བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། རྡོ་སྦིས་ཚེ་རིང་རྡོ་རྗེ།
དང་པོ། འགྱུར་མ་རྒྱ་བོད་སོག་ཡུལ་དུ་དར་ཚུལ་ངོ་སྤྲོད།
རྒྱ་ཡིག་གི་གསེར་འོད་དམ་པའི་མདོ་འདི་བསྒྱུར་སྔ་ཞིང་མདོ་སྡེ་སྐད་གྲགས་ཅན་ཞིག་ཡིན་ལ། རྒྱ་ནག་གི་རྒྱལ་རབས་སུ་རྒྱལ་སྲུང་མདོ་ཆེན་གསུམ་གྱི་གྲས་ཤིག་ཡིན། དེ་ལ་བམ་པོ་རྒྱས་བསྡུས་དང་མཚན་རྒྱས་བསྡུས་མི་འདྲ་བ་ལྔ་ཡོད་པ་མཁས་པ་སྔ་ཕྱིས་བསྒྱུར་ཅིང་། དེ་དག་ལས་སྐད་གྲགས་ཆེ་བ་ནི་དུས་རབས་ལྔ་པའི་སྐབས་སུ་རྒྱ་གར་གྱི་སློབ་དཔོན་ཆོས་འཕགས(昙无谶)ཀྱིས་ལེགས་སྦྱར་ནས་རྒྱ་ནག་ཏུ་བསྒྱུར་པའི་བམ་པོ་བཞི་ལ་ལེའུ་བརྒྱད་ཀྱི་བདག་ཉིད་ཅན་དང་། ཐང་རྒྱལ་རབས་སྐབས་ཀྱི་རྒྱའི་བཙུན་པ་དབྱི་ཅིང(义净)གིས་ལེགས་སྦྱར་ནས་རྒྱ་ཡིག་ཏུ་བསྒྱུར་པའི་གསེར་འོད་དམ་པ་མདོ་སྡེའི་དབང་པོ(《金光明最胜王经》)ཞེས་བམ་པོ་བཅུ་དང་ལེའུ་སོ་གཅིག་ཡོད་པ་དེ་ནི་རྒྱས་ཤོས་ཡིན་པ་དང་། རྒྱ་བོད་ཤན་སྦྱར་གྱི་དེབ་འདི་རུའང་ཕྱི་མ་འདི་གཞི་རུ་བཟུང་ཡོད།
དེ་ཡང་དཀར་ཆག་འཕང་ཐང་མའི་ཐེག་པ་ཆེན་པོའི་མདོ་སྡེ་རྒྱ་འགྱུར་མའི་ཚར་གྱི་འགྱུར་བྱང་ལས་གསེར་འོད་དམ་པ་རྒྱ་ལས་བསྒྱུར་པ་རྙིང་པ། བམ་པོ་བཅུ་ཞེས་བཀོད་ཡོད་པ་དང་། མདོ་སྡེ་ཆེན་པོའི་ཚར་གྱི་འགྱུར་བྱང་ལས་འཕགས་པ་གསེར་འོད་དམ་པ་རྒྱ་ལས་བསྒྱུར་པ་གསར་འགྱུར། བམ་པོ་བཅུ་ཞེས་བཀོད་[1]ཅེས་པ་སོགས་ལ་གཞིགས་ན་རྒྱ་ནག་གི་འགྱུར་གྲངས་མང་བ་དང་འགྱུར་སྔ་བ་ཤེས་ཐུབ།
འདི་ལ་བོད་འགྱུར་གསུམ་ཡོད་དེ། སྡེ་དགེ་བཀའ་འགྱུར་ཁྲོད་གཅིག་ནི་པཎྜི་ཏ་ཛི་ན་མི་ཏྲ་དང་། ཤཱི་ལེན་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་གཏན་ལ་ཕབ་པའི་བམ་པོ་བཅུ་ལེའུ་ཉི་ཤུ་རྩ་དགུ་ཅན་དེ་ཡིན། ཅིག་ཤོས་ནི་དུས་རབས་དགུ་པར་ལོ་ཙཱ་བ་འགོས་ཆོས་གྲུབ་ཀྱི་འགྱུར་འཕགས་པ་གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བའི་མདོ་ཞེས་བམ་པོ་བཅུ་ལ་ལེའུ་སོ་གཅིག་ཅན་