ཞི་ཅིན་ཕིང་གིས་ཨའོ་མོན་སྲིད་གཞུང་གི་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་དང་དབྱིང་ཚའེ་སློབ་གྲྭར་གཟིགས་ཞིབ་གནང་བ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 12-23




          སྤྱི་ཚེས་19ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཚུའེ་ཧྲེ་ཨན་གྱི་ཕེབས་རོགས་འོག་ཨའོ་མོན་གྱི་ཧའེ་ཧྲ་ཧོན་དུ་གནས་པའི་སྲིད་གཞུང་གི་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་དང་ཧའོ་ཅང་སློབ་འབྲིང་གི་ཞོར་གཏོགས་དབྱིང་ཚའེ་སློབ་གྲྭར་ཕེབས་ཏེ།  ཨའོ་མོན་གྱི་གྲོང་མི་དང་དགེ་སློབ་དང་མཛའ་བརྩེའི་སྤེལ་རེས་གནང་ཡོད།

          ཧའེ་ཧྲ་ཧོན་གྱི་སྲིད་གཞུང་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ནི་སྤྱི་ལོ་2009ལོར་དངོས་སུ་བེད་སྤྱོད་གཏོང་འགོ་ཚུགས་པ་དང་།  མིག་སྔར་སྲིད་གཞུང་ཚན་པ་26གིས་ཞབས་ཞུའི་རྣམ་གྲངས་335སྒྲུབ་བཞིན་ཡོད།  ཞི་ཅིན་ཕིང་ཞབས་ཞུའི་ཐོག་ཁང་དུ་ཕེབས་པ་དང་།  ཚོམས་ཆེན་ནང་གི་འགྲེམས་དངོས་དང་ཟུང་འབྲེལ་གྱིས་སྲིད་གཞུང་གི་ཞབས་ཞུའི་ཐོན་ཁུངས་ཟླ་སྒྲིལ་བཏང་བ་བརྒྱུད་གྲོང་མིར་སྟབས་བདེའི་སྲིད་དོན་ཞབས་ཞུ་མཁོ་འདོན་བྱེད་པའི་གནས་ཚུལ་གསན་གནང་ཡོད།  ཐོབ་ཐང་ར་སྤྲོད་དང་སྤྱི་ཚོགས་འགན་སྲུང་ཞབས་ཞུ་སྒྲུབ་ཁུལ་དུ་ཞི་ཅིན་ཕིང་གིས་འབྲེལ་ཡོད་ལས་སྒོའི་འགྲོ་ལུགས་གཉེར་བའི་བརྒྱུད་རིམ་ལ་གཟིགས་གནང་བ་དང་འབྲེལ་ལས་སྒོ་གཉེར་མཁན་གྲོང་མི་དང་གླེང་མོལ་གནང་ཡོད།

          ཉིན་མཚན་དབྱེར་མེད་ངང་ཐོབ་ཐང་ར་སྤྲོད་རང་འགུལ་ཞབས་ཞུའི་ཁུལ་དུ་ཞི་ཅིན་ཕིང་གིས་ལམ་ཡིག་ལས་སྒོ་སོགས་ཀྱི་འགྲོ་ལུགས་གཉེར་སྟངས་ལ་གཟིགས་གནང་བ་མ་ཟད།  ཆ་འཕྲིན་ཚན་རྩལ་གྱི་ཐབས་ལམ་བརྒྱུད་སྤྱི་ཚོགས་བཅོས་སྐྱོང་ཞིབ་ཕྲ་ཅན་དང་སྤྱི་པའི་ཞབས་ཞུ་ནུས་མཐོ་ཅན་གྱི་བྱ་ཐབས་ལ་གདེང་འཇོག་གནང་ཡོད། 

