ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་པེ་ཅིན་ནས་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 12-13


        ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཟླ་བཅུ་གཉིས་པའི་ཚེས་བཅུ་ནས་ཚེས་བཅུ་གཉིས་ཉིན་བར་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཀྲན་ཧྲུའུ་དང་ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན་བཅས་གྲོས་ཚོགས་ལ་ཞུགས།
        ཚོགས་ཐོག་ནས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྟེ་ཉིས་སྟོང་བཅུ་དགུ་ལོའི་དཔལ་འབྱོར་བྱ་བར་སྤྱི་བསྡོམས་བྱས་ཤིང་། དེང་སྐབས་ཀྱི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བྱས་པ་དང་ཉིས་སྟོང་ཉི་ཤུ་ལོའི་དཔལ་འབྱོར་བྱ་བར་བཀོད་སྒྲིག་བྱས། ལིས་ཁི་ཆང་གིས་གསུང་བཤད་གནང་སྐབས་སང་ལོའི་དཔལ་འབྱོར་བྱ་བར་བྱེ་བྲག་གི་བཀོད་སྒྲིག་བྱས་པར་མ་ཟད་སྤྱི་བསྡོམས་གསུང་བཤད་གནང་།
        ཚོགས་ཐོག་ནས་བལྟས་ན། ད་ལོའི་ཚུན་ལ། རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་འགྲན་རྩོད་མངོན་གསལ་སྒོས་མཐོར་འདེགས་སུ་འགྲོ་བའི་རྙོག་འཛིང་ཆེ་བའི་རྣམ་པར་དམིགས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱས་ཤིང་། བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་པ་དང་། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་གཙོ་ཐིག་ཏུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་ཏན་ཏན་ཏིག་ཏིག་སྒོས་བརྟན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བ་སྲུང་འཛིན་བྱས་ཤིང་། མཁྲེགས་གཏོར་ཆེན་པོ་གསུམ་ལག་བསྟར་བྱས་ཏེ་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། གནད་ཕིགས་དབུལ་ཐར་ཐད་ནས་ཕན་འབྲས་ལེགས་པོ་ཐོབ་ཅིང་དངུལ་རྩའི་ཉེན་ཁ་ནུས་ལྡན་སྒོས་འགྲོ་སྲུང་ཚོད་འཛིན་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་སྤུས་ཚད་སྤྱིར་བཏང་དུ་ལེགས་བཅོས་བྱས་ལ། བཅོས་སྒྱུར་སྒོ་འབྱེད་ཀྱི་གོམ་སྟབས་ཆེན་པོ་སྤོས་པ་དང་། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་སྔར་ལས་ཟབ་སྤེལ་བྱས་པ། ཚན་རྩལ་གསར་སྐྲུན་ཐད་ནས་བརྒལ་གཏོར་གསར་བ་བྱུང་ཞིང་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར། བདེ་འཇགས་ཚོར་སྣང་ཇེ་དྲག་ཏུ་སོང་བ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དམིགས་ཚད་གཙོ་བོའི་འཕར་ཚད་དེ་སྔོན་དཔག་དུས་སྐབས་དང་མཐུན་པར་བྱས་ལ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཐད་ནས་འཕེལ་རིམ་གལ་ཆེན་བྱུང་པར་སྙམ།
