སྡེ་དོན་དམངས་དོན་གང་ཡིན་ཡང་།། རང་དོན་བཞིན་དུ་ལེགས་པར་བསྒྲུབས།།

རྡོ་རྗེ་དཔལ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-10


འབར་ཁམས་གྲོང་ཁྱེར་རྫོང་འགག་གྲོང་རྡལ་རྡོ་གཡུ་གྲོང་སྡེའི་ཞབས་ཞུ་དང་ལེན་ཏང་ཡོན་རུ་ཁག་གི་གནས་ཚུལ་བཀོད་པ།
       ཞོགས་ཀའི་ཉི་ཟེར་ཕྲ་མོ། འགན་སྲུང་ལྔ་ཡི་ཁྱིམ་ཚང་རྡོ་རྗེ་འབུམ་ཚང་གི་སྒེའུ་ཁུང་དུ་དལ་བུར་འཕྲོས་དུས། ཕྱི་རོལ་ནས་སྒོ་ཁྲོག་ཁྲོག་ཏུ་རྡུང་བའི་སྒྲ་ཞིག་གྲགས་བྱུང་།
       རྡོ་རྗེ་འབུམ་གྱིས་སུ་ཡིན་ཟེར་ཞོར་སྒོ་ཕྱེས་བ་ན། རྡོ་གཡུ་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལྷ་མོ་ཐར་སྒོ་འགྲམ་དུ་ཐོན་འདུག་ལ། མོའི་རྗེས་སུ་ཏང་ཡོན་དང་གྲོང་དམངས་ཁ་ཤས་འབྲངས་ཡོད་པར་མ་ཟད། མི་རེ་རེའི་རྒྱབ་ལ་འབུད་ཤིང་ཆག་ཐོ་རེ་ཡང་འཁུར་འདུག ལྷ་མོ་ཐར་གྱིས་ཨ་མྱེ། དེ་རིང་། ཞབས་ཞུ་དང་ལེན་ཏང་ཡོན་རུ་ཁག་གིས་ཁྱེད་ཚང་ལ་འབུད་ཤིང་བསྐྱལ་ནས་ཐོན་ཡོད། དེ་ནི་ཁྱེད་ཀྱིས་ལོ་ཕྱེད་སྔོན་ལ་བཏོན་པའི་རེ་བ་ཉག་གཅིག་ཡིན་པས། ད་བར་དུ་བསྒྲུབ་ཁོམ་མ་བྱུང་ཐལ་ཞེས་གདོང་ནས་རྔུལ་ཆུ་ཁྲོམ་ཁྲོམ་དུ་བཞུར་བཞིན་དེ་ལྟར་བཤད།
        རྡོ་རྗེ་འབུམ་ནི་འབར་ཁམས་གྲོང་ཁྱེར་རྫོང་འགག་རྡོ་གཡུ་གྲོང་རྡལ་གྲོང་སྡེའི་རྒད་པོ་ཁེར་འདུག་ཅིག་ཡིན་ལ་། ད་ལོར་ལོ་ན་82ལ་སོན་ཡོད། རྡོ་གཡུ་གྲོང་སྡེ་ཡི་ས་རྒྱ་ཡངས་ལ་མི་ཡང་ཉུང་། རྒད་པོ་ཁེར་འདུག་ལ་ལྟ་སྐྱོང་སྟབས་བདེ་ཡོང་ཆེད། གྲོང་སྡེ་དེའི་གྲོང་དམངས་ཨུ་ཡོན་ལྷན་ཁང་གིས་གྲོང་སྡེའི་བྱེད་སྒོ་ཁང་གི་ཁང་སྟོང་ཞིག་ཏུ་སྡོད་ཁང་བཀོད་སྒྲིག་བྱས་ཡོད་ལ། ལྷ་མོ་ཐར་དང་རྡོ་རྗེ་འབུམ་གཉིས་ཀྱི་བར་ལ་འགྱུར་བ་མེད་པའི་ཁ་ཆད་ཅིག་ཡོད་པ་ནི། གྲོང་སྡེའི་ཞབས་ཞུ་དང་ལེན་ཏང་ཡོན་རུ་ཁག་གིས་ཁོ་ལ་ལོ་རེར་ཐེངས་གཉིས་སུ་འབུད་ཤིང་འཐུ་བ་དེ་ཡིན།
