སྤྱི་ལོ་༢༠༡༩ལོའི་ཟླ་༡༢ཚེས་༨ཉིན། རྒྱལ་ཁབ་གློག་བརྙན་ཅུས་ཀྱིས་མཛུབ་སྟོན་གནང་བ་དང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་ཧའེ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་གཉེར་བྱས་པའི་སྐབས་གཉིས་པའི་ཧའེ་ནན་གླིང་ཕྲན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་གཟེངས་རྟགས་སྤྲོད་པའི་མཛད་སྒོ་ཡོངས་སུ་མཇུག་བསྒྲིལ་བ་རེད། སྐབས་འདིའི་གློག་བརྙན་དུས་ཆེན་ཐོག་འཛམ་གླིང་ས་གནས་ཁག་ནས་ཕེབས་པའི་གློག་བརྙན་རྩེ་གྲ་ཤ་སྟག་འགྲན་བསྡུར་ནང་ཞུགས་ཡོད་པར་མ་ཟད། གསེར་གྱི་བེ་ཏའི་བྱ་དགའ་ཞེས་པ་ཐེངས་དང་པོ་གསར་དུ་བསྣན་པ་རེད།
པད་མ་ཚེ་བརྟན་གྱིས་འཁྲབ་ཁྲིད་གནང་བའི་གློག་བརྙན་དབུགས་ལྒང་ཞེས་པར་སྐབས་གཉིས་པའི་ཧའེ་ནན་གླིང་ཕྲན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་གསེར་གྱི་བེ་ཏའི་བྱ་དགའི་ནང་གློག་བརྙན་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ་དང་། བསོད་ནམས་དབང་མོས་གློག་བརྙན་དབུགས་ལྒང་ཞེས་པའི་ནང་བུད་མེད་གཙོ་བོའི་འཁྲབ་སྟོན་བྱས་པས་ཁོང་ལ་བུད་མེད་ཀྱི་འཁྲབ་སྟོན་པ་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ་རེད།
བསོད་ནམས་དབང་མོ།
བསོད་ནམས་དབང་མོ། བོད་རིགས། བོད་ཀྱི་གློག་བརྙན་དང་བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན། གཏམ་བརྗོད་ཟློས་གར་གྱི་འཁྲབ་སྟོན་པ། སྤྱི་ལོ་༢༠༠༧ལོར་ཧྲང་ཧེ་ཟློས་གར་སློབ་གླིང་འཁྲབ་སྟོན་ཚན་ཁག་ནས་མཐར་ཕྱིན་པ་དང་། ད་ཆ་བོད་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་ཆེད་ལས་འཁྲབ་སྟོན་པ་ཞིག་ཡིན། སྤྱི་ལོ་༢༠༡༠ནས་གློག་བརྙན་དང་བརྙན་འཕྲིན་འཁྲབ་ཚན། གཏམ་བརྗོད་ཟློས་གར་སོགས་འཁྲབ་སྟོན་བྱས་མྱོང་བས་ལས་རིགས་ནང་ཁོངས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད། སྤྱི་ལོ་༢༠༡༩ལོར་གློག་བརྙན་དབུགས་ལྒང་ཞེས་པའི་ནང་གི་སྒྲོལ་དཀར་ཞེས་པ་འཁྲབ་སྟོན་བྱས་རྗེས། སྐབས་གཉིས་པའི་ཧའེ་ནན་གླིང་ཕྲན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཐོག་བུད་མེད་འཁྲབ་སྟོན་པ་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ་རེད།
ཁོང་གི་གློག་བརྙན་བརྩམས་ཆོས་གྲས་སུ།
ཐང་ག་ཞེས་པའི་ནང་བུད་མེད་གཙོ་བོ་པད་མ་འཁྲབ་སྟོན་བྱས།
རྒྱུད་སྐུད་སྟེང་གི་རྣམ་ཤེས་ཞེས་པའི་ནང་བུད་མེད་སྦྱིན་བདག་མ་འཁྲབ་སྟོན་བྱས།
ལག་དམར་ཞེས་པའི་ནང་བུད་མེད་སྦྱིན་བདག་མ་འཁྲབ་སྟོན་བྱས།
ང་ཡི་ཧི་མ་ལ་ཡ་ཞེས་པའི་ནང་ཨ་མ་ལགས་འཁྲབ་སྟོན་བྱས།
དབུགས་ལྒང་ཞེས་པའི་ནང་སྒྲོལ་དཀར་འཁྲབ་སྟོན་བྱས།
ཁོང་གི་བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན་གྱི་བརྩམས་ཆོས་གྲས་སུ།
ནོར་ནག་གི་ལོ་ཟླ་ཞེས་པའི་ནང་ལྷ་མོ་འཁྲབ་སྟོན་བྱས།
ཁོང་གི་གཏམ་བརྗོད་ཟློས་གར་གྱི་བརྩམས་ཆོས་གྲས་སུ།
སྐྱེ་མི་ཆོག་པའི་མི་ཞེས་པའི་ནང་ཟླ་བ་གཞོན་པ་འཁྲབ་སྟོན་བྱས།