༄༅།། ལྷུག་རྩོམ་སྙན་ངག《བལ་དཀར་པོ་སྲུང་གི་མདུད་པ་ཅན》བཀླགས་པའི་མྱོང་ཚོར།

བསོད་ནམས་སྐྱབས། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 12-24



མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ། བསོད་ནམས་སྐྱབས།
དང་པོ། རྩོམ་རིག་གི་བསམ་བློའི་མཚོན་ཐབས།
        ལྷུག་རྩོམ་འདིའི་བསམ་བློའི་མཚོན་ཐབས་ནི་བོད་རང་གི་ས་སྐྱེས་རྡོ་སྐྱེས་ཡིན་པའི་ངག་རྒྱུན་དང་གཏམ་རྒྱུད། ལོ་རྒྱུས་སོགས་དམངས་ཁྲོད་རིག་གནས་ཀྱི་བང་མཛོད་ཆེན་པོ་ཞིག་ལ་གཞི་བཅོལ་ཡོད་ཡོད་དེ། ལྷུག་རྩོམ་འདིའི་ཚན་པ་དང་པོར། “མེས་པོ་ཚོའི་ངག་རྒྱུན་ལྟར་ན། གནའ་སྔ་མོ་སྔ་མོ་ཞིག་ལ……”ཞེས་པའི་ཚིག་འདི་ནི། ང་ཚོ་གཞི་རིམ་ནས་ནར་སོན་པའི་བོད་མི་ཞིག་ལ་མཚོན་ན་ཧ་ཅང་གསལ་ཆ་ཡོད་ཅིང་རྣ་བར་བྱང་བ། འདྲིས་ཆེ་བ་ཞིག་ཡིན། རྩོམ་པ་པོས་སྐད་ཆ་ཐུང་ངུ་འདི་བཀོལ་ནས་མེས་པོ་ཐོག་མ་གཉའ་ཁྲི་བཙན་པོ་ཁོང་ཉིད་བོད་དུ་སླེབས་པའི་ངག་རྒྱུན་མཚོན་པར་བྱས་པ་དང་། དེ་དུས་རྗེ་གཉའ་ཁྲི་བཙན་པོ་ཁོང་ཉིད་བྱོན་ཚུལ་ནི། གནམ་གྱི་རིམ་པ་བཅུ་གསུམ་གྱི་སྟེང་གཟུགས་ཁམས་འོད་གསལ་ལྷ་རི་ཞེས་པ་ནས་ཕེབས་ཏེ་ལྷ་རི་གྱང་ཐོར་བབས་ཏེ་བོད་ཀྱི་མི་ཤེས་པ་ཅན་བཅུ་གཉིས་དང་ཕྲད་ཅིང་། བོད་ཀྱི་མི་ཤེས་པ་ཅན་བཅུ་གཉིས་ཀྱིས་གཉའ་བར་ཁྲི་བྱས་ཏེ་ཡུལ་ཡར་ལུང་དུ་གདན་དྲངས་ཏེ་རྒྱལ་པོར་གསོལ་པས། མཚན་ལ་གཉའ་ཁྲི་བཙན་པོ་ཞེས་བཏགས་པའི་ངག་རྒྱུན་དང་ལྷ་སྒྲུང་མང་པོར་གཞི་བྱས་ཡོད་ལ། དེ་དག་ལ་གཞི་བྱེད་དགོས་པའི་རྒྱུ་མཚན་ནི། བལ་དཀར་པོའི་རིག་གནས་ནི་བོད་ཀྱི་ལོ་རྒྱུས་ཀྱི་ཆུ་མགོ་ཡིན་པའི་ལྷ་སྒྲུང་དང་ངག་རྒྱུན་དག་དང་འབྲེལ་ཞིང་། འདིས་བོད་ཀྱི་ལོ་རྒྱུས་ཀྱི་བྱུང་བ་དང་འཕེལ་རྒྱས་ཀྱི་དཀྱོགས་མཚམས་རེ་ལའང་འབྲལ་ཐབས་མེད་པའི་ཤུགས་རྐྱེན་ཐེབས་ཡོད་པ་གསལ་བཤད་བྱས་ཡོད། དེ་ལས་གནའ་རབས་བོད་ཀྱི་ལོ་རྒྱུས་ཀྱི་འཕེལ་འགྲིབ་ཀྱི་ས་ཚིགས་རེ་རེ་དང་རིག་གནས་ཀྱི་ཞིང་ཁ་རེ་རེ་ལའང་རྩོམ་པ་པོས་ཤུགས་དྲག་པའི་བརྩེ་དུང་གིས་དྲན་གསོ་བྱས་ཤིང་། བོད་ཀྱི་ལོ་རྒྱུས་ཀྱི་གནས་སྟངས་ཀྱི་མཚོ་མཐའ་རེ་རེ་ལའང་ཞེན་ཆགས་ཀྱི་ཕྱི་མིག་འཕངས་ཡོད། དེ་མིན། བལ་དཀར་པོའི་དམུ་ཐག་ལས་ངག་རྒྱུན་དང་ལྷ་སྒྲུང་ནི་བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་ས་བོན་ལྟ་བུར་ངེས་པས། ངག་རྒྱུན་དང་ལྷ་སྒྲུང་གིས་རྩོམ་རིག་ཐད་དུ་ཐོན་པའི་ནུས་པ་དང་དེ་ལས་འཕེལ་བའི་རྩོམ་རིག་གི་རིན་ཐང་སོགས་ལ་དང་དོད་དང་འཕེལ་རྒྱས་སུ་གཏོང་དགོས་པའི་བསམ་བློའི་རྣམ་པའང་ཤུགས་ཆེར་མཚོན་ཡོད།
