ཚེས་18ཉིན་གྱི་ཕྱི་དྲོར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་ཨའོ་མོན་དུ་ཕེབས་ཏེ་ཚེས་20ཉིན་འཚོག་རྒྱུ་ཡིན་པའི་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་20འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་ལྔ་པའི་སྲིད་གཞུང་གི་འགན་བཞེས་མཛད་སྒོར་ཞུགས་པ་དང་འབྲེལ་ཨའོ་མོན་དུ་གཟིགས་ཞིབ་ཀྱང་གནང་རྒྱུ་ཡིན།
ཕྱི་དྲོའི་ཆུ་ཚོད་བཞི་པ་ཙམ་ལ་ཞི་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་ཨའོ་མོན་རྒྱལ་སྤྱིའི་གནམ་ཐང་དུ་དལ་གྱིས་བབས་པ་རེད། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་གནམ་གྲུ་ནས་ཐོན་ཏེ་བསུ་བ་ཞུ་བར་ཡོང་བའི་མི་ཚོགས་ལ་གུས་ལན་གནང་བ་རེད། ཨའོ་མོན་ཉེན་རྟོག་པའི་རོལ་ཆའི་རུ་ཁག་གིས་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་བའི་རོལ་དབྱངས་དཀྲོལ་ནས་ཡུལ་དངོས་སུ་དགའ་སྤྲོའི་རྣམ་པས་ཁེངས། གནམ་གྲུའི་སྐས་འགྲམ་དུ་ཨའོ་མོན་གྱི་བྱིས་པ་གཉིས་ཀྱིས་ཞི་ཅིན་ཕིང་དང་ཕེང་ལི་ཡོན་ལ་མེ་ཏོག་ཕུལ་བ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཚུའེ་ཧྲི་ཨན་དང་སྐུ་ཟླ་ཧོ་ཧུའེ་ཧྥེན་གྱི་ཕེབས་རོགས་འོག་ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་བསུ་བ་ཞུ་བར་ཡོང་པའི་མི་སྣ་དང་བྱམས་བརྩེའི་ངང་ཕྱག་འཇུས་གནང་བ་རེད། ཨའོ་མོན་གྱི་གཞོན་ནུ་ལོ་ཆུང་དང་ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་ཚབ་བརྒྱ་ཕྲག་ཁ་ཤས་ཀྱིས་རྒྱལ་དར་དང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁུལ་དར། མེ་ཏོག་བཅས་གཡུག་གཡུག་བྱས་ནས་ཞི་ཅིན་ཕིང་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད།
ཞི་ཅིན་ཕིང་གིས་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་20ཡི་རིང་ཐོབ་པའི་གྲུབ་འབྲས་དང་ཡར་ཐོན་ནི་མི་རྣམས་སྤོབས་པ་སྐྱེ་འོས་པ་ཞིག་ཡིན་ལ་མེས་རྒྱལ་ཀྱི་མི་དམངས་དང་ཀྲུང་དབྱང་སྲིད་གཞུང་ལའང་སྤོབས་སེམས་སྐྱེ་བྱུང་། ཨའོ་མོན་གྱིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ལག་བསྟར་ནན་ཏན་བྱས་ནས་ཐོབ་པའི་ཉམས་མྱོང་དང་ཁྱད་ཆོས་ནི་ཕྱོགས་བསྡོམས་བྱེད་རིན་ཡོད་པ་ཞིག་ཡིན་པ་དང་། ཨའོ་མོན་གྱི་མ་འོངས་པའི་འཕེལ་རྒྱས་ཀྱི་མཛེས་སྡུག་ལྡན་པའི་འཆར་འགོད་ང་ཚོས་མཉམ་དུ་འབྲི་དགོས། རྗེས་ཕྱོགས་ཀྱི་ལམ་ཐིག་ཁྲོད་ཨའོ་མོན་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་དང་མཉམ་དུ་དོ་ཁུར་བྱེད་པའི་གནད་དོན་ལ་འབྲེལ་འདྲིས་མང་ཙམ་བྱེད་པའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཏིང་ཞུའེ་ཞང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲེན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མ་པེའོ་སོགས་ཕེབས་རོགས་མི་སྣ་གནམ་གྲུ་གཅིག་ཏུ་བསྡད་ནས་མཉམ་དུ་འབྱོར་བ་རེད། རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་གཅིག་ལྕོགས་ཝང་དབྱི་སྔོན་ལ་འབྱོར་ཡོད་པ་རེད།