        ཚོགས་ཐོག་ནས་བསྟན་དོན། དེང་སྐབས་འཛམ་གླིང་དཔལ་འབྱོར་འཕར་ཚད་རྒྱུན་མཐུད་སྒོས་ཇེ་དལ་ལ་འགྲོ་བཞིན་ཡོད་པ་དང་། རྒྱལ་ནང་དཔལ་འབྱོར་ཇེ་སྡུག་ཏུ་འགྲོ་བའི་གནོན་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་ནའང་། རང་རྒྱལ་གྱི་དཔལ་འབྱོར་བརྟན་འཇགས་ཁྲོད་ནས་བཟང་ཕྱོགས་སུ་འཕེལ་བ་དང་ཡུན་རིང་ལ་འཕེལ་རྒྱས་སུ་འགྲོ་བའི་གཞི་རྩའི་འཕེལ་ཕྱོགས་འགྱུར་མེད་པས། ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་སེམས་ཤུགས་གཅིག་སྒྲིལ་བྱས་ཏེ་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལས་ཅིས་ཀྱང་རྣམ་པར་རྒྱལ་དགོས་ཟེར།
        ཚོགས་ཐོག་ནས་བསྟན་དོན། སང་ལོ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་མཇུག་བསྡུ་བའི་ལོ་ཡིན་པ་དང་། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་འཕེལ་རྒྱས་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་རྨང་གཞི་བཟང་བོ་འདིང་བར་དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་རྒྱུ་ཧ་ཅང་གལ་ཆེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། རྦད་ཆོད་སྒོས་ཏང་གི་གཞི་རྩའི་རིགས་གཞུང་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་བྱེད་ཕྱོགས་ལག་བསྟར་བྱེད་དགོས་ལ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལེགས་པོར་བསྒྲུབ་དགོས་པར་མ་ཟད། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་དམིགས་འབེན་དང་ལས་འགན་དང་དམ་དུ་སྦྲེལ་ཏེ། བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱེད་པ། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་གཙོ་ཐིག་ཏུ་འཛིན་པ་རྒྱུན་འཁྱོངས་བྱེད་པ། བཅོས་སྒྱུར་སྒོ་འབྱེད་སྒུལ་ཤུགས་སུ་སྒྱུར་བ་རྒྱུན་འཁྱོངས་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རྦད་ཆོད་སྒོས་མཁྲེགས་གཏོར་འཐབ་ཇུས་ཆེན་པོ་གསུམ་ལག་བསྟར་བྱས་ཏེ་གྲུབ་འབྲས་ཆེན་པོ་ལེན་དགོས་ལ། བརྟན་འཇགས་དྲུག་གི་བྱ་བ་ཁྱོན་ཡོངས་ནས་བཟང་བོར་བསྒྲུབ་པ་དང་གཅིག་གྱུར་སྒོས་འཕར་སྣོན་བརྟན་འཇགས་དང་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། སྒྲིག་གཞི་ལེགས་སྒྲིག དམངས་ཚིས་ལེགས་བཅོས། ཉེན་ཁ་འགོག་སེལ། བརྟན་འཇགས་སྲུང་འཛིན་བཅས་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་འཁོར་སྐྱོད་དེ་ལུགས་མཐུན་གྱི་ཁུལ་གནས་སུ་སྲུང་འཛིན་བྱེད་པ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་བདེ་བླག་ངང་མཇུག་བསྡུ་བ་འགན་སྲུང་བྱས་ནས། མི་དམངས་ཀྱི་ཁས་ལེན་ཐོབ་པ་དང་ལོ་རྒྱུས་ཀྱི་ཞིབ་དཔྱད་ཐོབ་ཏུ་འཇུག་དགོས་ཟེར།
        ཚོགས་ཐོག་ནས་བསྟན་དོན། སང་ལོའི་སྔོན་དཔག་དུས་སྐབས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་སྐབས། བརྟན་འཇགས་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། ཆེ་ཕྱོགས་སྲིད་ཇུས་བརྟན་འཇགས་ཡིན་དགོས་པ་དང་ཆུང་ཕྱོགས་སྲིད་ཇུས་སྟབས་བསྟུན་ཡིན་དགོས་པ། སྤྱི་ཚོགས་སྲིད་ཇུས་གཞི་རྩ་ཡིན་པའི་སྲིད་ཇུས་སྤྱི་ཁོག་རྒྱུན་འཁྱོངས་བྱས་ཏེ། ཆེ་ཕྱོགས་ནས་ཚོད་འཛིན་དང་སྙོམས་སྒྲིག་བྱེད་པའི་རྒྱང་ལྟ་རང་བཞིན་དང་དམིགས་ཡུལ་རང་བཞིན། ཕན་ནུས་རང་བཞིན་མཐོར་འདེགས་སུ་གཏོང་དགོས། གནད་དོན་ཁྲིད་ཕྱོགས་དང་དམིགས་འབེན་ཁྲིད་ཕྱོགས། མཇུག་འབྲས་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། འདོན་སྤྲོད་ཕྱོགས་ཀྱིས་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་རྒྱུན་མཐུད་སྒོས་གཏིང་ཟབ་ཏུ་སྤེལ་ནས། དཔལ་འབྱོར་མངོན་འགྱུར་སྤུས་ཚད་སྔར་ལས་མཐོར་འདེགས་སུ་འགྲོ་བ་འགན་སྲུང་བྱེད་དགོས་ཟེར།
        ཚོགས་ཐོག་ནས་སང་ལོར་དམ་འཛིན་བྱེད་དགོས་པའི་བྱ་བ་གཙོ་བོ་འགའ་གཏན་འཁེལ་བྱས། གཅིག བློ་བརྟན་འགྱུར་མེད་སྒོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་དགོས། གཉིས། རྦད་ཆོད་སྒོས་མཁྲེགས་གཏོར་འཐབ་ཇུས་ཆེན་པོ་གསུམ་གྱི་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་དགོས། གསུམ། དམངས་ཚིས་དང་ལྷག་པར་དུ་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་ནུས་ལྡན་སྒོས་ལེགས་བཅོས་བྱེད་པ་སྲུང་འཛིན་བྱེད་དགོས། བཞི། ཧུར་ཐག་གིས་ནོར་སྲིད་སྲིད་ཇུས་དང་བརྟན་བརླིང་གི་དངུལ་ལོར་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱེད་དགོས། ལྔ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དྲུག དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་དགོས་པ་བཅས་རེད།
        ཚོགས་ཐོག་ནས་བསྟན་དོན། བརྟན་འཇགས་དྲུག་གི་བྱེད་ཐབས་འཐུས་ཚང་དང་ཇེ་དྲག་ཏུ་བཏང་སྟེ་ནོར་སྲིད་དང་དངུལ་ལོར། ལས་ཞུགས་སོགས་སྲིད་ཇུས་མཐུན་སྦྱོར་དང་བརྒྱུད་སྒྲོག་དངོས་འབེབས་རྐྱེན་སྲོལ་ཆ་ཚང་དུ་གཏོང་བ་དང་། དཔལ་འབྱོར་འཁོར་སྐྱོད་དེ་ལུགས་མཐུན་གྱི་བར་གནས་སུ་སྲུང་འཛིན་བྱེད་དགོས། ཁྲལ་འཕྲི་ཡོན་གཅོག་གི་ཕན་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་པ་དང་། ཤུགས་ཆེན་པོས་ནོར་སྲིད་ཕྱིར་གཏོང་སྒྲིག་གཞི་ལེགས་སྒྱུར་བྱེད་དགོས་ལ། ཁེ་ལས་ཀྱིས་དངུལ་བསྡུ་དཀའ་བ་སོགས་ཀྱི་གནད་དོན་སྔར་ལས་ཐག་གཅོད་པ་དང་། བྱེད་ཐབས་ནུས་ལྡན་སྤྱད་དེ་ལས་ཞུགས་གནས་བབ་བརྟན་འཇགས་ཡིན་པ་སྲུང་འཛིན་བྱེད་དགོས། བཅོས་སྒྱུར་ལ་བརྟེན་ནས་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པ་དང་། སྲིད་བསྡུ་དབང་གཏོང་དང་དོ་དམ་ཟུང་འབྲེལ་བྱེད་པ་དང་ཞབས་ཕྱི་ལེགས་སྒྱུར་བྱེད་དགོས། རྒྱལ་དབང་ཁེ་ལས་བཅོས་སྒྱུར་གྱི་ལོ་གསུམ་འགུལ་སྐྱོད་ལག་བསྟར་བྱེད་པའི་ཇུས་གཞི་གཏན་འཁེལ་བྱས་ཏེ། རྒྱལ་དབང་ཁེ་ལས