        བལ་དཀར་པོ་ནི་བོད་ཀྱི་གཡང་དང་བཀྲ་ཤིས་པ། དོན་འགྲུབ་པའི་རྟགས། དགེ་ལེགས་འཕེལ་བ། བྱ་བ་ལམ་འགྲོ་ཡོང་བའི་རྟེན་སོགས་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཡིན་པ་དང་བོད་ཀྱི་སྲོལ་རྒྱུན་གྱི་སློབ་གསོའི་མ་ལག་གལ་ཆེན་ཞིག་སྟེ་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་རྒྱུ་གལ་ཆེན་ཞིག་ཀྱང་ཡིན། དེ་ནི། ང་ཚོ་བོད་ཀྱི་ཡུལ་སྲོལ་གོམས་གཤིས་སམ་སྲོལ་རྒྱུན་རིག་གནས་གལ་ཆེན་ཞིག་སྟེ། འབྲོག་ཁུལ་དུ་སྒོ་ཕྱུགས་ལ་སྲུང་འཐེན་པའི་རིག་གནས་ཀྱི་གཞི་གཙོ་བོའང་བལ་དཀར་པོའི་དམུ་ཐག་དང་འབྲེལ་བ་ཆེན་པོ་ཡོད་པ་ཡིན། དེ་ནི་འབྲོག་པའི་ཁྱིམ་ཚང་ཞིག་ལ་མཚོན་ན་སྒོ་ཕྱུགས་ཀྱི་ཁྲོད་དུ་སྲུང་གཡག་དང་སྲུང་འབྲི། སྲུང་ལུག་སོགས་འགའ་རེ་ཡོད་ངེས་ཡིན་ལ། འབྲོག་པའི་ཁྱིམ་ཚང་དག་གིས་རང་རང་གི་སྒོ་ཕྱུགས་ཀྱི་ཁྲོད་ནས་གཟུགས་གཞིའི་སྤུ་ཤད་ཡག་པ། རྭ་ཁ་ཡག་པ། རྒྱུད་ཀྱི་འཕེལ་ཁ་དར་བ། ཕྱུག་གི་གཡང་གཙོ་བོ་ཡིན་པའི་སྒོ་ཕྱུགས་འགའ་རེར་སྲུང་འཕེན་པའི་སྲོལ་ཡོད། དེར་སྲུང་འཐེན་དུས་སུ་རྔོག་མར་དར་ཚོན་སྣ་ལྔའི་ཁ་བཏགས་དང་ཡང་ན་གོས་དར་འདོགས་པ་དང་། རྭ་ཁར་བལ་དཀར་པོ་འཐེན་པ་ཡིན། དེ་ནི་སྒོ་ཕྱུགས་ཀྱི་གྲས་ནས་ཀྱང་རྒྱུད་ཀྱི་འཕེལ་ཁ་དར་བ། ཕྱི་ཡི་གཟུགས་གཞི་ཡག་པ་དག་ཡིན་པས། ཁྱིམ་ཚང་དེའི་ཕྱུགས་ཀྱི་འཕེལ་ཁ་དར་ཞིང་རྒྱས་པར་ཡོང་བའི་བཀྲ་ཤིས་ཀྱི་གཡང་ཡིན། དེ་མིན། སྒོ་ཕྱུགས་ཀྱི་ཁྲོད་ནས་འགའ་རེ་སྲོག་ཐར་དུ་གཏོང་བའི་སྲོལ་ཞིག་ཀྱང་ཡོད་ལ། སྲོག་ཐར་དུ་གཏོང་དུས་ཀྱང་རྣ་བའི་སྣེ་མོ་ཅུང་གཅོད་པ་དང་རྔོག་མར་བལ་དང་ཁ་བཏགས་སོགས་འདོགས་པའི་སྲོལ་ཡོད་ལ། དེ་ནི“དེ་རིང་ཉི་མའི་ཕར་ནས་བཟུང་། ཁྱོད་བཙོངས་ནས་རིན་མི་ལེན། ཁྱོད་བཤས་ནས་ཤ་མི་ཟ།”ཞེས་པའི་དོན་ཡིན་ལ། དེ་གཉིས་ཀ་མི་འདྲ་བའི་ཁྱད་པར་ནི། སྲུང་འཕེན་པ་ནི་སྲུང་བརྗེ་ཆོག་པ་དང་། སྲུང་བརྗེས་རྗེས་བཙོང་ཆོག་ལ་བཤས་ཀྱང་ཆོག འོན་ཀྱང་ཚེ་ཐར་དེ་ལྟར་བྱེད་མི་རུང་བ་ཡིན། ད་དུང་། ཁྱིམ་ཚང་གི་ཁང་པའི་ཀ་བའི་ཐོག་ཏུའང་བལ་དཀར་དང་ཁ་བཏགས་འདོགས་པའི་སྲོལ་ཞིག་ཡོད་ལ། དེས“མི་ལ་ན་ཚ་མི་འབྱུང་ཞིང་། ཕྱུགས་ལ་གོད་ཁ་མི་ཡོང་བ། ཕྱོགས་བཅུའི་དགྲ་འགོག་པ། ཁྱིམ་ཚང་གི་སྟོབས་འབྱོར་མངའ་ཐང་རྒྱས་པའི”རྟེན་འབྲེལ་མཚོན་པའི་ཁྱིམ་ཚང་གི་ཕྱཱ་གཡང་གལ་ཆེན་ཞིག་ཡིན། རྩོམ་པ་པོས་བལ་དཀར་པོའི་རིག་གནས་ལས་བོད་ཀྱི་འབྲོག་ཁྱིམ་གྱི་སྒོ་ཕྱུགས་སྲོག་ཐར་དུ་གཏོང་བ་དང་སྲུང་འཐེན་པ་དང་། ཁྱིམ་ལ་ཕྱཱ་གཡང་འཁོར་བའི་རྟེན་འབྲེལ་སོགས་ཀྱི་རིག་གནས་མང་པོ་ཞིག་ལ་ཤུགས་དྲག་པའི་བརྩེ་དུང་གིས་ཕྱི་མིག་ཡང་ཡང་བལྟས་ཤིང་། དེ་དག་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་གཏོང་བའི་རེ་བ་དང་། ད་ལྟའི་དུས་རབས་འདིའི་ནང་དུ་དེ་དག་ཉམས་བཞིན་པའི་བསམ་བློའི་སྐྱོ་གདུང་ཞིག་ཀྱང་རྩོམ་གྱི་མཇུག་ཏུ་མངོན་འདུག