         རྡོ་རྗེ་འབུམ་གྱིས་ཞབས་ཞུ་དང་ལེན་ཏང་ཡོན་རུ་ཁག་གིས་ནམ་ཡིན་ཡང་ང་ལ་སྔོ་ཚལ་དང་ཕག་ཤ མར་སོགས་སྐྱེལ་བར་མ་ཟད། ད་རུང་ཟླ་རེར་སྒོ་ཁྱིམ་ཚང་མར་གཙང་སྦྲ་བྱེད་པས། གུང་ཁྲན་ཏང་ཡོན་གྱི་ལས་བྱེད་པ་བཟང་བོ་ཏག་ཏག་རེད་ཅེས་ཡིད་འགུལ་ཐེབས་པའི་ངང་བཤད།



དམངས་ཀྱི་དཀའ་ངལ་ཆེ་ཆུང་ཀུན།། རང་དོན་བཞིན་དུ་ལེགས་པར་བསྒྲུབས།།

       རྡོ་གཡུ་གྲོང་སྡེ་ནི་འབར་ཁམས་གྲོང་ཁྱེར་རྫོང་འགག་གྲོང་རྡལ་དུ་ཆགས་ཤིང་། འབར་ཁམས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་21ཡོད། མཚོ་ངོས་ལས་མཐོ་ཚད་ལ་སྨི་2600དང་མངའ་ཁོངས་སུ་གྲོང་དམངས་རུ་སྐོར་2དང་ཁྱིམ་ཚང་88། མི་གྲངས་289ཡོད། གྲོང་སྡེ་ཡོངས་ཀྱི་རྒྱ་ཁྱོན་ལ་མུའུ་12000ལྷག་ཡོད། མང་ཚོགས་ཀྱི་འཚོ་བ་དང་ཐོན་སྐྱེད་ལ་གནས་པའི་དཀའ་ངལ་དང་གནད་དོན་དངོས་སེལ་ཆེད། རྡོ་གཡུ་གྲོང་སྡེ་ཨུ་ཡོན་ལྷན་ཁང་གིས་ད་ལོའི་ལོ་མགོར་ཞབས་ཞུ་དང་ལེན་ཏང་ཡོན་རུ་ཁག་བཙུགས་པ་རེད། ལྷ་མོ་ཐར་གྱིས་ང་ཚོའི་རུ་ཁག་ནི་དམངས་ལ་ཕན་གདགས་པའི་ཞབས་ཞུ་རུ་ཁག་དང་ཐན་འགོག་གནོད་སེལ་གྱི་མདུན་སྐྱོད་རུ་ཁག ཁོར་ཡུག་སྲུང་སྐྱོང་གི་གདོང་ལེན་རུ་ཁག་ཅིག་ཡིན་ཞེས་བཤད།
       རྒྱུས་ལོན་པ་ལྟར་ན། ཞབས་ཞུ་དང་ལེན་ཏང་ཡོན་རུ་ཁག་ཐོག་མར་ཚུགས་དུས་ཏང་ཡོན་12ཀྱིས་རང་མོས་སུ་མིང་བཀོད་པ་དང་ཆ་སྙོམས་ལོ་ཚོད་45རེད་ལ། ཞབས་ཞུ་དང་ལེན་རུ་ཁག་གི་རེ་འདུན་ཉག་གཅིག་ནི་མི་དམངས་མང་ཚོགས་ལ་ལྷག་བསམ་རྣམ་དག་གིས་ཞབས་ཞུ་ལེགས་པར་བསྒྲུབ་རྒྱུ་དེ་རེད།