          དེ་རྗེས། ཞི་ཅིན་ཕིང་ཧའོ་ཅང་སློབ་འབྲིང་གི་ཞོར་གཏོགས་དབྱིང་ཚའེ་སློབ་གྲྭར་ཕེབས་ཡོད། ཧའོ་ཅང་སློབ་འབྲིང་ནི་སྤྱི་ལོ་1932ལོར་བཙུགས་པ་དང་། དེ་ནི་ཨའོ་མོན་གྱི་སློབ་མའི་གྲངས་འབོར་མང་ཤོས་ཀྱི་རྨང་གཞིའི་སློབ་གསོའི་སློབ་གྲྭ་ཞིག་ཡིན་ཞིང་། ད་ཆ་སློབ་གྲྭ་དེ་སློབ་འབྲིང་པུའུ་དང་། ཞོར་གཏོགས་དབྱིང་ཚའེ་སློབ་གྲྭ། སློབ་ཆུང་པུའུ། བུ་བཅོལ་ཁང་པུའུ་བཅས་ཁག་བཞི་ལས་གྲུབ་པ་དང་། སློབ་གྲྭ་བཙུགས་ཚུན་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྔ་བར་ཕྱི་གསུམ་དུ་རྒྱུན་འཁྱོངས་བྱེད་པ་དང་རྒྱལ་གཅེས་ཨའོ་གཅེས་ཀྱི་ཕུལ་བྱུང་ཤེས་ལྡན་མི་སྣ་འབོར་ཆེན་གསོ་སྐྱོང་བྱས་ཡོད། ད་ལོའི་དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་གྱི་སྔ་ནུབ་ཏུ། ཞི་ཅིན་ཕིང་གིས་སློབ་གྲྭ་དེའི་སློབ་ཆུང་སློབ་མར་འཕྲིན་ལན་བསྐུར་གནང་ནས་ཁོང་ཚོར་མཛའ་བརྩེའི་ངང་སྐུལ་ལྕག་གནང་བར་ཨའོ་མོན་སྤྱི་ཚོགས་ཐོག་ལན་ཆ་བཟང་པོ་བྱུང་ཡོད།

          ཞི་ཅིན་ཕིང་སློབ་གྲྭའི་དཔེ་མཛོད་ཁང་དུ་ཕེབས་ཏེ་ཨའོ་མོན་གྱི་སློབ་གསོའི་སྤྱིའི་གནས་ཚུལ་དང་སློབ་གྲྭའི་ལོ་རྒྱུས་ངོ་སྤྲོད་གནང་བ་གསན་པ་དང་། ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ཚུན་གྱི་དམིགས་བསལ་སྲིད་འཛིན་ཁུལ་དང་སློབ་གྲྭའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་དོན་གནས་ཚུལ་མཁྱེན་རྟོགས་གནང་ཡོད། འགྲེམས་སྟེགས་ཐོག་ཀྲུང་གོའི་ལོ་རྒྱུས་དང་། ཀུན་སྤྱོད་དང་སྤྱི་དམངས་སོགས་ཀྱི་བསླབ་གཞི་བཞག་ཡོད། ཞི་ཅིན་ཕིང་གིས་བསླབ་གཞིར་ཞིབ་ཕྲ་གཟིགས་གནང་ཡོད། ཞི་ཅིན་ཕིང་གིས། བསླབ་གཞི་ནི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་བརྒྱུད་བསྒྲགས་བྱེད་སྟེགས་གལ་ཆེན་ཞིག་རེད། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ནང་ས་དང་བསླབ་གཞི་མཉམ་སྒྲིག་བྱེད་པའི་བྱ་ཐབས་ནི་གདེང་འཇོག་ཡག་པོ་བྱེད་དགོས་པ་ཞིག་ཡིན། སློབ་གྲྭ་དེ་བས་མང་བས་བསླབ་གཞི་གསར་པ་བེད་སྤྱོད་བྱས་ཏེ།  དགེ་རྒན་རྣམ་པས་བསླབ་གཞི་སློབ་ཁྲིད་ཡག་པོ་དང་། གསོན་ཉམས་ལྡན་པ། མི་སེམས་ལ་ཟུག་པ་བཅས་བྱེད་དགོས་པའི་སྐུལ་མ་གནང་ཡོད།

