི་སྒྲིབ་པ་རྨི་ལམ་དབྱིངས་ནས་སད་པ་ལྟར་གྱུར་ཏེ། སྔོན་གནས་རྗེས་དྲན་དང་རྟོག་པ་མངོན་དུ་གྱུར་བ། མངོན་ཤེས་ཤར་ཞིང་རྫུ་འཕྲུལ་ལ་དབང་ཐོབ། གེ་སར་སོང་ཤུལ་ནས་ཨ་སྟག་ལྷ་མོ་འཇིག་རྟེན་འཁོར་བར་ངེས་འབྱུང་སྐྱེས་ཤིང་དགྲ་གཉེན་གྱི་ངོ་བོ་གསལ་པོར་ངེས་ནས་མཚམས་ལ་བཞུགས། ལོ་འགའ་ཞིག་འགོར་ཡང་གེ་སར་ད་དུང་ཕྱིར་མ་ཕེབས་པས་ཨ་སྟག་བློ་མ་བདེ་བར་བལྟ་རུ་ཕྱིན་པས། གེ་སར་གྱིས་བདུད་བློན་ག་དར་ཕྱིང་སྔོན་གྲོགས་སུ་བཀུག་སྟེ་བདུད་སྡེ་འབངས་སུ་བསྒྱུར་ཟིན་མོད། མེ་བཟས་བསྙལ་བའི་ལོ་ཆང་སོགས་འཐུང་སྟབས། བདུད་ཀླུ་བཙན་གྱི་རྣམ་ཤེས་དག་ཞིང་དུ་འདྲེན་རྒྱུ་དང་ཁ་གནོན་མཆོད་རྟེན་བཞེངས་རྒྱུ་སོགས་ཀྱི་ལས་འཕྲོ་འགའ་ལུས། ཨ་སྟག་སླེབས་སྐབས་མེ་བཟས་མི་དགའ་བའི་རྣམ་འགྱུར་གང་མང་བསྟན་ཞིང་ཕན་ཚུན་དབར་ཟུར་ཟ་དང་ཕྲག་དོག་གི་ཚིག་མང་དུ་སྨྲས། སྐབས་དེར་བློན་པོ་ཕྱིང་སྔོན་གྱིས་བར་འདུམ་བྱས་ཀྱང་ཨ་སྟག་ནི་སེམས་སྐྱོ་ཞིང་མིག་ཆུ་མང་དུ་ཤོར། དེར་གེ་སར་གྱིས་རྨི་ལམ་ཁྲོད་ནས་ཁོ་མོར་ལས་འབྲེལ་ཟབ་པའི་སེམས་གསོ་ཚད་མེད་མཛད་པ་མ་ཟད། དར་དཀར་གྱིས་བརྒྱན་པའི་མདའ་ཞིག་ཀྱང་གནང་བས། ཨ་སྟག་གི་སེམས་ལ་དགའ་བ་འབུམ་གྱིས་མྱོས་ཏེ། རྗེ་བཙུན་འཕགས་མ་སྒྲོལ་མའི་བསྙེན་སྒྲུབ་ལ་བརྩོན་པ་བསྐྱེད་པ་དང་། ཚེ་མཇུག་ལ་སྒྲོལ་མའི་ཐུགས་རྗེའི་འོད་སྣང་འཕྲོས་ནས། རིགས་ལྔའི་ཞིང་ལ་རྫུ་འཕྲུལ་གྱིས་ཕེབས་ཤིང་བྱང་ཆུབ་ལ་རེག་པའི་དངོས་གྲུབ་ཐོབ། ཧོར་འདུལ་གྱི་རྗེས་སུ་རྨ་སྲིབ་དར་ནག་ཡུག་དགུ་ཡི་ས་ལ་གནས་སྤར་ཏེ་ཕོ་བྲང་འབྲོང་མོའི་རྭ་རྫོང་ཞེས་བྱ་བ་བརྩིགས་ནས་བདུད་སྡེ་སྤྱི་ཡི་དཔོན་མོར་བསྐོས། ཕྱོགས་ཀྱི་རྒྱལ་ཁག་མང་པོ་འབེབས་དུས་དྲག་པོའི་འཕྲིན་ལས་མྱུར་བས་མཚན་ལ་དཔའ་མོ་ཞེས་ཐོགས། དེ་ལྟར་ཨ་སྟག་ཉིད་ལོ་བཅོ་ལྔ་ནས་གེ་སར་གྱི་སྐུ་སྲུང་བྱས་ནས་ལོ་བརྒྱ་དང་སོ་དྲུག་ལ་སོན་དུས། ཚེ་རྫོགས་སྒྲུང་གི་ཆོས་འཁོར་ཆེན་མོ་ལ་མཉམ་གཅིག་ཏུ་རོལ་ནས་ལྷག་པའི་སྐྱེ་བོ་གང་མང་ལ་གདམས་པ་མང་དུ་སྦྱིན་ཏེ་ཡར་སྟེང་ཕྱོགས་ཡུལ་ལ་ཆས། དེ་ནས་ཨ་སྟག་ཉིད་ཡར་དག་ཞིང་འགྲིམས་པའི་ལམ་བར་ནས། རྒྱབ་ཆོས་གོས་ཅན་གྱི་བཙུན་པ་དང་རྣལ་འབྱོར་བ། གོས་དཀར་ལྕང་ལོ་ཅན། རྒྱལ་བློན་སྐྱེས་པ་བུད་མེད་འཁོར་གཡོག་སོགས་ཚོགས་པ་ཀུན་གྱི་ཞུས་ངོར། རེ་རེར་འཚམ་པའི་གདམས་པ་རྒྱ་ཆེན་པོ་སྦྱིན། དེ་ནས་གླིང་ཡུལ་ན་ལྷག་པ་རྣམས་ཀྱིས་ཨ་སྟག་ཉིད་མཁའ་སྤྱོད་དུ་ཕེབས་པ་ལ་བཤོལ་འདེབས་ཀྱི་སྨྲེ་སྔགས་བཏོན་ཞིང་མཆི་མ་ཕྱུང་བར། ཨ་སྟག་གིས་ཁ་ཕྱིར་ཕྱོགས་ཏེ་དད་མོས་བྱས་ན་གླིང་རྗེ་བློན་རྣམས་ཀྱི་ཐུགས་རྗེའི་རྗེས་སུ་འཛིན་པ་ཡིན་ཞེས་སོགས་ཀྱི་བསླབ་བྱ་བྱས། ཡར་སྟེང་ཕྱོགས་ལྷ་ལམ་ལ་གཤེགས་པའི་མཚམས་ནས་ཤར་རྨ་རྒྱལ་སྦོམ་ར་གཙོ་འཁོར་ཡོངས་ཀྱིས་སྨོན་ལམ་མཛད་ལ། ཨ་སྟག་གིས་རང་གི་མཁར་རྫོང་ལ་ཁ་ཕྱིར་ཕྱོགས་དུས་ཕོ་བྲང་གི་རྨང་ཤུལ་དུ་འབྲོང་ཕོ་བརྒྱའི་ཡ་ཐོད་དང་མོ་བརྒྱའི་མ་ཐོད་སྐྱ་ཁྲོལ་ལེར་ཡོད་པ་མཐོང་། དེ་ནས་ཤར་ལྷོ་ནུབ་བྱང་སོགས་ཕྱོགས་དང་ཕྱོགས་སོ་སོ་ནས་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ཀྱིས་ཨ་སྟག་ལ་བསུ་བ་རྒྱ་ཆེན་པོ་མཛད་ཅིག དགའ་བའི་བྲོ་གར་མཛད་པ་སོགས་ནི་དཔར་གཞི་འདིའི་བརྗོད་བྱའི་སྙིང་བསྡུས་ཙམ་མོ།
བཞི། སྒྲུང་དཔེ་《དམྱལ་གླིང་མུན་པ་རང་གསལ་》
༡ དཔར་གཞི་ངོ་སྤྲོད།
སྒྲུང་དཔེ་འདིར་དམངས་ཁྲོད་དུ་ཤིང་དཔར་དང་ལྕགས་དཔར་བཅས་རིགས་གཉིས་ཡོད་པ་ལས། བདག་གིས་ཉར་བའི་ལྕགས་ཀྱི་དཔར་མ་ནི་མཚོ་སྔོན་ཞིང་ཆེན་རིག་རྩལ་ཞིབ་འཇུག་ཚོགས་པས་འཚོལ་བསྡུ་བྱས་པ་ཞིག་ཡིན་ཚུལ་དེབ་འདིའི་དཔར་སྐྲུན་གསལ་བཤད་ནང་གསལ། སུ་ཞིག་གིས་དག་སྒྲིག་བྱས་པ་དང་མ་ཡིག་གང་དུ་ཡོད་སྐོར་སོགས་ནི་མི་གསལ། དེས་ན་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ཚོགས་པ་ཞེས་པ་འདི་བསྒྱུར་ནོར་བྱུང་བ་འདྲ་སྟེ། སྤྱི་ལོ་༡༩༨༠ལོའི་རྒྱ་ཡིག་གི་མིང་ཆ་ཚང་ལ་青海省民间文艺研究会ཞེས་