༄༅།། ཀླད་པའི་རྒས་ཚད་ཇེ་དལ་དུ་གཏོང་བའི་ཐབས་ལམ།
རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 12-24
ཉེ་ཆར།《ཨ་མེ་རི་ཁའི་གསར་འགྱུར་དང་འཛམ་གླིང་གི་གནས་འཕྲིན》དྲ་ཚིགས་སྟེང་ཀླད་པའི་རྒས་ཚད་ཇེ་དལ་དུ་གཏོང་བའི་ཐབས་ལམ་སྟབས་བདེ་འགའ་སྤྱི་སྡོམ་བྱས་ཡོད།
གཅིག ལུས་སྦྱོང་སྟབས་བདེ་བྱེད་པ།
ལྕགས་རྟར་ཞོན་པ་དང་འཆམ་འཆམ་དུ་འགྲོ་བ།ཐ་ན་མེ་ཏོག་ལྡུམ་རའི་ནང་དུ་མེ་ཏོག་ལ་བདག་སྐྱོང་བྱེད་པ་བཅས་ཀྱིས།ཀླད་པར་ཁྲག་རྒྱུན་འདོན་སྤྲོད་བྱེད་ཚད་ཇེ་མང་དུ་གྱུར་ཏེ།རྒན་པའི་ངོས་ཟིན་ནུས་པ་ཇེ་མཐོར་གཏོང་བ་དང་ལུས་ཕུང་བདེ་ཐང་ཡོང་བར་ཕན་པ་ཡོད།
གཉིས། སྙིང་ཁམས་ཁྲག་རྩའི་ནད་ཀྱི་ཉེན་ཁ་ཇེ་ཉུང་དུ་གཏོང་བ།
ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟ་ཁུའི་ནད།ཐ་མག་འཐེན་པ་སོགས་སྙིང་ཁམས་ཁྲག་རྩའི་ནད་འབྱུང་བའི་རྒྱུ་རྐྱེན་གྱིས་ཀླད་པའི་ཁྲག་རྩ་ཕྲ་མོར་གནོད་འཚེ་ཐེབས་པས།ཀླད་པའི་རྒས་ཚད་ཇེ་མགྱོགས་སུ་གཏོང་བ་རེད།དེ་བས་རྒན་པ་རྣམས་ཀྱིས་ཐ་མག་བཅད་དེ་ལུས་པོའི་ལྗིད་ཚད་དང་ཁྲག་ཤེད་ལ་ཚོད་འཛིན་བྱེད་དགོས་པར་མ་ཟད།སྨན་པའི་མཛུབ་སྟོན་འོག་མཁྲིས་རྒྱུ་གཤེར་རྩི་ཇེ་དམའ་རུ་བཏང་ནས།བདེ་ཐང་གི་འཚོ་བ་རོལ་སྟངས་ཆགས་སུ་འཇུག་དགོས།
གསུམ། སྨན་འཐུང་བར་ཚོད་འཛིན་བྱེད་པ།
རྒན་པ་རྣམས་ལ་དལ་གཤིས་ནད་རིགས་མང་པོ་བྱུང་ཡོད་པའི་དབང་གིས་རྒྱུན་དུ་སྨན་རྫས་མང་པོ་མཉམ་དུ་འཐུང་བཞིན་ཡོད།སྨན་རྫས་ཁ་ཤས་ཤིག་གི་ཞོར་སྐྱོན་གྱིས་མིའི་ངོས་ཟིན་ནུས་པར་གནོད་འཚེ་ཐེབས་པ་སྟེ།དཔེར་ན་གཉིད་སྨན་ལྟ་བུ།རྒན་པ་རྣམས་ཀྱིས་རང་ཉིད་ཀྱིས་འཐུང་བཞིན་པའི་སྨན་རྫས་དེ་དག་ལ་ཞོར་སྐྱོན་ཡོད་མེད་ཀྱི་གནས་ཚུལ་སྨན་པར་དྲིས་རྗེས།ད་གཟོད་སྨན་པའི་མཛུབ་སྟོན་ལྟར་འཐུང་དགོས།
བཞི། གཉིད་པའི་དུས་ཚོད་གཏན་འཁེལ་བྱེད་པ།
གལ་ཏེ་རྒན་པའི་གཉིད་པའི་དུས་ཚོད་གཏན་འཇགས་མིན་པར།ཉིན་མོར་གཉིད་དེ་མཚན་མོར་མི་གཉིད་པ་སོགས་ཀྱི་གནས་ཚུལ་ཡོད་ན།ཞོགས་པར་མལ་ལས་ལངས་པའི་སྐབས་ཀྱི་ངོས་ཟིན་ནུས་པ་མི་གསལ་བས།རྒན་པ་རྣམས་ཀྱིས་ངེས་པར་དུ་དུས་ཚོད7རིང་གི་སྤུས་ཀ་མཐོ་བའི་གཉིད་ཁག་ཐེག་བྱེད་དགོས་ལ།གཏན་འཁེལ་གྱི་དུས་ཚོད་ནང་དུ་གཉིད་པ་དང་ཡང་ན་མལ་ལས་ལངས་དགོས།
ལྔ། ཀླད་པར་ཕོག་ཐུག་འོས་འཚམ་གཏོང་བ།
རིག་ནུས་བྱ་འགུལ་གྱིས་ཀླད་པར་སྲུང་སྐྱོབ་བྱེད་པའི་ཐད་ནུས་པ་གལ་ཆེན་འདོན་ཐུབ་པས།རྒན་པ་རྣམས་ཀྱིས་ཀློག་འདོན་བྱེད་པ་དང་ཡང་ན་རིག་ནུས་རོལ་རྩེད་རྩེ་ནས་ཀླད་པའི་གསོན་ཤུགས་སློང་བར་འབད་དགོས།
དྲུག སྤྱི་ཚོགས་དང་འབྲེལ་འདྲིས་མང་དུ་བྱེད་དགོས།
སྤྱི་ཚོགས་དང་འབྲེལ་འདྲིས་མང་དུ་བྱེད་ཀྱིན་པའི་རྒན་པ་རྣམས་ཀྱི་འཚོ་བའི་སྤུས་ཀ་ནི་གྲོགས་མེད་ཁེར་རྐྱང་དུ་སྡོད་པའི་རྒན་པ་རྣམས་ལས་ལྡབ་འགྱུར་གྱིས་མཐོ་བ་རེད།བྱིས་པ་རྣམས་ལ་སློབ་ཕྱིའི་བྱ་འགུལ་སྤེལ་རོགས་བྱེད་པ་དང་སྤྱི་ཚོགས་ཀྱི་སྤྱི་ཕན་ལས་དོན་ནང་ཞུགས་པ།སྡེ་ཁུལ་གྱིས་རྩ་འཛུགས་བྱས་པའི་བྱ་འགུལ་སྣ་ཚོགས་ལ་ཞུགས་ན་ཀླད་པའི་བྱེད་ནུས་ཇེ་མཇོར་བཏང་སྟེ་ཀླད་པའི་རྒས་ཚད་ཇེ་དལ་དུ་གཏོང་ཐུབ་བོ། །