          ཞི་ཅིན་ཕིང་གིས་ད་དུང་སློབ་གྲྭའི་ཚན་རྩལ་གསར་གཏོད་བརྩམ་བྱའི་འགྲེམས་སྟོན་ལ་གཟིགས་པ་དང་། སློབ་མས་ཚན་རྩལ་གསར་གཏོད་ཀྱི་བརྩམ་བྱ་ལྕགས་རི་རིང་པོའི་གཏམ་རྒྱུད་དང་། ལོང་བའི་འཁར་རྒྱུག མཚན་མོའི་བློ་རིག་འཁོར་འཇོག་མ་ལག་སོགས་ངོ་སྤྲོད་གནང་བ་གསན་པ་དང་འབྲེལ་སློབ་མ་དང་མཉམ་འགུལ་སྤེལ་རེས་གནང་ཡོད། ཁོང་གིས།  སློབ་མ་ཚོའི་བརྩམ་བྱར་གསར་གཏོད་ཀྱིས་ཕྱུག་པ་དང་བག་ཆགས་ཟབ་མོ་བཞག་བྱུང་། སློབ་གྲྭས་སློབ་ཚན་བཀོད་སྒྲིག་ཟམ་མི་ཆད་པར་ལེགས་སྒྱུར་དང་། ཚན་རྩལ་གསར་གཏོད་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་ཕན་ཐོགས་ཡོད་པའི་སློབ་གསོ་གཏོང་སྟངས་འཚོལ་ཞིབ་བྱེད་དགོས་པའི་ཐུགས་རེ་གནང་ཡོད་པ་རེད།

          སློབ་གྲྭའི་ཚོགས་ཁང་ནང་། ཧའོ་ཅང་སློབ་འབྲིང་གི་དགེ་སློབ་ཀྱི་འཐུས་མི་དང་། ཨའོ་མོན་གྱི་མཐོ་རིམ་སློབ་གསོ་མིན་པའི་སློབ་གྲྭའི་སློབ་སྤྱི། ལོ་རྒྱུས་ཚན་ཞིབ་ཚོགས་ཆུང་གི་ཚོགས་གཙོ། ཀུན་སྤྱོད་སློབ་གསོའི་ཀྲུའུ་རེན་བཅས་ནས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་ཨའོ་མོན་ཞེས་པས་བརྗོད་དོན་གཙོ་བོ་བྱས་པའི་ཀྲུང་གོའི་ལོ་རྒྱུས་ཡོངས་བསྒྲགས་སློབ་ཚན་ལྟ་ཉན་བྱེད་བཞིན་ཡོད། ཞི་ཅིན་ཕིང་ཚོགས་ཁང་ནང་ཕེབས་སྐབས་ཚང་མས་ཡར་ལངས་ནས་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་ཡོད། ཞི་ཅིན་ཕིང་གིས་ཚང་མར་ཕྱག་གཡུག་གཡུག་གིས་གུས་ལན་གནང་བ་མ་ཟད་དེ་གར་བཞུགས་གནང་ནས་སློབ་ཚན་གསན་གནང་ཡོད། ཡོངས་བསྒྲགས་སློབ་ཚན་མཇུག་འགྲིལ་རྗེས་དགེ་སློབ་ཚང་མའི་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་སློབ་མའི་ཁྲོད་ཕེབས་ནས་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། ཧའོ་ཅང་སློབ་འབྲིང་ནི་རྒྱལ་གཅེས་ཀྱི་སྲོལ་རྒྱུན་ཡུན་རིང་ལྡན་པའི་སློབ་གྲྭ་ཞིག་ཡིན་པ་དང་། ད་ལོའི་ཟླ་5པར་དབྱིང་ཚའེ་སློབ་གྲྭའི་གྲོགས་པོ་ཆུང་ཆུང་ཚོའི་འཕྲིན་ཡིག་འབྱོར་བྱུང་། ཁྱིམ་ཚང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་བ་ཟབ་མོ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་མཐོང་དུས་ང་རང་སེམས་འགུལ་ཆེན་པོ་ཐེབས་བྱུང་། ཧའོ་ཅང་སློབ་འབྲིང་གི་གཟི་བརྗིད་ལྡན་པའི་ལོ་རྒྱུས་ལས་ཀྱང་རྒྱ་ཆེའི་ཨའོ་མོན་གྱི་སྤུན་ཟླས་སྔ་བར་ཕྱི་གསུམ་དུ་རྒྱུན་འཛིན་བྱེད་པའི་རྒྱལ་གཅེས་ཀྱི་བརྩེ་བ་ཟབ་མོ་མངོན་ཡོད། ཨའོ་མོན་ནས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་རྒྱལ་གཅེས་རིང་ལུགས་ཀྱིས་སྤྱི་ཚོགས་དང་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་བཏིང་ཞིང་། གང་དེས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལག་ལེན་སྔ་བར་ཕྱི་གསུམ་དུ་ཡང་དག་པའི་ཕྱོགས་སུ་མདུན་སྐྱོད་ཐུབ་པ་དང་། དར་རྒྱས་གོང་འཕེལ་གྱི་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་ཅེས་གསུངས་པ་རེད། 

