༄༅།། མིག་སྐམ་པའི་ནད་ཀྱི་འབྱུང་རྐྱེན་དང་སྔོན་འགོག

རིག་འཛིན་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 12-17


        མིག་སྐམ་པའི་ནད་ནི་རྒྱུན་མཐོང་གི་དལ་བའི་རང་བཞིན་གྱི་མིག་ནད་རིགས་ཤིག་ཡིན། མིག་སྐམ་པའི་ནད་དེ་རྩིས་འཁོར་རིགས་ཀྱི་ལས་ཀ་སྒྲུབ་མཁན་དང་། ཡིབ་གཟུགས་མིག་ཤེལ་གྱོན་མཁན། རྒྱང་སྒྲིབ་མིག་བཅོས་བྱས་མཁན་སོགས་ཀྱི་མི་ཚོགས་ལ་འབྱུང་སླ། མིག་སྐམ་པའི་ནད་བྱུང་ཚེ་དུས་ཡུན་རིང་བོའི་གསོ་བཅོས་བྱེད་དགོས་པར་མ་ཟད། འཚོ་བའི་ཁྲོད་དུ་ཡང་དོ་སྣང་བྱེད་དགོས་ས་མང་པོ་ཡོད།
        མིག་སྐམ་པ་ནི་མིག་ཆུའི་ཟགས་ཐོན་མི་འདང་བ་དང་། མཆི་ཆུ་རླངས་འགྱུར་དྲགས་པ། མིག་ཆུའི་གྲུབ་ཆ་རྒྱུན་ལྡན་མིན་པ་སོགས་ཀྱིས་བསླངས་པའི་མིག་སྐྱིའི་བརྟན་བརླིང་ཚད་ཇེ་དམའ་རུ་སོང་སྟེ་མིག་མི་བདེ་བ་དང་ནད་འགྱུར་བྱུང་པ་ཞིག་རེད། མིག་སྐམ་པའི་ནད་ཀྱི་དཔེ་མཚོན་ནད་རྟགས་ནི་མིག་སྐམ་རིད་དང་། ངལ་དུབ། འདྲ་མིན་དངོས་པོ་གནས་པའི་ཚོར་སྣང་བཅས་ཡོད་ལ། ད་དུང་འོད་ལ་སྐྲག་པ། རླུང་ལ་སྐྲག་པ། ཟུག་གཟེར་རྒྱག་པ། ཟ་འཕྲུག་ལངས་པ། ཚ་རྒྱས་པ། སྐྲངས་སྦོས་ཀྱི་ཚོར་སྣང་སོགས་ཀྱང་ཡོད། ཚབས་ཆེ་བར་མིག་ལྕིབས་དམར་སྐྲངས་དང་། མིག་སྐྱི་ཁྲག་སྐྱེད། ཆུ་བསགས་པ། ཟུར་སྐྱི་སྟེང་པགས་འཐོར་བ་སོགས་བྱུང་ནས་མིག་ཕྱེ་དཀའ་བ་དང་མཐོང་ཤུགས་ཉམས་པ་སོགས་ཀྱི་སྣང་ཚུལ་བྱུང་གིན་ཡོད།
        དུས་ཡུན་རིང་བོར་དྲོད་གྲང་སྙོམས་ཆས་དང་། རླུང་ཆེན། དུད་ཐལ་སོགས་སྐམ་ཤས་ཆེ་བའི་ཁོར་ཡུག་ཏུ་ལས་ཀ་བྱེད་པ་དང་། དུས་ཡུན་རིང་བོར་གློག་རྡུལ་ཐོན་རྫས་སྤྱོད་པ་དང་མཚན་མོར་རླངས་འཁོར་བསྐོར་བ་སོགས་ཀྱི་ཐེངས་གྲངས་ཇེ་ཉུང་དུ་གཏོང་དགོས། འཚོ་བའི་ཁོར་ཡུག་ལེགས་བཅོས་བྱས་ཏེ་བརླན་གཤེར་ཆས་སོགས་བཀོལ་ནས་མཁའ་དབུགས་ཀྱི་བརླན་ཚད་ཇེ་ཆེར་གཏོང་དགོས། དྲོད་གྲང་སྙོམས་སྒྲིག་འཕྲུལ་ཆས་བཀོལ་དུས་གྲང་རླུང་ཐད་ཀར་མིག་ལ་གཏོད་མི་རུང་། མིག་སྲུང་མིག་ཤེལ་དང་བརླན་ཤེལ་གྱིས་མིག་བརླན་སྲུང་བར་ཤུགས་རྒྱག་དགོས། མིག་ལྡེབ་གྲངས་ལ་ཁག་ཐེག་བྱེད་པ་དང་། མིག་སྐར་མ་བཞི་བཅུ་ཡས་མས་ལ་སྤྱད་རྗེས་སྐར་མ་ལྔ་ནས་བཅུ་ཙམ་ལ་ངལ་གསོས་ནས་རྒྱང་ལྟའམ་ལྷོད་གཡེང་གཏོང་བ་དང་། ཡང་ན་མིག་བཙུམ་ནས་ངལ་གསོ་རྒྱག་དགོས། མ་ཟད་རྣམ་ཀུན་མིག་གཉིས་ལ་ཚ་བྱུག་བྱེད་པ་དང་རླངས་གཏོང་མིག་བཀབ་ཀྱིས་ཉིན་རེར་ཐེངས2ནས3ལ་སྤྱད་ན་བཟང་། གཞན་ཡིབ་གཟུགས་མིག་ཤེལ་དང་མཛེས་ལྡན་ཡིབ་ཤེལ་བཀོལ་བའི་ཐེངས་གྲངས་ཉུང་དུ་གཏོང་དགོས།
        ཉིན་རྒྱུན་གྱི་བཟའ་བཏུང་ཁྲོད་ཆུ་མང་ཙམ་འཐུང་བ་དང་། འཚོབཅུད་Aདང་ལོ་མ་སེར་རྒྱུའི་རིགས་ཏེ། དཔེར་ན་སྒོ་ང་དང་ཕག་མཆིན། ལ་སེར། ཀྲོ་མ་ཀྲུ། ལྷ་ཀུབ། ཚལ་སྣག འབྲི་ཏ་ས་འཛིན་སྔོན་པོ། སང་ལོའི་འབྲས་བུ་སོགས་མང་ཙམ་ཟ་དགོས། བཟའ་བཏུང་རིགས་ཆ་སྙོམས་དང་སྔོ་ཚལ། ཤིང་ཏོག་སོགས་མང་ཙམ་བཟའ་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1