མཚོ་བོད་མཐོ་སྒང་གི་རྫ་ཆུའི་འགོ་ཁུངས་ས་ཁུལ་དུ། འབྲོག་པ་ས་སྐར་མས་ལུས་ཀྱི་རྩལ་ནུས་མཐར་སོན་པ་བྱེད་པ་དང་མཐོ་ས་ནས་ཕ་ཡུལ་གྱི་མཛེས་པ་ལ་རོལ་མྱོང་བྱེད་ཆེད། བསྟུད་མར་ལོ་9རིང་ལག་སྟོང་བྲག་འཛེགས་རྒྱུན་འཁྱོངས་བྱས་ནས་རི་བོ་ཆེན་པོ 800 ལྷག་ལ་འཛེགས་ཡོད།
ལོ་29ཡིན་པའི་ས་སྐར་མ་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་སྐྱོ་བྲག་ཞང་རྫ་གཞུང་གྲོང་ཚོ་ནས་ཡིན་ཞིང་། ཁོང་གི་འདས་ཟིན་པའི་ལོ་ཟླ་ནི་ལས་དབང་གི་ཆེས་ཐོག་མའི་གསལ་བཤད་དང་མཚུངས།
སློབ་ཆུང་དུས་ནས་ཐང་ག་བསླབས་ཞིང་། ཁོང་གི་མཛེས་དཔྱོད་ལྟ་བ་ནི་བླ་ལྷག་ཏུ་རྩེ་གཅིག་དང་དམིགས་བསལ་ཞིག་ཡིན་ཏེ། གཞན་པས་མི་སྣ་དང་སྐུ་འདྲ་འབྲི་བར་དོ་སྣང་བྱེད་ཀྱི་ཡོད་ཀྱང་། ས་སྐར་མས་ནམ་ཡང་རི་ཆུ་སེམས་ལ་ཉར་ཡོད་དེ། ཐང་གའི་རྒྱབ་ལྗོངས་ཀྱི་རྩྭ་རྩི་ཏོག་དང་རི་སྐྱེས་དངོས་རིགས་དག་གཙོར་བཟུང་ཡོད།
2010ལོར་ཕ་ཡུལ་དུ་ཕྱི་ལ་དངོས་སྦྱོང་ཐེངས་ཤིག་བསྐྱོད་པ་དེས་ས་སྐར་མས་ཐེངས་དང་པོར་མིག་ལམ་གྱི་མཐོང་ཆོས་ནི་ཐང་གའི་རི་མོ་ལས་ཀྱང་མཛེས་པ་རྟོགས་བཅུག ལོ་དེར། རྒྱལ་ཁབ་ཀྱིས་སྔོན་ཆད་སྐྱེ་ཁམས་ཞན་འགྱུར་དུ་སོང་བའི་གཙང་གསུམ་ཆུ་མགོའི་ས་ཁུལ་ཏུ་སྔ་གཞུག་ལ་སྒོར་དུང་ཕྱུར་10མ་དངུལ་བཏང་བས།“གནམ་སྔོན་པོ”“ཆུ་དྭངས་མོ”“རྩྭ་ལྗང་མདོག”གི་མཛེས་སྡུག་རིམ་བཞིན་སླར་གསོ་བྱུང་བཞིན་ཡོད།
2011ལོའི་དབྱར་ཁར། ས་སྐར་མས་ཤ་ཉེ་གྲོགས་པོ་ཚང་མར་གསང་བ་བྱས་ཏེ་སྤོབས་པ་ཆེན་པོས་དུས་ཡུན་ཉིན་3ཏག་ཏག་བེད་སྤྱད་ནས་རྫ་གཞུང་གྲོང་ཚོའི་རི་བོ་མཐོ་ཤོས་དེར་འཛེགས་པ་རེད།
རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5800ཡོད་པའི་བྲག་རིའི་རྩེ་མོ་ནས། ཁོང་གིས་རང་བྱུང་གི་མཚེའུ་3མཐོང་ཡོད་ཅིང་། དེ་ནི་གཡུ་དང་འདྲ་བར་སྔོ་ཞིང་དྭངས། ཉིན་དེར་གནམ་གཤིས་བཟང་ཞིང་མཐོང་ཡངས་བས། སྨི་གྲུ་བཞི་མ་བརྒྱ་ལྷག་གི་རྫ་ཆུའི་ཆུ་མགོ་ཡོངས་ཀྱི་མཛེས་ལྗོངས་མ་ལུས་པར་མཐོང་ཐུབ་ཅིང་། མཛེས་པ་དེས་ས་སྐར་མའི་སེམས་པ་སྒུལ་ནས་མིག་ཆུ་བཞུར་བཅུག
