རྔ་བའི་ཐོན་རྫས་པེ་ཅིང་དུ་འགྲེམ་སྟེ་དབུལ་བྲལ་ལ་རམ་འདེགས་བྱས།

བསོད་ནམས་སྐྱིད་དང་རྣམ་རྒྱལ་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-10


      སི་ཁྲོན་གྱི་ཚོང་ཟོག་ཉོས་ནས་དབུལ་བྲལ་ལ་རམ་འདེགས་བྱེད་པ་སྟེ། སྐབས་གཉིས་པའི་སི་ཁྲོན་གྱི་དབུལ་སྐྱོར་མཚོན་རྟགས་ཐོན་རྫས་སམ་ཁྱད་ལྡན་ལེགས་ཆའི་ཞིང་ལས་ཐོན་རྫས་པེ་ཅིང་དུ་ཐོན་འཚོང་འོས་སྦྱོར་གྱི་བྱེད་སྒོའི་མགོ་དངོས་སུ་ཚུགས་ཤིང་། ཞིང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱིན་ལི་ལ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཁེ་ཉིང་དང་། ཁུལ་དཔོན་གཞོན་པ་ཏིང་མིང་ཀྲུང་གི་ཕེབས་རོགས་འོག རྔ་བའི་འགྲེམ་ཁང་ལ་གཟིགས་སྐོར་གནང་བ་རེད།

        རྔ་བའི་དབུལ་སྐྱོར་འགྲེམ་ཁང་གི་བརྗོད་དོན་གཙོ་བོ་ནི་སི་ཁྲོན་གྱི་དབུལ་སྐྱོར། དག་ཞིང་གི་རྔ་བ། འཛམ་གླིང་གིས་མཉམ་སྤྱོད། ཅེས་པ་རེད།
     རྩེ་རིམ་གྱི་ཁ་བཏགས་དཀར་པོའི་བཟོ་དབྱིབས་ཀྱིས་རྔ་བའི་བོད་རིགས་དང་ཆའང་རིགས་དང་ཧུའེ་རིགས་དང་རྒྱ་རིགས་བཅས་མི་རིགས་ཁག་གི་བུ་བུ་མོ་ཁྲི་94ཡིས་ཏང་དང་རྒྱལ་ཁབ་ལ་བཅངས་པའི་དྲིན་ཚོར་གྱི་བསམ་པ་མཚོན་པ་དང་། གྱང་ངོས་ཀྱི་དྲིལ་བསྒྲགས་སྒྲོན་སྒམ་9ཡི་ནང་རང་ཁུལ་གྱི་ཁོངས་ཡོངས་ལྗོངས་སྐོར་གྱི་སྤུས་རྟགས་ཆེ་གྲས་དགུ་བོ་འདུས་ཡོད་ལ། ལྗོངས་སྐོར་རིག་གནས་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་མངོན་ཡོད་དོ།།
     རང་ཁུལ་གྱིས་ཁྱོན་ཞིང་ཞོར་ཐོན་རྫས་གཉེར་སྐྱོང་ཁེ་ལས་20རྩ་འཛུགས་བྱས་ནས། ཐོན་རྫས་ལ་བརྟེན་ནས་རང་ཁུལ་གྱི་གཞི་ཁྱོན་རགས་ཙམ་ལྡན་པའི་ཁྱད་ལྡན་ཞིང་ཞོར་ལས་ཐོན་ལས་འགྲེམ་སྟོན་བྱས། དེ་དང་ཆབས་ཅིག བོད་ཆའང་གི་གླུ་གར་རིག་རྩལ་འཁྲབ་སྟོན་དང་དེ་བཞིན་དངོས་མིན་ཤུལ་བཞག་རིག་གནས་རྒྱུད་འཛིན་པ་ལ་རྩ་འཛུགས་བྱས་ནས་གསོན་ཉམས་ལྡན་པའི་འགྲེམ་སྟོན་བྱས་ཏེ་རང་ཁུལ་གྱི་ཐུན་མིན་རིག་གནས་ཀྱི་ཉམས་འགྱུར་ངོམས་པར་བྱས།

      འགྲེམ་ཁང་སྒོ་ཕྱེ་བའི་ཉིན་དེར། རྔ་བའི་འགྲེམ་ཁང་གི་མི་རིགས་ཁྱད་ཆོས་ཀྱིས་འགྲེམ་སྟོན་ལ་ལྟ་མཁན་མང་བོས་ཡིད་དབང་རབ་ཏུ་བཀུག་ཅིང་། རང་ཁུལ་གྱི་མའོ་རྫོང་གི་གཡེར་མ་དང་། ཧུང་ཡོན་གྱི་ཤ་སྐམ། རྔ་བའི་རྩམ་པ་གོ་རེ་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་ལ་གྲོང་མི་དང་ཉོ་མཁན་ཚོའི་དགའ་བསུ་ཆེན་པོ་ཐོབ།