དང་། གཞན་ཡང་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་ཞེས་ལོ་ཙཱ་བའི་མཚན་བྱང་མི་གསལ་བའི་བམ་པོ་ལྔ་ལེའུ་རྩ་གཅིག་ཅན་བཅས་འགྱུར་མི་འདྲ་བ་གསུམ་བཞུགས། འཇང་གི་བཀའ་འགྱུར་ཁྲོད་རྒྱུད་འབུམ་ཕ་པའི་ཁོངས་སུ། རྒྱ་སྐད་དུ། ཏའི་ཆིང་གིམ་གོམ་མང་ཛའི་ཤིང་ཝང་གྱིང་།[2] བོད་སྐད་དུ། འཕགས་པ་གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བའི་མདོ་སྡེའི་རྒྱལ་པོ་ཐེག་པ་ཆེན་པོའི་མདོ། ཞེས་བམ་པོ་བཅུ་ལ་ལེའུ་སོ་གཅིག་ཅན། འགྱུར་བྱང་དུ་ཞུ་ཆེན་མཁན་པོ་དང་། ལོ་ཙྪ་བ་བཅོམ་ལྡན་འདས་ཀྱི་རིང་ལུགས་བན་དེ་ཆོས་གྲུབ་ཀྱིས་རྒྱའི་དཔེ་ལས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་ཅེས་པ་དང་། འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ཞེས་ཞུ་ཆེན་གྱི་ལོ་ཙྪ་བ་བནྡེ་ཡེ་ཤེས་སྡེ་སོགས་ཀྱིས་བསྒྱུར་པ་འདི་དང་། གཞན་ཡང་རྒྱུད་འབུམ་ཕ་པའི་ཁོངས་སུ་འཕགས་པ་གསེར་འོད་དམ་པ་མདོ་སྡེའྀ་དབང་པོའི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ཞེས་བམ་པོ་ལྔ་ལ་ལེའུ་ཉེར་གཅིག་ཅན་འགྱུར་བྱང་བཀོད་མེད་པ་བཅས་གསུམ་བྱུང་།དེ་གསུམ་ལས་ཞུ་ཆེན་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་སོགས་ཀྱིས་བསྒྱུར་པ་དེ་དང་བམ་པོ་ལྔ་ཅན་འགྱུར་བྱང་མི་གསལ་བ་གཉིས་ལེགས་སྦྱར་སྐད་ལས་བསྒྱུར་ཅིང་། དེ་གཉིས་ལས་བརྡ་དང་ཡི་གེའི་མཚོན་ཚུལ་ལ་གཞིགས་ན་ཕྱི་མ་འདི་བསྒྱུར་སྔ་བ་དང་། འགོས་ཆོས་གྲུབ་ཀྱི་འགྱུར་ནི་མདོ་མཛངས་བླུན་སོགས་དང་འདྲ་བར་རྒྱ་ནག་གི་སྐད་ལས་བསྒྱུར་པར་བཞེད། ཡང་། ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་དུ་གྲགས་པ་དེ། ལྕགས་ཕོ་འབྲུག་ལོ་ཕོ་བྲང་ལྡན་དཀར་དུ་འཁྲུངས། ……རྒྱ་ནག་ཀེ་ཤང་ནས་མདོ་གསེར་འོད་དམ་པ་དང་། མདོ་ལས་རྣམ་འབྱེད་བསྒྱུར། བི་ཇི་ཙན་པ་ཤི་ལས། སྨན་དཔྱད་བསྒྱུར[3]ཅེས་དང་། བྲན་ཀ་མུ་ལ་ཀོ་ཥ་དང་གཉགས་