པ་དང་རྗེས་ཀྱི་སྤྱི་ལོ་༡༩༨༡ལོར་中国民间文艺研究会青海分会ཞེས་སུ་མིང་བསྒྱུར་བྱས་ཡོད་པ་ལས་རྟོགས་ཐུབ། དེང་སྐབས་མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་ཚོགས་པ་ཞེས་པ་འདི་ཡིན། དེ་སྔོན་ལས་ཁུངས་འདི་ཡིས་མཚོ་སྔོན་གྱི་གྲངས་ཉུང་མི་རིགས་ཁག་གི་དམངས་ཁྲོད་གཏམ་རྒྱུད་མང་པོ་འཚོལ་བསྡུ་བྱས་ཡོད་ཅིང་། ལྷག་པར་དུ་བོད་ཀྱི་དམངས་ཁྲོད་གཏམ་རྒྱུད་དང་གཏམ་དཔེ། འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་སོགས་འཚོལ་བསྡུ་དང་དག་སྒྲིག་བྱེད་མྱོང་ཡོད་ལ། སྤྱི་ལོ་༡༩༨༠ལོར་བསྐྲུན་པའི་《ཧོར་གླིང་གཡུལ་འགྱེད་》ཀྱི་ལྕགས་དཔར་ཐོག་མ་དེའང་ལས་ཁུངས་འདིས་སྣེ་ཁྲིད་བྱས་པ་ལས་བྱུང་བ་ཞིག་ཡིན། སྐབས་དེར་མཚོ་སྔོན་ཞིང་ཆེན་གེ་སར་ཞིབ་འཇུག་ཁང་གི་བྱ་བ་ཡང་ལས་ཁུངས་འདི་དང་མཉམ་འབྲེལ་ཐོག་ནས་བགྱིས་ཀྱི་ཡོད་པར་བཤད། དེབ་འདིའི་རྒྱབ་ཤོག་སེར་སྐྱ་དང་བུད་མེད་ཅིག་གིས་ཕྱག་ཟུང་ཐལ་མོའི་སྙིམ་པ་དཔྲལ་བར་སྦྱར་བའི་རི་མོ་ཞིག་དང་། མདུན་ཤོག་གི་འོག་ཏུ་དབུ་མེད་གཟབ་བྲིས་མས་“འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་དམྱལ་གླིང་མུན་པ་རང་གསལ་” ཞེས་བྲིས་ཡོད། འདི་ནི་སྤྱི་ལོ་༡༩༨༣ལོའི་ཟླ་༨པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་ཐེངས་ལྔ་པ་བཏབ་པ་ཞིག་ཡིན་ཞིང་། ལེའུ་གསུམ་ཅན་ལ་ཤོག་གྲངས་༡༠༩ཡོད་པ་ཞིག་ཡིན། དཔར་གཞི་འདི་ནི་པདྨ་མ་རྒྱ་མཚོ་ཟེར་བ་ཞིག་གིས་མདོ་སྨད་རེབ་གོང་ཁུལ་ནས་འཚོལ་བསྡུ་བྱས་པར་བཤད་མོད། དོན་དུ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཤིང་དཔར་ལ་གཞི་བྱས་པར་འདོད་དེ། དེ་གཉིས་ཀྱི་ནང་དོན་ཕལ་ཆེ་བ་འདྲ་པོ་ཡོད་པའི་ཕྱིར་རེབ་གོང་ནས་འཚོལ་བསྡུ་བྱས་པའི་ཨ་སྟག་ལྷ་མོའི་སྒྲུང་དཔེ་དེ་ནི་མིག་སྔར་མཚོ་སྔོན་ཞིང་ཆེན་གེ་སར་ཞིབ་འཇུག་ཁང་དུ་ཉར་ཡོད་ཅིང་། དབུ་མེད་འཁྱུག་བྲིས་ཀྱི་ཡིག་གཟུགས་མི་ལེགས་པའི་སྟེང་དག་ཆའང་