གཞན་ཡང་། བལ་དཀར་པོ་ལས་བོད་ཀྱི་སྲོལ་རྒྱུན་སློབ་གསོའི་གྲུབ་ཆ་ཡིན་པའི་བསམ་བློའི་འདུ་ཤེས་ཤིག་མཚོན་པར་བྱས་ཡོད། གནའ་བོའི་བོད་མི་ཚོར་དད་མོས་ཀྱི་སྙིང་སྟོབས་ལས་འཕེལ་བའི་སྲོལ་རྒྱུན་སློབ་གསོ་གལ་ཆེན་ཞིག་ཡོད་ལ། དེ་ནི་བྱིས་པ་དག་ལ་ཆུང་དུས་ནས“རི་བཙན་ས་དང་ས་གཙང་སར་ས་རྐོ་རྡོ་སློག་བྱེད་མི་རུང་། ནགས་མང་ས་དང་འགག་དོག་སར་ནགས་གཅོད་པ་དང་རྡོ་འཕེན་པ་སོགས་བྱེད་མི་རུང་། དེ་བྱས་ན་གཞི་བདག་མ་དགའ་བ་དང་གནས་བདག་མི་སྤྲོ་བ། ལྷ་དང་འདྲེ་སོགས་ཀྱང་མི་འཐད་པས་ལུས་ལ་ནད་རིགས་སྣ་ཚོགས་དང་ཕྱུགས་ལ་གོད་ཁ་སྣ་ཚོགས་འབྱུང་ངེས་ཡིན།”ཞེས་པ་དང“ཆུ་དྭངས་ས་དང་ཆུ་མགོ་སོགས་སུ་གང་འདོད་ངང་གཅིན་གཏོང་བ་དང་གད་སྙིགས་འཕེན་པ་སོགས་བྱེད་མི་རུང་། དེ་བྱས་ན་ཀླུའི་རྒྱལ་པོ་དང་ཀླུའི་བུ་མོ་སོགས་མི་དགའ་བས། ལུས་སྟེང་དུ་རྨ་རིགས་སྣ་ཚོགས་འབུད་ངེས་ཡིན།”ཞེས་པ་སོགས་ནི་ད་ལྟའི་ཕྱི་ཡུལ་དངོས་གཙོ་རིང་ལུགས་ཀྱི་ལུགས་ལྟར་བལྟས་ན། དོན་དངོས་ཐོག་ལྷ་ཀླུ་བཙན་གཉན་ཟེར་བ་གང་དེས་གནོད་པ་བྱེད་པ་མ་ཡིན་པར། བོད་ཀྱི་སྲོལ་རྒྱུན་གྱི་འདུ་ཤེས་སྟེང་དུ་ས་ཆེན་པོ་ནི་འགྲོ་བ་ཀུན་གྱི་མ་ལྟ་བུར་ངེས་པས། དེ་ལ་སྲུང་སྐྱོབ་དང་གཙང་སྦྲ། བདག་སྐྱོང་བྱེད་དགོས་པའི་སློབ་གསོའི་བསམ་བློ་ཞིག་ཆགས་ཡོད། རྩོམ་པ་པོ་ཁོང་གིས་འདིར་ཡང་ད་ལྟ་ཉམས་དང་ཉམས་ཞན་དུ་འགྲོ་བཞིན་པའི་བོད་ཀྱི་སྲོལ་རྒྱུན་སློབ་གསོའི་ཐད་ཀྱི་རིག་གནས་འདི་དག་རྒྱུད་འཛིན་དང་འཕེལ་རྒྱས་གཏོང་དགོས་པའི་རེ་བ་དང་དྲན་སྐུལ་བྱེད་བཞིན་པའི་བསམ་བློའི་བརྩེ་དུང་མཚོན་པར་བྱས་ཡོད།
        བལ་དཀར་པོའི་དམུ་ཐག་སྟེང་ལྷ་ཡུལ་ནས་མི་ཡུལ་དུ་དཔྱངས་པའི་རིག་གནས་ཤིག་ལས་བོད་མི་ཚོའི་དད་འདུན་གྱི་ཨ་ལོང་སུམ་སྦྲེལ་བྱས་ཏེ། ཆོལ་ཁ་གསུམ་པོའི་སྙིང་སྟོབས་ཤིག་ལས་འཁྲུངས་ཤིང་ཡིད་ཆེས་ཤིག་ཏུ་སྒོམ་པའི་ནང་པའི་ཆོས་ལུགས་ཀྱི་རིག་གནས་དང་དེར་དད་པའི་མི་རིགས་ཤིག་གི་དད་སྟོབས་ཀྱི་རིག་གཞུང་ཞིག་གི་ཡང་སྙིང་ཡང་འབུས་ཡོད། བལ་གྱི་གཡང་དང་ཁ་དོག་སོགས་ཀྱང་ཏག་ཏག་དེ་དང་འབྲེལ་བ་དམ་ཟབ་ཡོད་པའི་རིག་གནས་ཤིག་གི་སྲོག་རྩར་བསྙབས་ཡོད། དེ་བས་བལ་དཀར་པོའི་ཁ་དོག་ལས་ནང་པའི་ཆོས་གཞུང་གི་རིག་གནས་མང་པོ་ཞིག་ལ་གཞི་བཅོལ་ཅིང་དེས་མཚོན་པར་བྱེད་པའི་མིའི་སེམས་ཀྱི་ཀུན་སློང་གཙང་མ་ཞིག་ཀྱང་བྲིས་ཡོད། དེ་མིན། སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་འགྲོས་མྱུར་བའི་དུས་འདིར། མི་ཚོ་ཧམ་སེམས་ཀྱིས་སྨྱོས་ཤིང་བདག་འཛིན་གྱིས་རྨོངས་ཏེ། ས་ཆུའི་ཁོར་ཡུག་ལ་གཏོར་བརླག་དང་མཁའ་དབུགས་ལ་འབག་བཙོག