༄༅།། མྱུར་བགྲོད་གཞུང་ལམ་སྟེང་དུ་ལམ་སྒྲོན་མེད་པའི་རྒྱུ་མཚན་ཅི་ཡིན།
རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 12-09
གཞུང་ལམ་གྱི་གློག་སྒྲོན་ནི་མཚན་བགྲོད་རླངས་འཁོར་ལ་མཚོན་ན་ཧ་ཅང་གལ་ཆེ། འོ་ན་ཅིའི་ཕྱིར་གྲོང་ཁྱེར་གྱི་བགྲོད་ལམ་དུ་གློག་སྒྲོན་ཡོད་པ་དང་། མྱུར་བགྲོད་གཞུང་ལམ་དུ་ལམ་སྒྲོན་མེད་པ་རེད། མྱུར་བགྲོད་གཞུང་ལམ་སྟེང་གི་རླངས་འཁོར་གྱི་མྱུར་ཚད་དེ་འདྲ་མགྱོགས་པས་གློག་སྒྲོན་མེད་པ་ནི་འཇིགས་སུ་རུང་བ་ཞིག་མ་རེད་དམ།
མེད་པའི་རྒྱུ་རྐྱེན།
རང་རྒྱལ་གྱི་མྱུར་བགྲོད་གཞུང་ལམ་གྱི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི10ལས་བརྒལ་ཡོད། གལ་ཏེ་གྲོང་ཁྱེར་གྱི་འགྲོ་ལམ་ལ་སྨི50རེར་ལམ་སྒྲོན་རེ་བསྒར་ཚེ། སྒྲིག་སྦྱོར་གྱི་མ་གནས་ནས་བེད་སྤྱོད་དང་སྲུང་སྐྱོང་གི་མ་གནས་བར་དཔོག་དཀའ་བའི་གྲངས་ཀ་ཞིག་ཏུ་འགྱུར་རྒྱུ་རེད།
མྱུར་བགྲོད་གཞུང་ལམ་གྱི་རླངས་འཁོར་རྒྱུག་ཚད་གྲོང་ཁྱེར་དང་མི་འདྲ་བར་ལམ་དུམ་བུ་མང་པོ་ཞིག་ལ་རྟག་ཏུ་རླངས་འཁོར་རྒྱུག་ཚད་ཉུང་བར་མ་ཟད། འཁྲུག་ཆ་དོད་པའི་གྲོང་ཁུལ་དང་རིང་དུ་གྱེས་པ་དང་། གལ་ཏེ་ཡུན་རིང་གློག་སྒྲོན་སྤར་ཚེ་ཐོན་ཁུངས་འཕྲོ་བརླག་ཧ་ཅང་ཆེན་པོ་འགྲོ་རྒྱུ་རེད།
བདེ་འཇགས་ལ་གནོད་པ།
གལ་ཏེ་མྱུར་བགྲོད་གཞུང་ལམ་དུ་ལམ་སྒྲོན་བཙུགས་ན། གསལ་ལ་མི་གསལ་བའི་ཕན་འབྲས་ཀྱིས་ཁ་ལོ་བར་ཤུགས་རྐྱེན་ཐེབས་ནས་མཐོང་ཚོར་གྱི་ངལ་དུབ་བཟོ་སྲིད། གཞན་ཡང་ལམ་དུམ་བུ་ཡོངས་ལ་གློག་སྒྲོན་ཡོད་པའི་རྐྱེན་གྱིས་ཁ་ལོ་བའི་དོགས་ཟོན་ཆུང་དུ་གྱུར་ནས་ཡུན་རིང་རླངས་འཁོར་གཏོང་ཐུབ་ཀྱིན་མེད།
མྱུར་བགྲོད་གཞུང་ལམ་གྱི་བདེ་འཇགས་སྟོན་གྲངས་ནི་དོན་དངོས་སུ་ཅུང་མཐོན་པོ་ཡོད། དེ་ལྟར་བཤད་དོན་ཅི་ཡིན་ནམ་ཞེ་ན། མྱུར་བགྲོད་གཞུང་ལམ་དེ་གྲོང་ཁྱེར་དབར་གྱི་འབྲེལ་མཐུད་ལམ་ཐིག་ཅིག་ཡིན་པའི་ངོས་ནས།འདུ་འཛི་ཆེ་བའི་གྲོང་ཁུལ་དང་ཐག་རིང་དུ་གནས་པ་དང་ཆབས་ཅིག་བཀག་སྡོམ་ཅན་གྱི་དོ་དམ་བྱས་པས། རླངས་འཁོར་ཕུད་པའི་མི་དང་དངོས་པོ་མྱུར་བགྲོད་གཞུང་ལམ་ཐོག་ཐོན་རྒྱུ་གཏན་འགོག་བྱས་པ་དང་།རླངས་འཁོར་རང་སྟེང་གི་གློག་ལ་བརྟེན་ནས་རྒྱུན་ལྡན་ལྟར་བསྐྱོད་ཆོག་པ་རེད།
ལྟོས་བཅས་ཀྱིས་བཤད་ན། གྲོང་ཁྱེར་ནང་གི་ལམ་སྒྲོན་ནི་ཧ་ཅང་དགོས་ངེས་ཤིག་རེད། གང་ལགས་ཞེ་ན། གྲོང་ཁྱེར་དུ་བཀག་སྡོམ་བྱས་མེད་པར་མ་ཟད། མི་སྣ་འདུས་ཚད་མཐོ་བ་དང་འགྲིམ་འགྲུལ་ནང་ཞུགས་མཁན་ཡང་རླངས་འཁོར་ལས་གཞན་ད་རུང་མི་དང་འཁོར་རིགས་སྣ་ཚོགས་ཡོད་པས་རེད།
འོད་ལྡོག་མ་ལག་གིས་འགན་སྲུང་བྱེད་པ།
མྱུར་བགྲོད་གཞུང་ལམ་སྟེང་དུ་འོད་ལྡོག་མ་ལག་འཐུས་ཚང་ཞིག་ཡོད་དེ། ཚ་བཞུ་འོད་ལྡོག་ཐིག(འཁོར་ལམ་ཐིག་སོགས)དང་། སྦྱར་སྐྱི་རྣམ་པའི་འོད་ལྡོག་དངོས་པོ(ཁོལ་གཅོད་ཁུལ་དང་ལན་ཀན་སོགས)། འོད་འཕྲོ་ས་གཟེར་སོགས་ཡོད་པ་དང་། དེ་དག་གིས་འཁོར་ལམ་གྱི་ཕྱོགས་སྟོན་ཐིག་ལམ་དང་། འགྲིམ་འགྲུལ་མཚོན་རྟགས། ལམ་ཟུར་གྱི་ཀོག་ཐིག འཁོར་ལམ་གྱི་དབྱེ་མཚམས་གཅོད་ཐིག ལྟེ་བའི་དབྱེ་མཚམས་གཅོད་ཁུལ་སོགས་ལྡོག་འཕྲོ་བྱེད་ཐུབ།
དེའི་ཕྱིར་མཚན་མོར་ཁ་ལོ་བས་རླངས་འཁོར་གྱི་གློག་སྒྲོན་བཀར་ན། འོད་ལྡོག་མ་ལག་དེ་དག་གིས་ནུས་པ་ཐོན་ནས་དུས་ཐོག་ཏུ་ཁྲིད་སྟོན་གྱི་ནུས་པ་ཐོན་ཐུབ་བོ། །
ཚང་མ《ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས》ལྟར།