ཧ་ཅང་ཞན་པའི་ཁར། ཁ་སྐད་དང་གྲོང་སྐད་མང་པོ་ཡོད་པ་ཞིག་ཡིན་པ་མ་ཟད། ནང་དོན་ཐད་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བའི་《དམྱལ་གླིང་མུན་པ་རང་གསལ་》དང་ཁྱད་པར་ཆེན་པོ་ཡོད། སྒྲུང་དཔེ་དེའི་ནང་གེ་སར་རྒྱ་ནག་ལ་ཆས་སྐབས། ཡབ་སེང་བློན་དང་ཡུམ་འགོག་བཟའ་གཉིས་ཀྱིས་གཤོལ་བཏབ་པའི་སྐོར་གྱི་ནང་དོན་ཚན་པ་ཞིག་དང་། གེ་སར་གྱིས་ཕ་མའི་དྲིན་ལན་གླུ་རུ་བླངས་པའི་སྐོར་གྱི་ནང་དོན་ཚན་པ་ཞིག་ཡོད། སྒྲུང་དཔེ་དེ་ཆོས་དཔེ་སྣ་རིང་ལྟར་དུ་བྲིས་ཡོད་པ་དང་ཁ་བྱང་ལ་དབུ་མེད་འཁྱུག་བྲིས་ཀྱིས་“འཛམ་གླིང་གེ་སར་རྒྱལ་པོའི་རྣམ་མཐར་ཉན་ལང་མིན་པ་རང་སེལ་ཞེ་བྱ་བ་བཞུགས་སོ་”ཞེས་བྲིས་འདུག དེ་ལ་ཁྱོན་བསྡོམས་ཤོག་གྲངས་དྲུག་ཅུ་རེ་བརྒྱད་དང་ཕྱེད་ཀ་ཙམ་ཡོད་ཅིང་། མཇུག་ཏུ “སྐྱེས་བ་ཕོ་མའི་ཐམས་ཅད་ཀྱིས་གསན་ན། ཡིག་གེ་དྲུག་མའི་རིགས་སྔགས་འདི་ལན་གཅིག་བཟློས་ན་བསྐལ་བ་སྟོང་དུ་གཤེག་མི་དགོས་པའི་དགེ་བ་ཐོབ་བོ། ཨོམ་མ་ནི་པདྨེ་ཧཱུ དམྱལ་ལང་མིན་བ་རང་སེལ་ཞེ་བྱ་བ་བཞུགས་སོ། སརྦ་མངྒ་ལམ་”ཞེས་དབུ་མེད་འཁྱུག་བྲིས་ཤིག་གིས་བྲིས་ཡོད། དེའི་མདུན་ཤོག་སྟེང་དུ། “阿德拉毛故事”之部(已译) ”ཞེས་དང་“此书原存者:同仁隆务寺增人阿卡 收集者:青海文联民间文学组 华加、m收集时:一九五八年九月五日”ཞེས་པའི་རྒྱ་ཡིག་བྲིས་འདུག རྒྱབ་ཀྱི་ཤོག་བུ་མཐུག་པོ་ཞིག་གི་སྟེང་དུའང་ཡང་བསྐྱར་རྒྱ་ཡིག་དེ་དག་སྣག་ཚ་སྔོན་པོས་བྲིས་ཡོད།
མཚོ་སྔོན་ཞིང་ཆེན་གེ་སར་ཞིབ་འཇུག་ཁང་དུ་ད་དུང་རེབ་གོང་ནས་འཚོལ་བསྡུ་བྱས་པར་བཤད་པའི་ལག་བྲིས་མ་དེའི་རྒྱ་ཡིག་གི་འགྱུར་མ་ཡང་ཉར་ཡོད་དེ། དེའི་མདུན་ཤོག་ཁ་བྱང་དུ་སྣག་ཚ་དམར་པོས་རྒྱ་ཡིག “格萨尔王传”ཞེས་དང་། དེའི་འོག་ཏུ་སྣག་ཚ་ནག་པོས་རྒྱ་ཡིག “地狱救妻之部(资料之一 青海同仁隆务镇手抄本) ”ཞེས་དང་། དེའི་གཤམ་འོག་ཏུ “青海省民间文学研究组搜集、翻译、编印1960.1.