གནས་ལུགས་དང་དྲང་བདེན་གྱི་རྒྱ་མའང་ཡོ་བཞིན་པའི་ཚོགས་སྤྱི་ཞིག་གྲུབ་ཀྱིན་འདུག དེ་དུས་ཚན་རིག་ཇི་ལྟར་དར་ན་ཡང་། དཔལ་འབྱོར་ཇི་ལྟར་འཕེལ་ནའང་། ས་ཆེན་ཨ་མའི་གདོང་ལ་རྒས་གཉེར་གྱི་རིམ་པ་མང་བའི་སྐབས་དེར། གནའ་བོའི་བལ་དཀར་པོ་ལས་མཆེད་པའི་ཁོར་ཡུག་སྲུང་སྐྱོབ་དང་སྤྱི་ཕན་ཡར་སྐུལ་གྱི་སློབ་གསོའི་བསམ་བློ་དེ་དྲན་འོང་། བསམ་བློའི་འདུ་ཤེས་འཛིན་སྟངས་དེ་རིམ་བཞིན་ཉམས་ཀྱིན་པའི་སྐྱོ་གདུང་ཞིག་དང་ན་ཟུག་གི་འབོད་སྐུལ་ཞིག་རྩོམ་ཡིག་འདིའི་བསམ་བློའི་སྒྱུ་རྩལ་གྱི་ནམ་མཁར་ཁྱབ་ཡོད་ལ། དེ་ལས་མི་རིགས་ཤིག་གི་ཐུན་མོང་གི་རིན་ཐང་ལྟ་བ་དང་མི་སྒེར་གྱི་རིན་ཐང་ལྟ་བ་དང་ཚེ་སྲོག་གི་ལྟ་བ། རིག་གནས་ཀྱི་ལྟ་བ་དང་སྲོལ་རྒྱུན་གྱི་ལྟ་བ་སོགས་ཀྱི་རིན་ཐང་གི་མ་ལག་མང་པོ་ཞིག་ལ་སྤྱི་སྡོམ་བྱས་ཡོད་སྙམ་མོ། །

གཉིས་པ། རྩོམ་རིག་གི་སྐད་ཆའི་སྒྱུ་རྩལ་གྱི་མཚོན་ཐབས།
        ལྷུག་རྩོམ་འདིའི་བསམ་བློའི་སྒྱུ་རྩལ་གྱི་མཚོན་ཐབས་ནི་ཐ་སྙད་ཅིག་གམ་རྩོམ་བྱང་གཅིག་པུས་བཟུང་སྟེ། བལ་དཀར་པོ་གཅིག་པུས་བོད་ཀྱི་ལོ་རྒྱུས་དང་ཆོས་ལུགས། ཡུལ་སྲོལ་དང་གོམས་གཤིས་སོགས་ཀྱི་རིག་གནས་སྣ་མང་གི་འཕེལ་འགྲིབ་བྲིས་ཡོད་ལ། རྗོད་བྱེད་ཚིག་གི་སྒྱུ་རྩལ་ལམ་ཚིག་གི་སྡེབ་སྦྱོར་གྱི་ཐད་དུ་གཞན་དང་མི་འདྲ་བར། ཚིག་གི་བཀོད་སྟངས་དང་རྩོམ་རིག་གི་དབྱངས་འགྲོས་སོགས་ལ་བོད་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་པར་གསལ་ཞིང་། དུས་རབས་མང་པོར་བཙོ་སྦྱང་ཡང་ཡང་བྱས་པའི་བོད་སྐད་ཀྱི་མཛོད་དམ་དམངས་ཁྲོད་རིག་གནས་ཀྱི་སྐད་ཆའི་སྒྱུ་རྩལ་གྱིས་ཟིན་ཏེ། སེམས་སྒོ་ཡངས་པ་དང་མིག་རྒྱང་རིང་བ། ཞེ་དཔུང་མཐོ་བ་སོགས་ཀྱི་ཚིག་གི་རྩལ་ཐོན་འདུག
        དེ་ཡང་དཔེར་ན།“གང་ལྟར་ཀྱང་དུས་དེ་ནས་བཟུང་། ཉིན་ནས་ཟླ། ཟླ་ནས་ལོ། ལོ་ནས་ལོ་རབས་མང་པོ་ཞིག”ཅེས་པའི་ཚིག་དུམ་འདི་ལས། ནས་སྒྲའི་བཀོད་སྟངས་ལ་གཞི་བཅོལ་ཏེ། རིམ་པ་བཞིན་ཆུང་བ་ནས་ཆེ་རུ་འགྲོ་བའི་འཕེལ་སྟངས་ཤིག་གམ་བྱུང་རིམ་ཞིག་བརྗོད་ཡོད་ཅིང་། ཚིག་དུམ་འདི་ལ་མཚོན་ནའང་ཚིག་གི་གདངས་ལས་མངོན་ཐུབ་པ་ནི་བལ་དཀར་པོ་ཞིག་ལ་བརྒྱུས་པའི་བོད་ཀྱི་རིག་གནས་ཀྱི་འཕེལ་སྟངས་ཤིག་གམ་འཕེལ་རིམ་དེའི་རྒྱུན་རིང་བ་ལས་རིག་གནས་ཀྱི་ཡིད་རྟོན་འཕེལ་ཡོང་ཐུབ་ལ། ཚིག་དུམ་ཐུང་ཐུང་འདི་ལྟ་བུ་ཞིག་ཀྱང་ངག་ལ་ཐོན་མ་ཐག་བོད་གནའ་རབས་ཞེས་པའི་དཔའ་དང་སྟོབས། མངའ་ཐང་དང་རིག་གནས་ཀྱི་འོ་དོད་འཕྱུར་བའི་ལམ་བུ་ཞིག་ལ་འདང་རྒྱག་ཏུ་འཇུག་ཐུབ་པའི་ནུས་པ་ལྡན། དེ་མིན།“མེས་པོ་ཚོའི་ངག་རྒྱུན་ལྟར་ན། གནའ་སྔ་མོ་སྔ་མོ་ཞིག་ལ……”ཞེས་པའི་ཚིག་དུམ་འདི་དམངས་ཁྲོད་ཀྱི་སྐད་ཆའི་སྒྱུ་རྩལ་གྱིས་ཡོངས་སུ་ཟིན་ཡོད་ལ། ཚིག་དུམ་འདི་ཐོས་མ་ཐག་ས་ཁྱབ་རྡོ་ཁྱབ་ཏུ་སོང་བའི་བོད་སྐད་ཀྱི་གཏིང་ངོ་མ་ཞིག་དྲན་འོང་ངེས། རང་ཉིད་ཆུང་དུས་ཨ་མས་བཤད་རྒྱུར།“ཨ་མས་ཁྱོད་ལ་གནའ་གཏམ་བཤད། གནའ་སྔ་མོ་སྔ་མོ་ཞིག་ལ……”ཞེས་པའི་ངག་ལ་འཇམ་ཤ་ལྡན་པ། ཚིག་ལ་དྲོད་ཤ་སྦྱིན་པ། ཉན་ན་སེམས་སྐྱིད་པ། ཡིད་བདེ་བ། སྣང་བ་སྐྱིད་ཐུབ་པའི་སྐད་ཆའི་སྒྱུ་རྩལ་རྣལ་མ་དེ་དྲན་འོངས། གཞན་ཡང་དཔེར་ན“ལྷ་ཡི་གདུང་རྒྱུད་ཀྱིས་བོད་ཁ་གཡག་དྲུག་ནས་ཡུམ་བུ་བླ་མཁར། རི་བོ་གྲུ་འཛིན་བཅས་ལྟེ་བ་བྱས་ཏེ་རྟ་མཆོག་གི་རྨིག་སྒྲ་དང་ཀི་ཀི་བསྭོ་བསྭོའི་ང་རོ་དང་བཅས་ཤར་ཕྱོགས་རྒྱ་མཚོའི་མཐའ་དང་། ལྷོ་ཕྱོགས་རྒྱ་གར་ཆུ་བོ་གངྒའི་འགྲམ་རྒྱུད་སོགས་སུ་ཞབས་རྗེས་ཀྱི་རི་མོ་བཀོད་ཅིང་། མོང་པུ་སྲལ་འཛོང་དང་། གཙམ་གྱི་ཡུལ་མར། ཞིམས་ཀྱི་གུ་རན། འོན་གྱི་སྣ་བོ། གླག་གི་པུ་ཅུང་སོགས་ནས་མི་རིགས་ཤིག་རྒྱང་དུ་བསྐྱེད་པའི་འདུན་མ་བསྡུས་ཤིང་གྲོས་གཞི་བཏོན།”ཞེས་པའི་རྩོམ་རིག་གི་སྐད་ཆ་འདི་ལས་བོད་རང་གི་གདུང་རྒྱུད་བཙུན་པ། རིགས་རུས་གཙང་བ། མངའ་ཐང་ཆེ་བ། སྟོབས་ཆེ་བ། དཔུང་མཐོ་བ་སོགས་ཀྱི་རིག་གནས་ཀྱི་ཡིད་རྟོན་འཕེལ་ཐུབ་པ་དང་། ང་ཚོ་རང་གི་ཡིད་ཀྱི་དཔུང་དང་སེམས་ཀྱི་སྟོབས་སོགས་ཀྱང་ཇེ་མཐོར་འགྲོ་ཐུབ་ཅིང་། རང་ཉིད་ཀྱང་དེ་ཡི་གདུང་རྒྱུད་དང་རྒྱུན་འཛིན་ཡིན་བསམ་པའི་སེམས་དཔུང་དང་ཡིད་ཆེས་བརྟན་པ་ཞིག་རེད། གོང་གི་ཚིག་དུམ་འདི་དག་ལས་ཀྱང་བོད་ཀྱི་གནའ་བོའི་དམངས་ཁྲོད་ཀྱི་གླུ་དང་ལ་གཞས། མགུར། ལྷག་པར་རྗེ་བཙུན་མི་ལའི་མགུར་དང་གེ་སར་རྒྱལ་པོའི་སྒྲུང་ལྟ་བུའི་བོད་ཀྱི་སྐད་ཆའི་མཛོད། ཚིག་གི་གཏིང་གིས་མངོན་པར་ཕྱུག་ཅིང་ཐུན་མོང་མ་ཡིན་པའི་ཚིག་གི་སྒྱུ་རྩལ་ཞིག་ཐོན་ཡོད་ལ། རིག་གནས་ཀྱི་ཡིད་རྟོན་དང་ལོ་རྒྱུས་ཀྱི་ཡིད་རྟོན་སོགས་ཀྱི་འདུ་ཤེས་ཤིག་ཀྱང་ངང་གིས་འཕེལ་ཡོང་ཐུབ་པའི་ནུས་པ་ལྡན།