དེ་ནས་བཟུང་། ཁོང་གིས་པར་ཆས་ཁུར་ཞིང་རྒྱ་མ་100ཙམ་ཡོད་པའི་ཁུག་མ་འཁྱེར་ནས། ལོ་རེའི་ཉིན་300ལྷག་ལ་རི་ཆུའི་བར་དུ་འགྲོ་འོང་བྱེད་བཞིན་ཡོད། ལོ་ངོ་9རིང་། ས་སྐར་མ་ཕ་ཡུལ་གྱི་རི་བོ་862ལ་བསྐྱོད་ཡོད་ཅིང་། རྫ་ཆུའི་བཞུར་ལམ་བརྒྱུད་ནས། ཁོང་གིས་གངས་རི་དང་འཁྱགས་རོམ་བར་གྱི་ཆུ་མགོ273རྙེད་ཡོད། ས་སྐར་མ་ནམ་རྒྱུན་རི་ལ་འཛེག་དུས། ཁུག་མའི་ནང་བཟའ་བཅའ་བླུགས་ཡོད་ཅིང་། རི་ནས་འབབ་དུས། ཁུག་མའི་ནང་དུ་གད་སྙིགས་དག་འཁུར་ཡོད།
རི་ཆུ་དང་འགྲོགས་པའི་ལོ་ངོ་9རིང་། ས་སྐར་མས་པར་ཆས་བརྒྱུད་ནས་ཕ་ཡུལ་གྱི་རི་སྐྱེས་རྩི་ཤིང་507པར་བླངས་ཡོད་པ་དང་། རི་སྐྱེས་སྲོག་ཆགས་རིགས་18དང་བྱ་རིགས་16གི་ཆེས་རང་བཞིན་གྱི་རྣམ་པ་དག་པར་གྱི་རྣམ་པས་ཟིན་ཐོར་བཀོད་ཡོད།
གསོ་རིག་བསྟན་བཅོས་སོགས་དཔེ་ཆ་ལ་གཞིགས་ནས། ས་སྐར་མས་རི་སྐྱེས་རྩྭ་རྩི་ཏོག་གི་མིང་དང་ཕན་ནུས་ཤེས་ཡོད་ལ། ནམ་རྒྱུན་རི་ལ་འཛེག་དུས་རྨས་ཕོག་པའམ་གྲང་ངར་གྱིས་གཟེར་དུས། མང་ཆེ་བར་རང་ཉིད་ཀྱིས་བཟོས་པའི་རྩྭ་སྨན་གྱིས་རང་ཉིད་སྨན་བཅོས་བྱེད་ཀྱི་ཡོད།
2017ལོར། ས་སྐར་མས་ལོ་མང་རིང་མཐོང་ཚད་དང་ཚོར་ཚད་ཚང་མ་ལེགས་སྐྱེས་ཀྱི་ཚུལ་གྱིས་མི་དེ་བས་མང་པོར་མཉམ་སྤྱོད་བྱས་ཡོད། ཁོས་རང་གིས་གྲོན་དངུལ་སྒོར་ཁྲི་ལྷག་བཏང་ནས་རི་ཆུ་དང་། སྐྱེ་དངོས། གཅན་གཟན་འདབ་ཆགས་ཀྱི་འདྲ་པར་ཕྱོགས་སྒྲིག་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་པར་རིས་མཛུབ་སྟོན་མཐུག་པོ་ཞིག་པར་སྐྲུན་བྱས་ཡོད།
ས་སྐར་མས་ད་དུང་ཟླ་1ཉེ་བ་ཙམ་གྱི་དུས་ཚོད་བེད་སྤྱད་དེ། རྫ་གཞུང་གྲོང་ཚོ་དང་ཉེ་འཁོར་གྱི་ཆུ་དང་ས་དབྱིབས་སྨི་གྲུ་བཞི་མ་4ཡོད་པའི་བྱེ་བརྐོས་དཔེ་དབྱིབས་ཤིག་བཟོས་ཤིང་། དེར་གྲོང་མི་ཚང་མ་ལྟ་སྐོར་ལ་གདན་འདྲེན་ཞུས་པ་དང་། ཁོང་ཚོའི་རང་ཉིད་ཀྱི་འབྲོག་རའི་དྲན་ཤེས་ལྟར་སྙོམས་སྒྲིག་ཆུང་ཆུང་བྱ་རྒྱུ་རེད།
ས་སྐར་མས་བཟོས་པའི་དཔེ་དབྱིབས་ནང་། ཁོང་དེ་སྔོན་འགྲོ་མྱོང་སའི་ས་གནས་ཚང་མ་འདུས་ཡོད་ཅིང་། རྟ་ཞོན་ནས་ཡུལ་དེའི་ཡུལ་དངོས་ལ་སྐོར་བ་གཅིག་རྒྱག་པར་ཏག་ཏག་ཉིན་5དགོས་པ་རེད།