ཛྙ་ན་ཀུ་མ་ར་གཉིས་ཀྱིས་མདོ་སྡེ་ལས་བརྒྱ་པ་དང་གསེར་འོད་དམ་པ་དང་ཀྲི་ཡ་སྨན་རྩིས་སོགས་མང་པོ་བསྒྱུར་[4]ཅེས་སུ་འབྱུང་བར་གཞིགས་ཚེ་བཙན་པོ་ཁྲི་ལྡེ་གཙུག་བརྟན་འདིའི་སྐབས་སུ་ལོ་ཙཱ་མི་འདྲ་བས་མདོ་འདི་སྔ་ཕྱིར་ཐེངས་གཉིས་སུ་བསྒྱུར་པར་མངོན།
རྒྱ་ནག་ཏུ་འགྱུར་འདི་ཤིན་ཏུ་གྲགས་ཆེ་ཡང་བོད་དང་སོག་པོ་ནང་བཞིན་དམངས་ཁྲོད་དུ་དར་ཁྱབ་དེ་ཙམ་བྱུང་མེད། བོད་ལ་མཚོན་ན་གསེར་འོད་དམ་པ་ནི་འགྱུར་ལ་སྔ་བ་དང་དེ་དང་མདོ་མཛངས་བླུན་གཉིས་ཧ་ཅང་གསལ་ཆ་ཆེ་བ་དང་མི་ཚང་རེས་ཚར་རེ་ཉར་ངེས་པ་ལྟ་བུ་དང་། ལྷག་པར་དུ་སོག་ཡུལ་དུ་མདོ་མཛངས་བླུན་ལས་ཀྱང་ཧ་ཅང་དར་ཆེ་བས་དེང་གི་དུས་སུའང་འགྱུར་མི་འདྲ་བ་དང་ཡི་གེ་མི་འདྲ་བ་གང་བྱུང་ཁྱིམ་ཚང་རེས་ཉར་ཚགས་བགྱིས་ཡོད་པ་རེད།
སོག་ཡུལ་དུ་དར་བའི་གསེར་འོད་དམ་པའི་འགྱུར་ལ་རིགས་གཉིས་ཡོད་པ་བོད་ཡིག་ནས་བསྒྱུར་ཅིང་། ཁྱབ་ཆེ་ཤོས་ལེའུ་ཉི་ཤུ་རྩ་དགུ་ཅན་འདི་ཡིན་ལ། དེ་ནི་ཡོན་རྒྱལ་རབས་སྐབས་ཀྱི་དུས་རབས་བཅུ་བཞི་པའི་ལོ་རབས་ཉི་ཤུ་ནས་སུམ་ཅུའི་བར་སོག་པོའི་ལོ་ཙཱ་བ་ཤེས་རབ་སེང་གེས་(锡喇卜僧格)བསྒྱུར། ཡིད་ཕངས་པ་ཞིག་ལ་འགྱུར་འདིའི་མ་ཕྱི་བརླགས་པས་ཕྱིས་སོག་ཡུལ་དུ་ཁྱབ་པའི་ལེའུ་ཉི་ཤུ་རྩ་དགུ་ཅན་ནི་མ་ཕྱི་ལ་གཞི་བྱས་པའི་ལག་བྲིས་དང་། ལག་བྲིས་ལ་གཞི་བྱས་པའི་ཤིང་བརྐོས་པར་མ་ཡིན། དེང་ལག་བྲིས་དང་ཤིང་བརྐོས་པར་གཞི་མི་འདྲ་བ143རྙེད་སོན་བྱུང་ཡོད། དེའི་ཕྱིས་ཀྱི་ལྔ་པ་ཆེན་པོའི་སྐབས་སུ་ཛ་ཡ་པཎྜི་ཏ་ནམ་མཁའ་རྒྱ་མཚོས་ཛཱ་ཡ་པཎྜི་ཏའི་ཡི་གེ་[5]ཞེས་སོག་ཡིག་གསར་མ་ཞིག་བཟོས་ཤིང་། གསེར་འོད་དམ་པའི་མདོ་ལེའུ་ཉེར་གཅིག་ཅན་སོག་ཡིག་གསར་མར་བསྒྱུར་པ་དེ་ཨོ་རོད་སོག་པོའི་ཡུལ་དུ་དར་ཁྱབ་ཆེན་པོ་ཕྱིན་ཡོད།
གཉིས་པ། རྒྱ་བོད་འགྱུར་མ་གཉིས་གཤིབ་བསྡུར།