        དེ་མིན། “འདི་དྭངས་མོ་ཆུ་ལ་ཉེ་དུས་ཀླུ་རྒྱལ་གཙུག་ན་རིན་ཆེན་གྱི་ཀླུ་དར་ཡིན། ས་གཞི་ཤ་ཡིན། ཆུ་མོ་ཁྲག་ཡིན། སྐྱི་བསེར་དབུགས་ཡིན། རྩི་ཤིང་སྤུ་ཡིན། བྲག་རྡོ་རུས་པ་ཡིན། ཤ་དང་ཁྲག་དང་དབུགས་དང་སྤུ་དང་རུས་པ་ལ་གཙེས་ན།”ཞེས་དང“ས་ཆེན་པོ་མ་ཧཱ་གསེར་གྱི་རུས་སྦལ་ཡིན། རི་མཐོན་པོ་ལུས་ཡིན། མཚོ་ཆེན་པོ་སྙིང་ཡིན། དམུ་སྐས་རིང་མོ་ཡོད་ས་ནས་རི་མི་ཉིལ། མཚོ་མི་སྐམ། ཤིང་མི་གཏུབ། འབྱུང་བ་མི་འཁྲུགས། མུ་གེ་མི་འབྱུང་། ནད་ཡམས་མེད། ཆར་ཆུ་དུས་སུ་འབབ། ཉི་འོད་དྲོ་ཞིང་འཇམ། རྫ་ལ་སྨུག་སྤྲིན་རང་འཁོར་ཡིན། ནགས་ལ་བྱ་བརྒྱ་རང་འདུས་ཡིན།”ཞེས་པ། ཚིག་དུམ་འདི་གཉིས་ལ། སེམས་ལྡན་རབ་རྟོག་དང་སེམས་མེད་རབ་རྟོག་གི་འབྲི་ཐབས་སྤྱད་ཅིང་། འདི་ལས་རང་མི་རིགས་ཀྱི་རིག་གནས་ལ་བཟུང་བའི་ཡིད་ཆེས་ཀྱི་བསམ་བློ་དང་འཕེལ་རྒྱས་ཀྱི་ཞེ་དཔུང་གིས་ཕྱུག་པའི་འདུ་ཤེས་ཀྱི་སྙིང་སྟོབས་ཀྱིས་རང་བཞིན་དུ་སེམས་ཀྱི་དཔུང་མཐོ་བ། རང་གི་རིག་གཞུང་འདི་ཉིད་དུས་རབས་འདིའི་ཁྲོད་ནས་གནས་བབ་མཐོ་བ་སོགས་གཞན་དང་མི་འདྲ་བའི་ཚིག་གི་སྤོབས་པ་གཟེངས་སུ་མཐོ་བ་མངོན་ཐུབ། རི་མཐོན་པོ་དང་མཚོ་ཆེན་པོ་དག་བོད་ཀྱི་ཕྱི་སྣོད་ཀྱི་ཆགས་སྟངས་ཐད་ཀྱི་གནད་གལ་ཆེན་ནམ་བོད་ཡུལ་དུ་བླ་རི་དང་བླ་མཚོ་ལྟ་བུ་མེད་དུ་མི་སྲིད་ཅིང་རྒྱན་དང་རྟེན་དུ་གྱུར་པའི་ཡུལ་གྱི་གནད་གཉིས་བཟུང་སྟེ་བྲིས་ཡོད།
        གཞན་ཡང་།དཔེར་ན“གཡང་། གཡང་། གཡང་དཀར། ཁྱོད་ནི་གཡང་དཀར་པོ་ཡི་བདག་ཉིད་ཅན་ཞིག་ཡིན་པ་སུ་ཞིག་གིས་ཇི་ལྟར་རྟོགས་པ་ཡིན་ནམ།”ཞེས་པའི་ཚིག་འདིར་གཡང་། གཡང་། གཡང་དཀར། ཞེས་པའི་སྐད་ཆའི་སྒྱུ་རྩལ་ལམ་སྙན་ངག་གི་དབྱངས་འགྲོས་འདིར་ཧ་ཅང་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དང་། ཤུགས་དྲག་པའི་བརྩེ་དུང་གིས་ཟིན་པར་བྱས་ཡོད་ལ། རྩོམ་པ་པོ་རང་ཉིད་བོད་མི་ཞིག་ཡིན་པའི་ངོས་ནས་གཡང་དང་རྟེན་འབྲེལ་གྱི་རིག་གནས་འདིའི་ཁུངས་ཀྱང་བལ་དཀར་པོ་དང་། བལ་དཀར་པོ་འབྱུང་སའི་ཁུངས་གཡང་མོ་ལུག་ལ་འབྲེལ་བ་ཡོད་ཚུལ་སྨྲས་པ་དང་། མིང་གཅིག་བསྐྱར་ཟློས་ཀྱི་མཚོན་ཐབས་འདི་ལས་རིག་གནས་ཤིག་གི་རྩ་བ་བསྟན་འདུག དེ་མིན། “དད་མོས་མེད་ན་ལྷ་ཀླུ་གཉན་གསུམ་མེད། གཞི་བདག་མེད། སྲུང་མ་མེད། བླ་མེད། གཡང་མེད། རི་དང་ཆུ་དང་ཤིང་ལ་བདག་པོ་མེད། བདག་པོ་མེད་པས་གང་དྲན་ལས་ཀྱིས་བསྒྲུབས།”ཞེས་པའི་ཚིག་འདིར་དགག་སྒྲའི་ནང་གསེས་མེད་དགག་གི་སྐད་ཆའི་སྒྱུ་རྩལ་གྱི་མཚོན་ཐབས་བཟུང་སྟེ། མེད་དགག་གཅིག་འཕྲོར་གཅིག་མཐུད་དེ་མང་དུ་བཀོད་ཡོད་པའི་གདངས་ལས་དཔའ་བ་དང་དྲག་པ། འཇིགས་རུང་བཅས་ཀྱི་དཔེ་ཞིག་སྣང་ངོར་ཤར་ཡོང་ལ། བཙན་པ་དང་རྒོད་པའི་ཚིག་གི་ཆ་ཞིག་ཀྱང་མངོན་འོངས། ཕྱོགས་གཞན་ཞིག་ནས་འདང་བརྒྱབ་ན། དུས་ཚོད་དང་དུས་ཚོད་ཀྱི་འཁོར་མདས་དེད་འོངས་པའི་དུས་མཐའ་འདིར་རིམ་བཞིན་ཁོར་ཡུག་སྲུང་སྐྱོབ་དང་དེར་འབྲེལ་བའི་སློབ་གསོ། བོད་རང་གི་དད་མོས་ཀྱི་སྲོག་གི་ཉག་མ་ཕྲ་བར་འགྱུར་བཞིན་པའི་སྐབས་ཤིག་ལ་སེམས་པ་ཧ་ཅང་སྨྲེང་ཞིང་ཡིད་སྐྱོ་བ། བློ་ཕམ་པ། ན་ཟུག་གིས་བྲིས་པའི་མིག་ཆུའི་བར་དུ་འབོད་སྐུལ་དང་དྲན་གསོའི་ཆ་ཞིག་ཀྱང་རྩོམ་རིག་གི་སྐད་ཆའི་སྒྱུ་རྩལ་ཀྱི་སྡེབ་སྒྲིག་ལས་མཆེད་འོངས།
        ལྷུག་རྩོམ་འདིའི་སྐད་ཆའམ་ཚིག་གི་སྡེབ་སྦྱོར་གྱི་སྒྱུ་རྩལ་ནི་གྱེར་འདོན་རང་བཞིན་གྱི་མཚོན་ཐབས་ཀྱིས་བརྒྱན་ཅིང་། འདོན་བདེ་བ། ཚིག་གི་སྒྱུ་རྩལ་གྱིས་བརྩེ་དུང་མངོན་ཐུབ་པ། དགའ་སྐྱོ་དང་བཙན་གཉོམ་གྱི་དབྱངས་འགྲོས་རན་པ། བོད་སྐད་ཀྱི་མཛོད་དུ་འཁུ་བའི་ཚིག་གི་སྡེབ་ཁ་འགྲིག་པ། དཔེར་འགོད་རང་བཞིན་གྱི་མཚོན་ཐབས་ཀྱིས་རྩོམ་ཡིག་ཧྲིལ་པོ་མཛེས་པར་སྤུད་པ། ཚིག་གཅིག་གི་མཚོན་ཐབས་སུ་བསམ་གཞིག་གི་བློ་སྒོ་མང་དུ་ཡོད་པ་སོགས་ལྷུག་རྩོམ་འདིར་ཐུན་མོང་མ་ཡིན་པའི་ཚིག་གི་སྒྱུ་རྩལ་རང་བཞིན་གྱི་མཚོན་ཐབས་ཀྱིས་སྤྲས་ཡོད།

གསུམ་པ། མཇུག་གི་སྐད་ཆ།
        རྩོམ་པ་པོས་བྱ་དངོས་གཞན་ཞིག་ལ་བརྗོད་བྱ་དང་རྩོམ་མིག་མ་གཡར་པར། བལ་དཀར་པོའི་ཁྱད་ཆོས་དང་དེའི་བྱེད་ནུས་གཙོ་བྱས་ཏེ་འབྲི་དགོས་དོན་ལ་དམིགས་བསལ་གྱི་རང་བཞིན་ཞིག་ཡོད་དེ། བོད་ཀྱི་འབྲོག་པ་མང་ཚོགས་ནི་རྟ་ནོར་ལུག་གསུམ་ལ་སྲོག་ཆགས་གཞན་དང་མི་འདྲ་བའི་རྒྱུས་མངའ་ཡོད་པ། བརྩེ་དུང་ཡོད་པ། འགྲོགས་འདྲིས་ཆེ་བ་ཞིག་ཡིན། མི་རིགས་གང་དང་གང་ཞིག་ཡིན་ཡང་མཚོན་བྱ་མཚོན་བྱེད་དུ་སོང་བ་མང་སྟེ། མཚོན་བྱེད་བྱ་དངོས་གཅིག་གིས་མཚོན་བྱ་དུ་མ་མཚོན་ཡོད་པ་དང་མཚོན་བྱ་གཅིག་ལ་མཚོན་བྱེད་དུ་མ་མཆིས་པ་ཞིག་རེད། བོད་རང་ལ་མཚོན་ན་བལ་དཀར་པོ་དང་ཁ་བཏགས་དཀར་པོ་ནི་གཡང་དང་རྟེན་འབྲེལ། བློ་སེམས་དཀར་བ། སྤྱོད་པ་གཙང་བ་སོགས་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཡིན། དེ་བས་རྩོམ་པ་པོས་དམིགས་ཀྱིས་བལ་དཀར་པོའི་རིག་གནས་དང་སྦྱར་ཏེ་རྩོམ་འདི་གྲུབ་པར་བྱས་ཡོད།
        ལྷུག་རྩོམ་སྙན་ངག་འདི་ལ་མཚོན་ན། དེང་རབས་ཀྱི་ལྷུག་རྩོམ་སྙན་ངག་གཞན་དག་དང་མི་འདྲ་བར། བལ་དཀར་པོ་ཞིག་སྟེ་དངོས་པོ་གཅིག་གི་རང་བཞིན་དང་དེའི་རིག་གནས་ཀྱི་ཁྱད་ཆོས་བརྗོད་དེ། མི་རིགས་ཤིག་གི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཡིན་པའི་ས་ཚིགས་གལ་ཆེན་དང་རིག་གནས་འཕེལ་རྒྱས་ཀྱི་རྦ་རླབས་དྲག་གྲས་ཡིན་པའི་ཞིང་ཚིགས་གལ་ཆེན་དག་མཚོན་པར་བྱས་ཤིང་། བོད་ཀྱི་རྩོམ་རིག་གི་འབྱུང་ཁུངས་དང་ཆུ་མགོ་ལྟ་བུ་ཡིན་པའི་གནའ་