སྤྱི་ཟླ་11པའི་ཚེས་8ཉིན། དབྱི་པིང་གྲོང་ཁྱེར་དུ་སི་ཁྲོན་ཞིང་ཆེན་གྱི་སྐབས་14པའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཡོངས་སུ་མཇུག་བསྡུས།
ཐེངས་འདིའི་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་རྩ་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། སི་ཁྲོན་ཞིང་ཆེན་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ལྷན་གྱི་ཀྲུའུ་རེན་ཡའོ་པིན་གྱིས་འགྲན་ཚོགས་མཇུག་བསྡུ་བའི་མཛད་སྒོ་གཙོ་སྐྱོང་གནང་བ་མ་ཟད། རྩ་འཛུགས་ཨུ་ལྷན་གྱི་ཚབ་བྱས་ནས་གྲུབ་འབྲས་གཟེངས་སུ་ཐོན་པའི་ཚོགས་པ་དང་ལུས་རྩལ་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས། ད་རུང་ཐེངས་འདིའི་ལུས་རྩལ་འགྲན་ཚོགས་སྤེལ་ཡུལ་དབྱི་པིང་གྲོང་ཁྱེར་གྱི་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་། དེ་མིན་ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ནང་ཞུགས་ཡོད་པའི་སྡེ་ཁག་སོ་སོའི་མི་སྣ་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱིས་གུས་འདུད་དང་བཀའ་དྲིན་ཆེ་ཞུས།
འགྲན་ཚོགས་འགྲན་བསྡུར་མཇུག་བསྡུ་བའི་མཛད་སྒོའི་ཐོག འགྲན་ཚོགས་ཀྱི་དར་ཆ་སྤྲོད་པའི་ཆོ་ག་སྤེལ་ཞིང་། དཀར་མཛེས་ཁུལ་གྱིསའགྲན་ཚོགས་ཀྱི་དར་ཆ་དང་ལེན་བྱས་ཏེ། 2018ལོར་སི་ཁྲོན་ཞིང་ཆེན་གྱི་སྐབས་15པའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་དེ་དཀར་མཛེས་ཁུལ་གྱིས་གཙོ་སྒྲུབ་བྱ་རྒྱུ་བྱས།
སི་ཁྲོན་ཞིང་ཆེན་གྱི་སྐབས་14པའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་རྩ་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན། ཞིང་ཆེན་ཏང་ཨུའི་མི་རིགས་ལས་ཀའི་ཨུ་ཡོན་ལྷན་ཚོགས་ཀྱི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་གཞོན་པ་ཆུས་མུའུ་ཧྲི་ཧྭ་འགྲན་ཚོགས་མཇུག་བསྡུ་བའི་མཛད་སྒོར་ཞུགས་ཤིང་། ཐེངས་འདིའི་མི་རིགས་ལུས་རྩལ་འགྲན་ཚོགས་དངོས་སུ་མཇུག་བསྒྲིལ་བ་ཁྱབ་བསྒྲགས་གནང་། །