       ལྷ་མོ་ཐར་གྱི་ལག་ལ་རྒྱུན་པར་ཟིན་བྲིས་དེབ་ཆུང་ཞིག་ཐོགས་ཡོད། དེའི་ངོས་སུ་གཉེན་སྟོན་འདས་མཆོད་དང་འགན་སྲུང་ལྔ་ཚང་ལ་ལྟ་སྐྱོང་། དབུལ་ཁྱིམ་གྱི་རྨོ་སྡུད་དཀའ་ངལ། གྲོང་སྡེའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་སྤེལ་བའི་བྱེད་སྒོ་སྣ་ཚོགས། ཁོར་ཡུག་གཙང་སྦྲ། ཅ་ལག་སྐྱེལ་འདྲེན་སོགས་གྲོང་སྡེ་དེའི་མང་ཚོགས་རྣམས་ཐོན་སྐྱེད་དང་འཚོ་བར་འཕྲད་པའི་དཀའ་ངལ་མང་པོ་རེ་རེ་བཞིན་ཟིན་བྲིས་སུ་བཏབ་ཡོད། ལྷ་མོ་ཐར་གྱིས་ངེད་ཞབས་ཞུ་རུ་ཁག་གིས་སྐད་འཕྲིན་ནས་མང་ཚོགས་ཀྱི་དཀའ་ངལ་རེ་རེ་བཞིན་བསྒྲགས་ནས་མང་ཚོགས་ལ་དཀའ་ངལ་སེལ་རོགས་བྱས་པ་ཡིན་ཞེས་བཤད།
       དབུལ་ཁྱིམ་གཡུང་དྲུང་ལྷ་མོ་ཚང་དུ་ཐོན་དུས། མོས་མ་རྨོས་ལོ་ཏོག་ཉི་མར་སྐེམ་བཞིན་འདུག ལྷ་མོ་ཐར་དང་མོའི་ཏང་ཡོན་ཞབས་ཞུ་རུ་ཁག་གི་སྐོར་གླེང་ཙ་ན། མོ་ལ་བཀའ་དྲིན་ཞུ་བའི་བསམ་པ་འགོག་མེད་དུ་སྐྱེས་བྱུང་།
        གཡུང་དྲུང་ལྷ་མོ་ལོ་ན་40ལ་སོན་པར་མ་ཟད་ནུ་སྐྲན་ཡང་ཕོགས་ཡོད། མོའི་ཁྱོ་གས་མཚམས་གནས་དགོན་ནས་རྒྱུན་པར་ལས་གླ་བྱེད་བཞིན་པ་དང་། བུ་གཉིས་ཡོད་ཀྱང་སློབ་གྲྭ་འགྲིམ་བཞིན་འདུག མོའི་ཕ་ལ་སྨྱོ་ནད་ཕོགས་པས་ནམ་ནམ་ཞར་ཞར་དུ་ལྟ་སྐྱོང་བྱེད་དགོས་པས། རྡོ་གཡུ་གྲོང་སྡེ་ཨུ་ཡོན་ལྷན་ཁང་གིས་མོ་ལ་ཆུ་རྒྱུད་གཙང་སྦྲ་བྱེད་དུ་བཅུག
        ད་ལོའི་ཟླ་10བར། རྡོ་གཡུ་གྲོང་སྡེར་མ་རྨོས་ལོ་ཏོག་ཡོངས་སུ་སྨིན་ནས་ཁྱིམ་ཚང་རེ་རེ་ལོ་ལེགས་སྡུད་པར་བྲེལ་བཞིན་མཆིས། ཡིན་ནའང་། གཡུང་དྲུང་ལྷ་མོ་ནད་ཀྱིས་བཟུང་སྟེ་ཁུལ་མི་དམངས་སྨན་ཁང་ནས་གནམ་ཁབ་རྒྱག་བཞིན་ཡོད་ལ། ཁྱོ་ག་ཡང་ལས་གླར་སོང་ནས་ཡུལ་ལ་ལོག་ཐབས་མ་བྱུང་། མོ་ཚང་གི་ས་ཞིང་མུའུ་གཉིས་ལ་བཏབ་པའི་མ་རྨོས་ལོ་ཏོག་ཇི་ལྟར་བསྡུ་དགོས་སམ།