西宁”ཞེས་བྲིས་འདུག མཚོ་སྔོན་ཞིང་ཆེན་གེ་སར་ཞིབ་འཇུག་ཁང་དུ་སྒྲུང་དཔེ་དེ་འདྲའི་རྒྱ་འགྱུར་མ་སྐོར་ཞིག་ཉར་ཡོད་ཅིང་། དེ་དག་ནི་“རིག་གསར་ལས་འགུལ་ཆེན་པོའི་” སྐབས་སུ་སྐྱོན་འགེལ་བྱས་པའི་ཤེས་ཡོན་ཅན་བཙོན་ལ་བཅུག་པ་རྣམས་ལ་ངལ་རྩོལ་བསྒྱུར་བཅོས་དོད་དུ་སྤྲད་ནས་ཡིག་སྒྱུར་བྱས་པར་གྲགས། རྗེས་སུ་དེ་དག་མཚོ་སྔོན་ཞིང་ཆེན་དྲིལ་བསྒྲགས་པུའུ་ཡི་ཡིག་ཚགས་ཁང་དུ་ཉར་བའི་རྟགས་སུ། “中共青海省委宣传部资料室”ཞེས་པའི་ཐམ་ག་གསལ་པོར་བཀོད་འདུག རྒྱ་འགྱུར་མའི་ཡིག་སྒྱུར་གསལ་བཤད་ནང་དུའང་མ་ཡིག་རེབ་གོང་ནས་འཚོལ་བསྡུ་བྱས་པའི་ལག་བྲིས་མ་ཡིན་ཚུལ་གསལ་པོར་བཀོད་འདུག སྒྱུར་མཁན་སུ་ཡིན་གསལ་པོ་མི་འདུག
བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཤིང་དཔར་མའི་ཁ་བྱང་ལ།“ཨ་སྟག་ལྷ་མོ་རྣམ་ཐར་དམྱལ་གླིང་མུན་པ་རང་གསལ་བཞུགས་སོ། །”ཞེས་ཡིག་གཟུགས་དབུ་ཅན་ལས་བྱས་པ་ཞིག་བཀོད་འདུག སྤྱིར་《ཨ་སྟག་ལྷ་མོའི་རྣམ་ཐར་དམྱལ་གླིང་མུན་པ་རང་གསལ་》ཞེས་པར་ཡོངས་གྲགས་སུ་《ཨ་སྟག་ལྷ་མོའི་སྒྲུང་》ཡང་ཟེར་ལ། དམངས་ཁྲོད་དུ་ཕལ་ཆེར་འདི་ལྟར་འབོད་པར་གོམས་ཡོད། དེར་བསྡོམས་པས་ཤོག་གྲངས་༡༠༧ཡོད་པ་དང་། མཇུག་བྱང་དུ། “དམྱལ་གླིང་རྒྱས་འབྲིང་བསྡུས་གསུམ་གྱི་འབྲིང་བོ་འདི་ནི་མཚོན་བྱས་སྨན་པས་བསྐུལ་ངོར། དེ་ནས་ས་སྐྱ་བ་ཁམས་པ་སྟག་ཤམས་རྡོ་རྗེ་བསྒོགས་རང་ལོ་སོ་གཅིག་སྟེང་དུ་ལོ་ཟླ་བ་གསུམ་པའི་ཡར་ཚེས་ལ་བྱང་སྒོ་མེ་བླ་བྲང་ས་སྐྱའི་ཕོ་བྲང་དུ་སྦྱར་བའི་བྲིས་པ། འདི་ལ་ཉེས་འགལ་མཆིས་ན་འཛམ་གླིང་གེ་སར་རྒྱལ་པོ། ཡེ་ཤེས་ནོར་བུ་དགྲ་འདུལ་ལ་བཟོད་པར་གསོལ། ཆོས་འདི་ཡུལ་ཀུན་ལ་དར་ཞིང་རྒྱས་པར་གྱུར་ཅིག་”ཅེས་བྲིས་ཡོད། སྟག་ཤམས་རྡོ་རྗེ་ཞེས་པ་ནི་སྟག་ཤམས་ནུས་ལྡན་རྡོ་རྗེ་ཞེས་པ་སྟེ། སྤྱི་ལོ་༡༦༥༥ནས་སྤྱི་ལོ་༡༧༨༠བར་གྱི་མི་ཡིན། དེ་ནས་གོང་གི་དེའི་འཕྲོར “དད་ལྡན་དགེ་སློང་ཆོས་འཕེལ་རྒྱ་མཚོ་དང་། །དགེ་སློང་བསྟན་འཛིན་གཉིས་ཀྱིས་རྐྱེན་སྦྱར་ཏེ། །དཔར་དུ་སྡེབ་པས་མཁས་མཉམ་མ་རྒན་རྣམས། །གནས་སྐབས་མི་འདོད་ཉེར་འཚེ་ཀུན་ཞི་ཞིང་། །མཐར་ཐུག་སྐུ་བཞིའི་ཕོ་བྲང་ཉམས་དགའ་བར། །བགྲོད་པའི་རིན་ཆེན་ཐེམ་སྐས་འགྱུར་བར་ཤོག །དཔལ་ལྡན་བཀྲ་ཤིས་འཁྱིལ་དུ་དཔར་དུ་བསྒྲུབས། །སརྦ་མངྒ་ལཾ་”ཞེས་བཀོད་ཡོད། ཤིང་དཔར་བརྐོ་ས་ནི་བླ་བྲང་བཀྲ་ཤིས་འཁྱིལ་ཡིན་པ་དང་། དཔར་དུ་རྐོ་དུས་ཕལ་ཆེར་དུས་རབས་བཅུ་དགུ་པའི་མཇུག་དང་ཉི་ཤུ་པའི་འགོ་ཙམ་དུ་ཡིན་པར་འདོད།
༢ ནང་དོན་རགས་བཤད།
དེ་ཡང་གེ་སར་རྒྱལ་པོ་རྒྱ་ནག་གི་ཡུལ་ཁམས་ཐམས་ཅད་བདེ་ལ་འགོད་པར་མ་ཕེབས་པའི་སྔོན་དུ། ཨ་སྟག་ལྷ་མོ་ལ་ད་རེས་ཁྱོད་འཆི་བ་མི་རྟག་ཟེར་བ་དེ་ཐོག་ལ་བབས་ཡོད་པས། ནམ་འཆི་ལ་ངེས་པ་མེད། སྔར་བྱས་ཀྱི་སྡིག་པ་ལ་འགྱོད་བཤགས་དང་ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བྱེད་པའི་དམ་བཅའ་དྲག་པོ་གྱིས་ཞེས་གསུངས། དེ་ནས་གེ་སར་རྒྱལ་པོ་རྒྱ་ནག་ཏུ་ཕེབས། ཨ་སྟག་ལྷ་མོར་འཆི་བའི་ནད་ཆེན་ཐེབས་ཏེ་ཚེ་ཡི་འདུ་བྱེད་བཏང་ཞིང་། ཤི་གསོན་བྱེ་མའི་ལ་ཁར་ཐོན་མ་ཐག་དེར། གཤིན་རྗེ་ལས་མཁན་དག་གིས་ཨ་སྟག་ལྷ་མོ་ཁྲིད་ནས་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་དྲུང་དུ་སླེབས་པ་ན། ཨ་སྟག་ལྷ་མོས་གཤིན་རྗེ་ཆོས་རྒྱལ་ལ་མགོ་བསྐོར་འདོད་ནས་རྫུན་ཇི་ལྟར་བཤད་ཀྱང་མ་ཕན་ཏེ། ཆོས་རྒྱལ་གྱིས་ལས་ཀྱི་མེ་ལོང་ལ་བལྟས། ལས་དགེ་སྡིག་གི་རྡེའུ་དཀར་ནག་རྩིས་སུ་བླངས་པས། ལུས་ངག་ཡིད་གསུམ་གྱིས་མི་དགེ་བ་བཅུའི་ལས་བྱས་ཚད་ཐམས་ཅད་གསལ་པོར་ཤར་ཏེ། སྡིག་པ་ཆེ་བ་བྱོལ་ཐབས་མེད་པས་ཨ་སྟག་ལྷ་མོ་དམྱལ་བའི་ཁམས་སུ་ལྷུང་། དེ་ནས་གེ་སར་རྒྱལ་པོ་རྒྱ་ནག་ནས་ཕྱིར་ཕེབས་ཏེ། མྱུར་དུ་གཤིན་རྗེ་ཆོས་རྒྱལ་གྱི་དྲུང་དུ་བཅར་ནས་བཀའ་གསུང་མེ་སྟག་མཆེད། ཆོས་སྐྱོང་སེར་བ་འབབ་འབབ་མཛད་དེ། སྟོང་ཉིད་སྙིང་རྗེ་ཆེན་པོའི་ངང་ནས་ཀི་ལན་གསུམ་བཏབ་པས། བཞེངས་མ་མྱོང་བའི་ཆོས་རྒྱལ་ཁྲི་ཐོག་ནས་བཞེངས། བྲོས་མ་མྱོང་བའི་ལས་མཁན་ཕྱོགས་བཞིར་བྲོས། དེ་ནས་ཨ་སྟག་ལྷ་མོས་ངན་སོང་གི་ལས་རེ་རེ་