བོད་ཀྱི་གནམ་དཔྱད་ཚན་རིག་ཁྱབ་སྤེལ་ཉམས་ལེན་ཁང་ཐོག་མ་སྟེ། གངས་ལྗོངས་སྐར་མའི་གོ་ལ་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་འདུག
ཟླ་༡༢ཚེས་༡༤ཉིན་གྱི་སྔར་དྲོ། གངས་ལྗོངས་སྐར་མའི་གོ་ལའི་གནམ་དཔྱད་ཚན་རིག་ཁྱབ་སྤེལ་ཉམས་ལེན་ཁང་ལས་གཉེར་བྱེད་འགོ་ཚུགས་པའི་མཛད་སྒོ་ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་གནམ་དཔྱད་སྤྱི་གླིང་དུ་སྤེལ་བ་རེད། ངོ་སྤྲོད་བྱས་པར་གཞིགས་ན། གངས་ལྗོངས་སྐར་མའི་གོ་ལའི་ཉམས་ལེན་ཁང་དེ་༢༠༡༧ལོའི་ཟླ་༡༡པར་སྐྲུན་འགོ་ཚུགས་པ་དང་། དེ་ནི་བོད་ཀྱི་གནམ་དཔྱད་བརྗོད་དོན་དུ་བྱས་པའི་ཚན་རིག་ཁྱབ་སྤེལ་ཁང་ཐོག་མ་དེ་ཡིན་ལ། མིག་སྔར་རྒྱལ་ཡོངས་ཀྱི་འགྲེམ་སྟོན་གཞི་ཁྱོན་ཆེ་ཤོས་ཀྱི་ཉམས་ལེན་ཁང་ཞིག་ཀྱང་རེད།
ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་མ་འཇོག་ཚད་ཡོད་ཀུང་སིའི་སྤྱི་འདོམས་ཀྲའུ་ཁྲིན་ཅེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན།ཉམས་ལེན་ཁང་དེ་ནི་འཇིག་རྟེན་འདིར་ཉམས་ལེན་དང་། ངོས་འཛིན། འཚོལ་ཞིབ་བཅས་བྱ་རྒྱུ་བརྗོད་དོན་དུ་བྱས་པའི་ཉམས་ལེན་ཁང་ཞིག་ཡིན་ཞིང་། དེའི་ནང་འགྲེམ་སྟོན་རྣམ་གྲངས་༥༠ལྷག་ཡོད་པ་དེ་དག་གིས་རྩེར་སོན་པའི་ཚན་རིག་ལག་རྩལ་ལ་བརྟེན་ནས་དཔོག་དཀའ་བའི་འཇིག་རྟེན་འདིའི་ངོ་མཚར་མངོན་པར་བྱ་རྒྱུ་རེད།
ཤེས་རྟོག་བྱུང་བར་གཞིགས་ན། ཉམས་ལེན་ཁང་དེར་ཁྱོན་མ་འཇོག་སྒོར་དུང་ཕྱུར་༡.༨༦བྱས་ཡོད་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་༨༠༠༠ཡོད་ཅིང་། མཐོ་ཚད་ལ་སྨི་༣༡.༣༥ཡོད།
ཀྲུང་གོ་ཚན་རིག་ཁང་རྒྱལ་ཁབ་གནམ་དཔྱད་ལས་ཁུངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཧྲོ་ཡིས་སྤྱི་ལོ་༡༩༥༧ལོར་པེ་ཅིང་གི་གནམ་དཔྱད་ཁང་དངོས་སུ་སྒོ་ཕྱེས་ཡོད། དེ་ནི་ཀྲུང་གོའི་དེང་རབས་ཀྱི་གནམ་དཔྱད་ཁང་ཐོག་མ་དེ་ཡིན་ཞིང་། དེའི་ནང་གནམ་དཔྱད་རིག་པ་མཁས་ཅན་རྒན་རབས་ཚོའི་ཕུགས་འདུན་འདུས་ཡོད། ལོ་ངོ་༦༠རྗེས་ཀྱི་དེའི་རིང་། བོད་ལྗོངས་ལའང་ཆེད་ལས་ཀྱི་གནམ་དཔྱད་ཁང་བྱུང་པ་དེ་ནི་ཀྲུང་གོའི་གནམ་དཔྱད་ཚན་རིག་ཁྱབ་སྤེལ་བྱ་གཞག་གི་བཀྲ་ཤིས་པའི་བྱ་བ་ཞིག་རེད་ཅེས་གསུངས་པ་རེད།
ཉམས་ལེན་ཁང་གི་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཉམས་ལེན་ཁང་དེ་༢༠༡༩ལོའི་ཟླ་༡༢ཚེས་༡༤ཉིན་ནས་༢༠༢༠ལོའི་ཟླ་༤བར་ཚོད་ལྟའི་ལས་གཉེར་བྱ་རྒྱུ་ཡིན་པ་དང་། དེའི་རིང་ཡང་སྤ་སེ་ཉོ་དགོས་པས། མི་རེར་སྒོར་༡༢༠ཡིན། རྒན་རྒོན་དང་སློབ་མར་མི་རེར་སྒོར་༦༠ཡིན་པ་རེད།