་བཅོས་སྒྱུར་གྱི་ཕྱོགས་བསྡུས་ཕན་འབྲས་མཐོར་འདེགས་སུ་གཏོང་བ་དང་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཁོར་ཡུག་ལེགས་སྒྱུར་བྱེད་དགོས། དངོས་ཕུང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། གསར་བཟོ་ལས་རིགས་ཀྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་གསར་དར་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། དམངས་ཀྱིས་བྱ་བཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་དགོས། དམངས་ཚིས་ཁྲིད་ཕྱོགས་ལ་ཤུགས་སྣོན་ཞིང་འཛད་སྤྱོད་བརྟན་འཇགས་འཕར་སྣོན་ལ་སྐུལ་འདེད་གཏོང་བ་དང་ནུས་ལྡན་དངུལ་གཏོང་སྔར་ལས་ཇེ་མང་དུ་གཏོང་བ། རྒྱལ་ནང་ཚོང་རའི་དགོས་མཁོའི་སྦས་ཤུགས་ཇེ་ཆེར་གཏོང་དགོས། དབུལ་ཐར་མཁྲེགས་གཏོར་དམིགས་འབེན་མངོན་འགྱུར་བྱེད་པ་དང་དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་འགན་སྲུང་བྱེད་པ་དང་། རྒྱུན་འཁྱོངས་ལྷོད་མེད་སྒོས་ཞིང་ལས་ཐོན་སྐྱེད་དམ་འཛིན་བྱེད་པ། ཏན་ཏན་ཏིག་ཏིག་སྒོས་ཞང་སྡེ་དར་སྤེལ་བྱ་བ་བཟང་བོར་བསྒྲུབ་དགོས། ཆུ་ཚད་སྔར་ལས་མཐོ་བའི་སྒོ་ནས་ཕྱི་ཕྱོགས་སྒོ་འབྱེད་པ་དང་ཕྱི་ཕྱོགས་ཉོ་ཚོང་བརྟན་འཇགས་སྒོས་འཕར་བར་སྲུང་འཛིན་བྱེད་པ། ཕྱི་དངུལ་བཀོལ་སྤྱོད་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཏན་ཏན་ཏིག་ཏིག་སྒོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་པར་མ་ཟད། བཙོག་བཟོ་འགོག་བཅོས་དང་སྐྱེ་ཁམས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་དམངས་ཚིས་འགན་སྲུང་བྱ་བ་ལེགས་པོར་བསྒྲུབ་དགོས་ཟེར།
        གྲོས་ཚོགས་ལས་རེ་བ་འདོན་རྒྱུར། ས་ཁུལ་སོ་སོའི་འབྲེལ་ཡོད་སྡེ་ཁག་གིས་ཏང་གི་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་མཐིལ་ཕྱིན་བྱེད་པ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཕྱོགས་སུ་སྒྱུར་བར་ཤུགས་བསྣན་ནས། ཏང་གིས་འགོ་ཁྲིད་དེ་དཔལ་འབྱོར་བྱ་བའི་ལམ་ལུགས་དེ་བཅོས་སྐྱོང་གི་ཕན་ནུས་སུ་སྒྱུར་དགོས།
        གྲོས་ཚོགས་ལས་བསྟན་དོན། ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་བསྐོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། སེམས་ཤུགས་གཅིག་ཏུ་སྦྲེལ་ནས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་ལེན་དགོས་ཟེར།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་བློ་མཐུན། རྒྱལ་སྲིད་ཨུ་ཡོན། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོ་མི་དམངས་ཞིབ་བཤེར་ཁང་གི་འགོ་བ། རྒྱལ་ཡོངས་སྲིད་གྲོས་འབྲེལ་ཡོད་བློ་མཐུན་དང་ཀྲུང་དབྱང་དམག་ཨུའི་ཨུ་ཡོན་སོགས་གྲོས་ཚོགས་སུ་ཞུགས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1