        གཡུང་དྲུང་ལྷ་མོས་ཉམས་ཚོད་ཙམ་ལེན་པའི་ཚུལ་དུ་ཁ་པར་གྱི་ལམ་ནས་ལྷ་མོ་ཐར་ལ་རོགས་ཐུབ་མིན་གྱི་རེ་བ་ཞུས། ལྷ་མོ་ཐར་གྱིས་ངས་གྲོང་སྡེ་ཡོངས་ཀྱི་ཏང་ཡོན་གྱི་སྐད་འཕྲིན་ཚོགས་པ་ནས་བརྡ་བཏང་མ་ཐག ཞབས་ཞུ་དང་ལེན་ཏང་ཡོན་རུ་ཁག་གི་རུ་མི་ཚང་མ་ཐོན་པར་མ་ཟད། འབར་ཁམས་གྲོང་ཁྱེར་དུ་ལས་གླ་བྱེད་པའི་ཏང་ཡོན་ཁ་ཤས་ཀྱང་ཐོན་ཐལ། དེའི་ཁར་བསམ་པ་བཟང་བའི་སྡེ་མི་འགའ་རེ་ཡང་ཐོན་པས། ཉི་མ་ནུབ་རིར་མ་ཡལ་གོང་ནས་གཡུང་དྲུང་ལྷ་མོ་ཚང་གི་མ་རྨོས་ལོ་ཏོག་མ་ལུས་པར་བསྡུས་ཚར་སོང་ཞེས་བཤད།
        གཡུང་དྲུང་ལྷ་མོའི་ཨ་ཅེ་དང་མག་པ་ཡུལ་གཞན་ནས་མྱུར་བར་རང་ཡུལ་དུ་ལོག་ནས་ཀུན་ལ་དགོང་ཟས་ཀྱི་མགྲོན་ཁ་བཤམ་རྩིས་བྱས་ཀྱང་ལྷ་མོ་ཐར་དང་མོའི་རུ་ཁག་གིས་དང་དུ་མ་བླངས།
        ལྷ་མོ་ཐར་གྱིས་དེ་ནི་གུང་ཁྲན་ཏང་ཡོན་ཞིག་གི་འགན་འཁྲི་ལག་ལེན་བྱས་པ་ཙམ་ཡིན། ཀུན་ལ་དཀའ་ཚེགས་བཟོ་འདོད་གཏན་ནས་མེད་ཅེས་བཤད་བྱུང་། མོའི་ཟིན་བྲིས་དེབ་ཆུང་ངོས་སུ་ད་ལོའི་ཟླ་དང་བོ་ནས་བཟུང་ཞབས་ཞུ་དང་ལེན་ཏང་ཡོན་རུ་ཁག་གིས་གྲོང་དམངས་ལ་ཞབས་ཞུ་ཐེངས་20ལྷག་ལ་བསྒྲུབས་ཚུལ་ཞིབ་མོར་བྲིས་འདུག


འཁྱགས་རོམ་གཏོར་ཅིང་ཁ་བ་ཕྱགས།། དམངས་ལ་འགྲོ་འོང་སྟབས་བདེ་བཟོས།།

     ད་ནི་དགུན་ཁ་ཐོན་འདུག་པས། ལྷ་མོ་ཐར་གྱིས་དགུན་དུས་སུ་ཞབས་ཞུ་གཙོ་བོ་ནི་འཁྱགས་རོམ་གཏོར་བ་དང་ཁ་བ་ཕྱགས་རྒྱུ་དེ་ཡིན་པར་འདོད་ཅིང་། ཞབས་ཞུ་དང་ལེན་ཏང་ཡོན་རུ་ཁག་གི་ལས་འགན་གཙོ་བོ་ཡང་ཡིན།
      རྡོ་གཡུ་གྲོང་སྡེར་འགྲོ་བའི་སྡེ་ལམ་དུ་དགུན་ཁར་འཁྱགས་རོམ་མཐུག་པོ་ཆགས་སྲིད་པས། སྔོན་ཆད་དོན་རྐྱེན་རེ་ཡང་བྱུང་མྱངས། འཁྱགས་རོམ་གཏོར་དགོས་པར་མ་ཟད་རྒྱུན་པར་ཁ་བའང་ཕྱགས་དགོས། ཟླ་12བ་བསླེབས་པ་ནས་གྲོང་སྡེ་ཡི་རུ་སྡེ་བཞི་ལ་བགྲོད་པའི་ལམ་ངོས་ཀྱི་ཁ་བ་ཕྱགས་དགོས་པས། ཞབས་ཞུ་དང་ལེན་ཏང་ཡོན་རྣམས་ཀྱི་སྟོབས་ཤུགས་ཁོ་ནས་མི་འདང་། གྲོང་སྡེ་ཨུ་ཡོན་ལྷན་ཁང་གིས་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་བའི་དབུལ་ཁྱིམ་དང་མང་ཚོགས་རྣམས་ལ་སྐུལ་སློང་བྱས་པ་ན་རང་མོས་སུ་ཞུགས་མཁན་མང་པོ་ཡོད།
      ལྷ་མོ་ཐར་གྱིས་ངོ་སྤྲད་པ་ལྟར་ན། ད་ནས་ཟླ་ཕྱེད་ཙམ་སོང་རྗེས། ཉིན་རེ་བཞིན་ཀུན་གྱིས་ལྕགས་ཁེམ་འཁུར་ནས་སྡེ་ལམ་གྱི་འཁྱགས་རོམ་གཏོར་དགོས་ཤིང་། གྲང་རླུང་གདོང་གིས་བསུས་ནས་དུས་ཚོད་གཉིས་རིང་ལ་ལས་ཀ་ལས་ན་ད་གཟོད་འཁྱགས་རོམ་གཙང་མར་སེལ་ཐུབ་པ་རེད།
       རྡོ་གཡུ་གྲོང་སྡེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚེ་དབང་གིས་ངོ་སྤྲད་པ་ལྟར་ན། ད་ལོར་ཆར་ཞོད་མང་ལ་ཆུ་ལོག་གི་ཉེན་ཁ་ཆེ་དུས། ཞབས་ཞུ་དང་ལེན་ཏང་ཡོན་རྣམས་ཀྱིས་གྲོང་དམངས་ཀྱི་མཚན་མོའི་སློབ་གྲྭ་དང་སྐད་འཕྲིན་ཚོགས་པ་སོགས་བརྒྱུད་ནས་འདམ་རུད་དང་ཆུ་ལོག་གི་ཉེན་ཁ་སེལ་ཐབས་སོགས་ཀྱི་ཤེས་བྱ་ཐེངས་10ལ་ཁྲིད་དེ། ཏང་ཡོན་ལས་བྱེད་པ་དང་གྲོང་དམངས་ཀྱི་འདམ་རུད་དང་ཆུ་ལོག་འགོག་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་བ་དང་འགོག་ནུས་ཀྱང་ཆེ་རུ་སོང་ཡོད། ཆར་ཞོད་ཆེ་དུས། ཞབས་ཞུ་རུ་ཁག་གིས་རེས་བསྐོར་ནས་ཉིན་མཚན་དབྱེར་མེད་དུ་གནོད་འཚེ་འབྱུང་སླ་སའི་ས་གཤིས་ལ་བརྟག་བཤེར་བྱས་ཤིང་། ས་གཤིས་གནོད་འཚེ་རིམ་པའི་སྔོན་བརྡ་གཏོང་བར་ཤུགས་བསྣན་པ་ཡིན་ལ། གྲོང་སྡེ་ཨུ་ཡོན་ལྷན་ཁང་གི་སྡོམ་རྩིས་ལྟར་ན། ཆར་ཞོད་ཆེ་དུས། ཞབས་ཞུ་དང་ལེན་ཏང་ཡོན་རུ་ཁག་གིས་སྡེ་འགྲིམ་ལམ་རྒྱུད་ཀྱི་ས་ཉིལ་འདམ་རུད་ཐེངས་6ལ་གཙང་སེལ་བྱས་ཤིང་། དགུན་དཔྱིད་སྐབས་སུ་ལམ་ངོས་ཀྱི་ཁངས་ཆགས་ཐེངས་8ལ་ཕྱགས་འདུག


གད་སྙིགས་གཙང་མར་ཕྱགས།། བོད་སྡེ་མཛེས་ཤིང་སྡུག།

       རྡོ་གཡུ་གྲོང་སྡེ་ནི་རྔ་བ་ཁུལ་གྱི་ཡུལ་སྡེ་དར་རྒྱས་ཀྱི་དཔེ་སྟོན་ཞིག་ཡིན་ལ། ད་ལོའི་ལོ་སྟོད་དུ། ཁྲུང་ཀྲོའུ་བོད་སྐྱོར་ལས་སྒྲུབ་རུ་ཁག་གིས་ཁྲེང་ཏུའུ་ནས་ཇུས་འགོད་པ་གདན་དྲངས་ནས་འཕེལ་རྒྱས་ཀྱི་ཇུས་གཞི་བཀོད་དེ། གྲོང་སྡེ་དེར་སྤྲིན་དཀར་ཀློང་གི་བོད་སྡེ།། ལུས་ཁམས་གསོ་སའི་རྡོ་གཡུ་ཞེས་པའི་མིང་བྱང་བསྩལ།