          ཞི་ཅིན་ཕིང་གིས། དེ་རིང་གི་སློབ་ཚན་འདིའི་དོན་སྙིང་ཐུན་མོང་མ་ཡིན་པ་ཞིག་དང་འབེན་ཡོད་སར་མདའ་འཕེན་པ་བཞིན་ལོ་རྒྱུས་ཀྱི་གཙོ་གནད་དང་སློབ་གསོའི་གཙོ་གནད་ལ་དམ་འཛིན་བྱས་ཡོད། རྒྱལ་གཅེས་རིང་ལུགས་ཀྱི་རྨང་གཞི་བརྟན་དུ་གཏོང་བར་ལོ་རྒྱུས་ཤེས་རྟོགས་བྱེད་དགོས། ཀྲུང་གོ་བ་ཞིག་ཡིན་པའི་ཆ་ནས་ངེས་པར་དུ་རང་རེའི་མི་རིགས་ཀྱི་ལོ་རྒྱུས་ལ་ཤེས་རྟོགས་བྱེད་དགོས། ཀྲུང་གོའི་མི་དམངས་དུང་ཕྱུར་14གོང་བུ་འགྲིལ་ཤུགས་ཆེན་པོ་འདི་ལྟར་བྱུང་བའི་རྒྱུ་མཚན་ནི་ང་ཚོར་མཁྱེན་དཔྱོད་ཡངས་པའི་ཀྲུང་ཧྭའི་རིག་གནས་དང་ཀྲུང་ཧྭའི་སྙིང་སྟོབས་ལྡན་པས་རེད།  དེ་ནི་རང་རེའི་རིག་གནས་བློ་སྤོབས་ཀྱི་འབྱུང་རྩ་ཡིན། ང་ཚོའི་ལོ་ངོ་5000རིང་རྒྱུན་མཐུད་ཐུབ་པའི་ལོ་རྒྱུས་ཤེས་རྟོགས་བྱས་ཚེ། མི་རིགས་ཀྱི་ལ་རྒྱ་དང་མི་རིགས་ཀྱི་སྤོབས་སེམས་རང་ཤུགས་སུ་ཆགས་ཐུབ། ཉལ་ཐའི་དམག་འཁྲུག་ཚུན་གྱི་མི་རིགས་ཀྱི་བརྙས་བཅོས་མྱོང་བའི་ལོ་རྒྱུས་ཤེས་རྟོགས་བྱས་ཚེ། གཞི་ནས་ཀྲུང་གོའི་མི་དམངས་ནས་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ཕུགས་འདུན་ཆེན་པོར་གོ་བ་ལེན་ཐུབ། ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་ལོ་ཡིན་པས། ང་ཚོ་མི་རེ་ངོ་རེ་ཚང་མས་ཀྲུང་གོ་གསར་པར་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལ་སྤོབས་པ་སྐྱེ་བཞིན་ཡོད་ལ་རྒྱལ་ཁབ་འཕེལ་རྒྱས་ཀྱི་འགྲོ་ལམ་ལ་ཡིད་ཆེས་སྔར་བས་ཆེ་རུ་ཕྱིན་ཡོད། ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་ཉི་ཤུའི་རིང་གི་འགྱུར་ལྡོག་ཆེན་པོ་ནི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་རེད་ཅེས་བརྗོད་ཆོག་ཅིང་། དེས་ཨའོ་མོན་སྤུན་ཟླས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་རྩ་བ་ནི་རྒྱལ་ཁབ་གཅིག་ལ་ཐུག་པ་སྔར་བས་ཤེས་རྟོགས་ཐུབ་པ་དང་། དེང་གི་རྣམ་པ་བཟང་པོར་དེ་བས་གཅེས་འཛིན་བྱེད་པ། མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པའི་སེམས་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད་ཅེས་གསུངས་ཡོད།

          ཞི་ཅིན་ཕིང་གིས། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ནང་དོན་རྒྱ་ཆེན་པོ་ཡོད་པས་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སློབ་གསོའི་སྡེ་ཁག་དང་སློབ་གྲྭས་འགན་འཁྲི་གཙོ་བོ་ཕྲག་ཏུ་འཁུར་ནས། ད་ཡོད་ཀྱི་རྨང་གཞིའི་སྟེང་ཡང་འབད་བསྐྱར་འབད་ངང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་ཐུགས་རེ་གནང་ཡོད། ཨའོ་མོན་གྱི་གཞོན་ནུ་རྣམས་བྱས་རྗེས་ཡོད་པའི་མི་རབས་ཤིག་དང་སྤོབས་སེམས་བྱེད་རིན་ཡོད་པའི་མི་རབས་ཤིག་ལ་འགྱུར་ནས། ཨའོ་མོན་དང་རྒྱལ་ཁབ་ཀྱི་རྐང་འཛིན་མི་སྣར་འགྱུར་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་ཡོད་པ་རེད།

          ཞི་ཅིན་ཕིང་གིས་གསུང་བཤད་གནང་མཇུག་འགྲིལ་རྗེས་དགེ་སློབ་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་བསྒྲགས་ཡོད།

          སློབ་གྲྭ་ནས་ཞལ་གྱེས་སྐབས། དགེ་སློབ་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཕྱོགས་སུ་ཡོང་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྤྲོ་སེམས་འཁོལ་བའི་འཚམས་འདྲི་ཞུས་ཡོད། སློབ་མ་ཚོས་ཞི་ཅིན་ཕིང་ལ་ཆེད་མངགས་བཟོས་པའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་འཕྲིན་ལན་གྱི་དྲན་གསོའི་དམིགས་བསལ་དུས་དེབ་ཕུལ་བ་དང་།  ཞི་ཅིན་ཕིང་གིས་སློབ་མ་ཚོར་སློབ་སྦྱོང་ཡར་རྒྱས་དང་བདེ་ཐང་ངང་འཚར་ལོངས་ཡོང་བའི་སྨོན་འདུན་ཞུས་གནང་བ་མ་ཟད་ཚང་མར་ཕྱག་གཡུག་གཡུག་གནང་ནས་ཞལ་གྱེས་ཞུས་གནང་ཡོད།
          ཏིང་ཞུའེ་ཞང་དང་། ཝང་ཁྲེན། ཀྲང་ཡིའུ་ཞ། ཝང་དབྱི། མ་པེའོ་སོགས་བྱེད་སྒོར་ཞུགས་གནང་ཡོད་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1