གོང་དུ་ཞུས་ཟིན་པ་ལྟར། རྒྱའི་བཙུན་པ་དབྱི་ཅིང(义净)གི་རྒྱ་འགྱུར་མ(གཤམ་དུ་རྒྱ་འགྱུར་མ་ཞེས་སུ་བསྡུ)འདི་ནི་བམ་པོ་བཅུ་ལ་ལེའུ་སོ་གཅིག་ཡོད་པ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེའི་བོད་འགྱུར་མ(གཤམ་དུ་བོད་འགྱུར་མ་ཞེས་སུ་བསྡུ)འདི་ནི་བམ་པོ་བཅུ་ལ་ལེའུ་ཉི་ཤུ་རྩ་དགུ་ཡོད།
རྒྱ་འགྱུར་མ་ནི་ཐང་རྒྱལ་རབས་ཏེ་དུས་རབས་བདུན་པར་བསྒྱུར་ཅིང་། བོད་འགྱུར་མ་ནི་དུས་རབས་བརྒྱད་པའི་ཁྲི་གཙུག་ལྡེ་བཙན་སྐབས་སུ་བསྒྱུར།
རྒྱ་འགྱུར་མའི་བམ་པོ་དང་ལེའུ་ཆོས་ཚན་དབྱེ་སྟངས་སྤྱིར་དོན་ལ་གཞིགས་ཏེ་གཅིག་ཏུ་སོང་ཡོད་པ་དང་། བོད་འགྱུར་མའི་བམ་པོ་དང་ལེའུ་ཆོས་ཚན་དབྱེ་སྟངས་སྔ་ཕྱིར་སོང་ཡོད་པས་རྣམ་པའི་སྟེང་ནས་དོ་མི་མཉམ་པ་ལྟ་བུར་སྣང་།
དཔེར་ན། རྗེས་སུ་ཡི་རང་བ་དམ་པ་དང་། གཙོ་བོ་དང་། ཁྱད་པར་ཅན་དང་། རབ་དང་། ཕུལ་དང་། གྱ་ནོམ་པ་དང་།……མཉམ་པས་རྗེས་སུ་ཡི་རང་ངོ་། །[6]ཞེས་དོན་གྱི་ཁྱད་པར་ཆེན་པོ་མི་འབྱུང་ཡང་། བོད་འགྱུར་མར་ཚིག་འདི་ཐེངས་བཞི་ཙམ་བཟློས་པ་ལ། རྒྱ་འགྱུར་མར་བརྗོད་ཐེངས་གཅིག་གིས་འཐུས་པར་བྱས་ཡོད། འདི་ལྟ་བུ་ཤིན་ཏུ་མང་བས་འགྱུར་འདི་གཉིས་ཀྱི་ནང་དོན་གཤིབ་བསྡུར་སྐབས་དོ་མི་མཉམ་པ་ལྟ་བུར་སོང་ཡོད།
བོད་འགྱུར་མར། མཇུག་སྡུད་ཀྱི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་དགུ་པའོ། །ཞེས་རྫོགས་པར་གྲུབ་ཀྱང་། རྒྱ་འགྱུར་མར། ལྷ་མོ་སྤོབས་པ་ཆེན་མོས་བསྔགས་པ་བརྗོད་པའི་ལེའུ་སྟེ་སུམ་ཅུ་པ(大辩才天女赞叹品第三十)དང་ཡོངས་སུ་གཏང་བའི་ལེའུ་སྟེ་སུམ་ཅུ་སོ་གཅིག་པ(付嘱品第三十一)ཞེས་ལེའུ་གཉིས་ཀྱིས་མང་དུ་སྣང་ཡང་། སྤྱིར་འགྱུར་འདི་གཉིས་ལས་རྒྱ་འགྱུར་ནི་དེང་སང་གི་སྐད་ཆའི་ལུགས་སུ་བྱས་ན་དོན་ཤིན་ཏུ་བསྡུས་ནས་བསྒྱུར་ཡོད་པས་གོ་དཀའ་བ་དང་ཚིག་མཁྲེགས་པོ་སྦྱོར་མི་བདེ་བ་ལྟ་བུ་ཞིག་ཡིན་པ་དང་། དེ་ཡང་དམངས་ཁྲོད་དུ་དེ་ཙམ་ཁྱབ་ཐུབ་མེད་པའི་རྐྱེན་ཡིན་སྲིད། བོད་འགྱུར་མ་ནི་ཚིག་དང་དོན་གཉིས་ཐད་ནས་རྒྱ་ཆེར་བཀྲོལ་ཡོད་པས་བརྗོད་བྱ་རྗོད་བྱེད་གང་ཐད་ནས་ཉམས་ཀྱིས་ཕྱུག་ཅིང་འགྱུར་མ་ཕུལ་དུ་བྱུང་བ་ཞིག་ཡིན། སྤྱིར་འགྱུར་འདི་གཉིས་དུས་སྐབས་མི་འདྲ་བར་ལོ་ཙཱ་བ་མི་འདྲ་བས་སྐད་རིགས་མི་འདྲ་བ་གཉིས་སུ་བསྒྱུར་ཀྱང་། བསྡུར་ནས་བལྟས་ཚེ་ནང་དོན་ཤིན་ཏུ་མཐུན་པ་ཞིག་འདུག་མོད། འོན་ཏེ་ལེའུ་ཁ་ཤས་སུ་རྒྱས་བསྡུས་ཀྱི་ཁྱད་པར་ཆེ་ཙམ་བྱུང་ཡོད་པས་ནང་དོན་གཅིག་མཚུངས་མེད་པའི་གནས་ཚུལ་ཡང་མཐོང་། དེས་ཀྱང་བོད་རྒྱ་མི་རིགས་གཉིས་ཀྱི་རིག་གནས་མཐུན་འབྲེལ་གྱི་ལོ་རྒྱུས་ཤེས་རྟོགས་བྱ་རྒྱུ་དང་། བོད་རྒྱའི་ཕུལ་བྱུང་འགྱུར་མ་གཤིབ་བསྡུར་གྱིས་ཞིབ་འཇུག་དང་། དེང་གི་ལོ་ཙཱ་བ་དག་ལ་ཕན་རླབས་ངེས་ཅན་མཆིས་པར་བྱས་ཡོད་དོ། །
[1] སྐལ་བཟང་ཚེ་རིང་། མཚོ་སྔོན་བོད་ཡིག་གསར་འགྱུར། 2014.11.14 པར་ངོས18ནས19པ།
[2] ཏའི་ཆིང་གིམ་གོམ་མང་ཛའི་ཤིང་ཝང་གྱིང་། 大乘金光明经最胜王经
[3] སྟག་ཚང་དཔལ་འབྱོར་བཟང་པོས་བརྩམས། རྒྱལ་རབས་མང་པོའི་ལེགས་བཤད་རྣམ་གྲངས་ཡིད་འཛིན་ནོར་བུའི་ཕྲེང་བཞུགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007ལོའི་ཟླ་དང་པོའི་པར་གཞི་དང་པོ། ཤོག་གྲངས104
[4] དབང་འདུས་ཚེ་རིང་དང་འཕྲིན་ལས་རྒྱ་མཚོ། བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙཱ་བ་རིམ་བྱོན་གྱི་མཛད་རྣམ་གསལ་བའི་མེ་ལོང་། མི་རིགས་དཔེ་སྐྲུན་ཁང་། 2001ལོའི་པར་གཞི་དང་པོ། ཤོག་གྲངས51
[5] ཛཱ་ཡ་པཎྜི་ཏ་ནམ་མཁའ་རྒྱ་མཚོ། 咱雅班第达•那木海扎木苏 སོག་པོའི་པཎྡི་ཏ་ཆེན་མོ་ཞིག་ཡིན་ཞིང་། རྒྱལ་དབང་ལྔ་པ་ཆེན་པོའི་སྐབས་སུ་བོད་དུ་ཕེབས་ནས་མདོ་སྔགས་རིག་གཞུང་ལ་སྦྱངས་པ་མཐར་ཕྱིན་གྱིས་མཁས་པ་ཆེན་པོར་གྱུར། ཕྱིས་ཛཱ་ཡ་པཎྜི་ཏའི་ཡི་གེ托忒文ཞེས་སོག་ཡིག་གསར་མ་ཞིག་བཟོས་ཤིང་ཨོ་རོད་སོག་པོའི་ཡུལ་དུ་དར་ཁྱབ་ཆེན་པོ་བྱུང་།
[6] འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། རྒྱ་བོད་ཤན་སྦྱར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2019ལོའི་ཟླ10པའི་པར་གཞི་དང་པོ། ཤོག་གྲངས116-122