       རྡོ་གཡུ་གྲོང་སྡེའི་སྡེ་མཐའ་ལ་ཐོན་དུས། སྡེ་མཐའ་ཡི་ཐང་ཆེན་སྐྲུན་བཞིན་པའི་བྲེལ་ཟིང་གི་རྣམ་པ་མཐོང་བྱུང་། ལྷ་མོ་ཐར་གྱིས་ཕྱིན་ཆད་གྲོང་སྡེ་ཡི་སྐོར་བྲོ་འཁྲབ་སྟོན་དང་ཞིང་ཞོར་ཐོན་རྫས་འགྲེམ་སྟོན། འཚེམ་དྲུབ་ལག་ཤེས་ཐོན་རྫས་བཤམ་སྟོན་འདི་ནས་སྤེལ་ཆོག་ཅེས་བཤད།
        ཁྱིམ་ཚང་རེ་རེའི་ས་ཞིང་གི་མཐའ་འཁོར་གསེར་མདོག་གི་ར་བས་བསྐོར་ཡོད་ལ། དེ་ནི་ཁྲེང་ཏུའུ་ཡི་ཇུས་འགོད་པས་ཇུས་འགོད་བྱས་པ་ཡིན་པས། སྒོ་ཕྱུགས་ནང་ལ་འཛུལ་ནས་ལོ་ཏོག་ཟ་མི་ཐུབ་པར་མ་ཟད། བལྟས་ནའང་མིག་ལ་མཛེས་པ་ཞིག་རེད། སང་ལོར། སྡེ་བ་འདི་ཡི་མུའུ་བརྒྱ་ལ་ཡུངས་དཀར་འདེབས་པར་མ་ཟད། ཡུངས་དཀར་མེ་ཏོག་གི་དུས་ཚིགས་ཤིག་ཀྱང་ཇུས་འགོད་བྱས་ཡོད་ལ། ཞིང་ཚིགས་བར་དུ་མཛེས་ལྗོངས་མྱོང་རོལ་གྱི་རྐང་ལམ་ཕྲ་མོ་ཞིག་བསྐྲུན་ནས། ལྟད་མོ་བས་ཐག་ཉེ་ས་ནས་ཡུངས་དཀར་མེ་ཏོག་མྱོང་རོལ་བྱེད་ཆོག
      ད་ལོར། རྡོ་གཡུ་གྲོང་སྡེར་ཡུལ་སྡེ་དར་རྒྱས་ཀྱི་རྣམ་གྲངས་10ལྷག་ལག་ཏུ་བསྟར་ཅིང་། ཞབས་ཞུ་དང་ལེན་ཏང་ཡོན་རུ་ཁག་གི་དཔེ་སྟོན་དང་སྣེ་ཁྲིད་འོག གྲོང་དམངས་རྣམས་ཀྱང་འཛུགས་སྐྲུན་གྱི་ལས་ལ་རང་མོས་སུ་ཞུགས་པས། ཉིན་དཀར་བགྲེས་པོར་ལྟ་སྐྱོང་ཁང་1དང་སྐུ་མགྲོན་ལྟེ་གནས་1། ལྗོན་གསེབ་ཁམས་གསོ་ཁུལ་1། མཛེས་ལྗོངས་མྱོང་རོལ་སྟེགས་བུ་3། ལྕགས་ཟམ་1། སྨི་600ཅན་གྱི་རྐང་ལམ་དང་སྨི་160ཅན་གྱི་ཆུ་རགས་སོགས་ལེགས་པར་འགྲུབ་ཡོད།