      ཤེས་རྟོགས་བྱུང་བར་གཞིགས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་ལས་དོན་གྱི་རྣམ་བཤད་གལ་ཆེན་མཛུབ་ཁྲིད་དུ་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཁམ་བུ་མངར་མོ་དང་ལི་སོབ། ཤིང་ཏོག འབྲི་གཡག་སོགས་ཁྱད་ལྡན་ཞིང་ཞོར་ཐོན་རྫས་དང་ལྗོངས་སྐོར་རིག་གནས་ཐོན་ཁུངས་ཆེན་པོ་དགུ་ལ་གཞི་ཚུགས་ནས། སྤུས་ཚད་མཐོ་བའི་དབུལ་བྲལ་དམིགས་ཚད་ལ་དམིགས་པ། ས་ཁུལ་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་མང་ཚོགས་འབབ་འཕར་དབུལ་བྲལ་ཡོང་རྒྱུར་སྐུལ་ཁྲིད་བྱས། 2019ལོའི་ལོ་མཇུག་བར་རིམ་རྩིས་བརྒྱབ་ན་རྫོང་(གྲོང་ཁྱེར)10ཡིས་རྫོང་ཧྲིལ་པོ་དབུལ་བྲལ་དང་། དབུལ་ཕོངས་སྡེ་བ་606དབུལ་བྲལ་ཐུབ་པ། དབུལ་ཕོངས་མི་འབོར་ཁྲི་10.36དབུལ་བྲལ་ཐུབ་པ་མངོན་གྱུར་བྱུང་ནས་དབུལ་ཕོངས་བྱུང་ཚད་0.03%ལ་མར་ཆག་ལ། དབུལ་བྲལ་གནད་སྒྲོལ་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་གལ་ཆེན་ཐོབ་པའོ།།

    སྐབས་གཉིས་པའི་སི་ཁྲོན་དབུལ་སྐྱོར་མཚོན་རྟགས་ཐོན་རྫས་ཏེ།ཁྱད་ལྡན་ལེགས་ཆའི་ཞིང་ལས་ཐོན་རྫས་པེ་ཅིང་ཐོན་འཚོང་འོས་སྦྱོར་བྱེད་སྒོ།
      སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་པེ་ཅིང་དུ་བཅའ་སྡོད་ཀྱི་དོན་གཅོད་ཁྲུའུ་དང་། སི་ཁྲོན་ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་། སི་ཁྲོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་། སི་ཁྲོན་ཞིང་ཆེན་ཚོང་དོན་ཐིང་། སི་ཁྲོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས། སི་ཁྲོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུས། སི་ཁྲོན་ཞིང་ཆེན་ཚོང་དོན་སྐུལ་འདེད་ལྷན་ཚོགས། སི་ཁྲོན་ཞིང་ཆེན་གྲོང་ཁྱེར(ཁུལ)ཁག་གི་པེ་ཅིང་དུ་བཅའ་སྡོད་འབྲེལ་གཏུག་ཁྲུའུ(དོན་གཅོད་ཁྲུའུ)བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི་ད་ཐེངས་ཀྱི་བྱེད་སྒོ་དེ་ན་ནིང་གི་སྐབས་དང་པོའི་བྱེད་སྒོའི་རྨང་གཞིའི་ཐོག་གཞི་ཁྱོན་སྔར་བས་ཆེ་བ་དང་། ལས་སྟེགས་གསར་བསྒྱུར་བྱེད་པ། ཁྱབ་རྒྱ་སྔར་བས་ཆེ་བ། ཐབས་ལམ་སྔར་བས་བདེ་བ། ཕན་འབྲས་སྔར་བས་ཆེ་བའི་ཁྱད་ཆོས་ལྔ་མངོན་གསལ་འབུར་དུ་དོད་ཡོད། བྱེད་སྒོའི་འགྲེམ་སྟོན་ས་ཁྱོན་སྨི་ངོས་གྲུ་བཞི་མ་3000ལྷག་དང་འགྲེམ་ཁང་80ཡི་འགྲེམ་གནས་བཙུགས་པ། འགྲེམ་སྟོན་ནང་ཞུགས་མཁན་ཁེ་ལས་400ལྷག་ཡོད་པ་བཅས་ཀྱི་ཐོག་ནས་ཁྱད་ལྡན་ལེགས་ཆའི་ཞིང་ལས་ཐོན་རྫས་2600ལྷག་འགྲེམས་སྟོན་བྱས་པ་རེད། སི་ཁྲོན་གྱི་དབུལ་སྐྱོར་མཚོན་རྟགས་ཐོན་རྫས་800ལས་བརྒལ་ནས་གཞི་ཁྱོན་སྔར་བས་ཆེ་བའི་སི་ཁྲོན་གྱི་ཚོང་ཟོག་པེ་ཅིང་དུ་འདྲེན་རྒྱུར་སྐུལ་འདེད་ཤུགས་ཆེན་གྱིས་སི་ཁྲོན་གྱི་ཚོང་ཟོག་གི་མཚན་སྙན་སྔར་བས་མཐོ་རུ་བཏང་ནས་སི་ཁྲོན་གྱི་གཟུགས་བརྙན་མངོན་པ་དང་སི་ཁྲོན་འཕེལ་རྒྱས་ལ་ཞབས་འདེགས་ཞུས་པ་རེད། བྱེད་སྒོ་དེ་ཟླ་12ཚེས་10ཉིན་བར་སྤེལ་རྒྱུ་དང་དེའི་རིང་ད་དུང་སི་ཁྲོན་གྱི་ཞིམ་ཟས་དང་སིལ་ཟས་འགྲེམ་ཚོང་དང་། སི་ཁྲོན་གྱི་སྲོལ་རྒྱུན་དང་གྲངས་ཉུང་མི་རིགས་ཀྱི་རིག་གནས་འགྲེམ་འཁྲབ། སི་ཁྲོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམ་སྟོན་སོགས་ཀྱི་ཆ་ཚང་བའི་བྱེད་སྒོ་སྤེལ་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1