བཞིན་གེ་སར་ལ་དྲིས་ཤིང་། གེ་སར་རྒྱལ་པོས་ཀྱང་བར་དོ་ངོ་སྤྲོད་དང་དམྱལ་བ་ངོ་སྤྲོད་ཀྱི་ཚུལ་དུ་ལན་བཏབ། མ་འགྱངས་བར་ཨ་སྟག་ལྷ་མོས་གཙོ་བྱས་པའི་ཤི་བོ་དུང་ཕྱུར་བཅོ་བརྒྱད་ནུབ་ཕྱོགས་བདེ་བ་ཅན་དུ་དྲངས་པ་སོགས་ནི་སྒྲུང་དཔེ་འདིའི་བརྗོད་དོན་གཙོ་བོ་ལགས་སོ། །
མཆན་འགྲེལ་དང་ལུང་འདྲེན་དཔྱད་ཡིག
①ཨོ་རྒྱན་བསྟན་འཛིན་གྱིས་ཕབ། 《ཨ་སྟག་ལྷ་མོའི་གསང་རྣམ་》 སྤྱི་ལོ་༢༠༠༩ལོའི་ཟླ་༡༢པར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།
②དུར་བུད་བློ་བཟང་འོད་ཟེར་གྱིས་ཕབ། 《སྒྲུང་དཔེ་ཨ་སྟག་ཀླུ་མོ་》 སྤྱི་ལོ༢༠༡༠ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།
③《དམ་ཅན་བསྟན་སྲུང་གི་རྣམ་ཐར་》 ཤོག་ངོས་༡༢༣-༡༢༤བར་གསལ།
④《སྐྱབས་རྗེ་བླ་མ་རིག་འཛིན་ཉི་མའི་གཏེར་འབུམ་མཐོང་བ་རང་གྲོལ་བཞུགས་སོ་》 དམངས་ཁྲོད་ལག་བྲིས་མའི་ཤོག་ངོས་༥༡༣ན་གསལ།
⑤བླ་མ་དབྱིངས་བྷོ《འཛམ་གླིང་གེ་སར་རྒྱལ་པོ་ལ་བརྟེན་ནས་གཡང་འགུགས་བྱ་ཚུལ་སྲིད་གསུམ་བསྟན་འགྲོའི་དབུལ་སེལ་དགོས་འདོད་ནོར་བུའི་ཆར་ཆེན་ཞེས་བྱ་བ་བཞུགས་སོ་》 དམངས་ཁྲོད་ལྕགས་དཔར་སྣ་རིང་མའི་ཤོག་ངོས་༡༥ན་གསལ།
⑥བསྟན་འཛིན་གྲགས་པས་བརྩམས། 《བསང་མཆོད་ཝེར་མའི་མཆོད་སྤྲིན》 དམངས་ཁྲོད་ལྕགས་དཔར་གྱི་ཤོག་ངོས༤༩ན་གསལ།
⑦ལྡོང་ནོར་སྡེ། 《ལྡོང་ནོར་སྡེ་ཡི་རྩོམ་ཡིག་གཅེས་བསྒྲིགས་》 པོད་ལྔ་པ། ཡུལ་སྲོལ་གསོལ་མཆོད་ཀྱི་སྐོར། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས༢༠༡༤ལོའི་ཟླ་༨པར་དཔར། ཤོག་ངོས་༡༣༤ན་གསལ།
[གསལ་བཤད།]དཔྱད་རྩོམ་འདི་ནི་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་རོགས་དངུལ་ཐོབ་པའི་རིག་གནས་མཁས་དབང་གི་རང་འདེམས་ལས་གཞི《གེ་སར་དད་མོས་སྐོར་གྱི་ཡིག་ཚགས་བསྡུ་རུབ་ལེགས་སྒྲིག་དང་ཞིབ་འཇུག་》ཅེས་པའི་བར་སྐབས་ཀྱི་དཔྱད་འབྲས་ཤིག་ཡིན།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1