       ལྷ་མོ་ཐར་གྱིས་ང་ཚོའི་གྲོང་སྡེའི་ཉེ་འཁོར་དུ་མིང་དུ་གྲགས་པའི་རྫོང་འགག་རྒྱལ་པོའི་རྒྱལ་ཁང་གི་རྗེས་ཤུལ་དང་རྒྱལ་ཁབ་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་གི་ཆུ་འཕོ་མཁར་རྫོང་སོགས་ཡོད་པས། གྲོང་སྡེ་ནི་འབར་ཁམས་ཀྱི་རིག་གནས་ལྗོངས་སྐོར་གྱི་ལྟེ་བ་ཞིག་ཡིན་ཞེས་བརྗོད་ཆོག་ཅེས་ཡིད་ཆེས་རབ་ཏུ་རྒྱས་པའི་ཉམས་དང་བཅས་བཤད།
        རྡོ་གཡུ་གྲོང་སྡེའི་ཁོར་ཡུག་སྒྲིག་བཅོས་ཆུ་ཚད་ཇེ་བཟང་དང་སང་ལོའི་ཡུངས་དཀར་མེ་ཏོག་གི་དུས་ཚིགས་ལ་སྟ་གོན་ལེགས་པོ་བྱ་ཆེད། ཞབས་ཞུ་རུ་ཁག་གིས་གད་སྙིགས་གཙང་མར་ཕྱགས་པའི་ལས་འགན་ལྗིད་མོ་ཞིག་འཁུར་ཡོད།
        རྡོ་གཡུ་གྲོང་སྡེའི་བུད་མེད་ཀྲུའུ་རེན་སྒྲོལ་མས་ང་ཚོས་ཟླ་རེར་ཐེངས་གཉིས་རེར་གད་སྙིགས་གཙང་མར་ཕྱགས་པ་ཡིན། སྐད་འཕྲིན་དུ་བརྡ་བཏང་མ་ཐག ཏང་ཡོན་རྣམས་ཀྱིས་ལག་ལ་ཁུག་མ་བཟུང་ཞིང་གཞུང་ལམ་གྱི་ལམ་རྒྱུད་དུ་ཐོན་ནས། འགྲོ་འོང་གི་མི་རྣམས་ཀྱིས་གང་སར་གཡུགས་པའི་ཤོག་བུ་དང་ཐུམ་སྒམ། འགྱིག་དེམ་སོགས་གད་སྙིགས་གཙང་མར་ཕྱགས་ནས། གྲོང་དམངས་རྣམས་ལ་རང་བྱུང་ཁམས་གཅེས་པར་སྐྱོང་བའི་དཔེ་སྟོན་བྱས་པ་ཡིན་ཞེས་བཤད།
         སྡོམ་རྩིས་ལྟར་ན། ད་ལོའི་ལོ་སྨད་དུ་བརྗོད་གཙོ་སློབ་གསོ་སྤེལ་བ་ནས་བཟུང་། ཞབས་ཞུ་དང་ལེན་ཏང་ཡོན་རུ་ཁག་གིས་ཞབས་ཞུ་ལེགས་པར་བསྒྲུབ།།ལྗང་མདོག་ཁོར་ཡུག་སྐྱོང་ཞེས་དང་གད་སྙིགས་གཙང་མར་ཕྱགས་པའི་ལག་ལེན་མཁན་ཞེས་སོགས་ཀྱི་བྱེད་སྒོ་ཐེངས་10ལྷག་སྤེལ་ཡོད།
          ལྷ་མོ་ཐར་གྱིས་ད་བར་དུ་གྲོང་སྡེ་ཨུ་ཡོན་ལྷན་ཁང་གིས་ཞབས་ཞུ་དང་ལེན་ཏང་ཡོན་རུ་ཁག་ལ་གསབ་དངུལ་དང་བྱ་དགའ་ཅི་ཡང་སྟེར་མ་མྱོང་ལ། ཀུན་གྱིས་རང་བསམ་རང་མོས་སུ་བསྒྲུབས་པ་རེད། རུ་ཁག་དེ་ནི་ངེད་གྲོང་སྡེའི་ཕྱུག་སྒྱུར་དང་འཕེལ་རྒྱས། ཁོར་སྲུང་། དམངས་འཚོ་བཅས་ཀྱི་ཐད་རྒྱབ་རི་བྲག་ལྟར་བརྟན་པའི་སྟོབས་ཤུགས་ཤིག་ཡིན་ཞེས་གསར་འགོད་པར་བཤད་བྱུང་། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1