བོའི་བོད་ཀྱི་ལྷ་སྒྲུང་དང་ངག་རྒྱུན་མང་པོ་ཞིག་གི་རྒྱུན་བསློགས་ཤིང་། དེས་མཚོན་པའི་རིག་གནས་ཀྱི་ཟུར་རེ་རེ་བརྗོད་ཡོད། དེ་དག་མདོར་བསྡུས་ཏེ་བཤད་ན། ཧྥུ་ལོ་དབྱི་དེ་ཡིས་བཤད་པའི“བག་ལ་ཉལ་བའི་འདུ་ཤེས”ཀྱིས་རིམ་བཞིན་བསྐྱེད་པའི་འབྲས་བུ་ཞིག་ཏུ་ངེས་ཤིང་། དེ་མིན་བལ་དཀར་པོ་ཞེས་པའི་དངོས་པོ་དེའི་རང་བཞིན་དང་འཕེལ་གྲིབ་ལ་གཞིགས་ཏེ་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་སློབ་གསོ་དང་དེའི་བྱེད་ནུས་བརྗོད་ཅིང་། དེས་ས་ཆེན་པོ་འདི་འགྲོ་བ་ཀུན་གྱི་སྲོག་རྟེན་ལྟ་བུ་ཡིན་པས། དེར་ཇི་ལྟར་སྲུང་སྐྱོབ་བྱེད་པའི་བསམ་བློ་དང་དེའི་རིག་གནས་ཀྱི་སྐོར་ཇི་ལྟར་འཕེལ་རྒྱུས་སུ་གཏོང་བའི་བྱེད་ཐབས་བྱེ་བྲག་པ་དེའི་གཤིས་ཀ་དང་ཁྱད་ཆོས་མཆོག་ཏུ་བཟུང་སྟེ་བརྗོད་ཡོད་ལ། གཞན་ཡང་བོད་ཀྱི་ཕྱཱ་གཡང་གི་རིག་གནས་ཐད་དུའང་མང་པོ་ཞིག་གསལ་པོར་བཏོན་ཅིང་དེར་སིམ་པའི་བརྩེ་དུང་གི་ཚིག་འབྲུ་རེ་རེའང་རྩོམ་ཡིག་གི་རྒྱན་དང་ནོར་གྱི་ཚུལ་གྱིས་འཁྲུངས་ཡོད། ད་དུང་རྩོམ་མཇུག་ཏུ་ཤུགས་དྲག་པའི་ཡིད་ཀྱི་འགྱུར་བ་རེ་རེའི་ཁྲོད་དུ་རང་རིགས་ཀྱི་རིག་གནས་ལ་དུངས་པ་དང་དེར་དགའ་བའི་སེམས་འདུན། སྙིགས་དུས་འདིར་དེ་དག་རིམ་བཞིན་ཉམས་ཀྱིན་པའི་མཐོང་སྣང་ལ་འབོད་སྐུལ་དང་དན་རྟགས་བཞག་སྟེ། དེ་དག་རྒྱུད་འཛིན་དང་འཕེལ་རྒྱས་སུ་གཏོང་དགོས་པའི་བརྡ་ཡང་མི་ཉུང་བ་ཞིག་བཏང་ཡོད། སྤྱིར་རྩོམ་ཡིག་འདིར་མཚོན་ན། བསམ་གཞིག་བྱེད་སྟངས་ཀྱི་གནས་སུ་རིག་ཚན་ལས་བརྒལ་བའི་བསམ་བློའི་འཁྱེར་ཕྱོགས་དང་། བསམ་གཞིག་སྣ་མང་གི་འཕེལ་ཕྱོགས་ལྟར། དུས་རབས་འདིའི་འཛམ་གླིང་སྤྱི་ཡི་སློབ་སྦྱོང་དང་བསམ་གཞིག་བྱེད་པའི་མ་ལག་ཆེན་པོ་གཉིས་ཏེ་རིག་ཚན་ལས་བརྒལ་བའི་བསམ་བློ་གཏོང་སྟངས་དང་བསམ་གཞིག་མང་ཅན་གྱིས་གཞན་ལ་ལྟ་སྟངས་དང་སློབ་སྦྱོང་བྱེད་སྟངས་དེའི་ཐད་དུ་ཕྱོགས་ཡོད་པ་དང་། རྩོམ་རིག་གི་སྐད་ཆའི་སྒྱུ་རྩལ་གྱི་མཚོན་ཐབས་ཐད་དུའང་ད་ལྟའི་ལྷུག་རྩོམ་སྙན་ངག་གཞན་དག་དང་མི་འདྲ་བར་བོད་རང་གིས་སྐད་ཆའི་གཏིང་གིས་རྨང་བྱས་ཤིང་། ཚིག་རྒྱན་སོགས་ཀྱི་བཀོད་སྟངས་དེའང་བོད་རང་དང་སྙན་ངག་མེ་ལོང་མའི་རྒྱན་དང་སྦྱར་ཏེ་མཚོན་ཡོད། འདི་དག་ནི་ལྷུག་རྩོམ་སྙན་ངག་འདི་ལ་དམིགས་བསལ་གྱིས་ལྡན་པའི་ཁྱད་ཆོས་སམ་སྒེར་གཤིས་ཡན་གར་བ་དེ་རེད་བསམས། ལྷུག་རྩོམ་སྙན་ངག་འདི་ལྟ་བུ་ཞིག་ལ་མཚོན་ན་བོད་ནང་ལྷུག་རྩོམ་འབྲི་མཁན་ཇེ་ཉུང་དང་ཇེ་ཞན་དུ་འགྲོ་བའི་སྐབས་འདིའི་གསར་འབྱེད་ཅིག་ཀྱང་རེད་འདོད་དོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1