རླངས་འཁོར་རྒྱལ་སྲུང་གཞུང་ལམ350པའི་ལམ་རྒྱུད་དུ་རྒྱུག་པའི་སྐབས་སུ། ལམ་གྱི་འགྲམ་ངོགས་སུ་གཤིས་ཆུ་དྲག་ཏུ་རྒྱུག་ཅིང་། དགུན་ཁར་དྲོད་ཁོལ་ལྡན་པའི་ཉི་འོད་འོག་ཏུ། གཤིས་ཆུའི་འགྲམ་དུ་གནས་ཆགས་པའི་རྟའུ་རྫོང་ནི་ཇི་འདྲའི་དྲོད་སྣང་གིས་ཁེངས་ཤིང་། ཆུ་བོའི་གཞོགས་གཅིག་ཏུ་ཡོད་པའི་ས་ཞིང་ཡུག་རེའི་ནང་གི་སྔོ་ཚལ་དྲོད་ཁང་རྣམས་ནི་ཚར་དུ་དངར། འོན་ཀྱང་གནས་འདིར་ད་ལྟ་དགུན་སྟོད་ཡིན་ཞིང་། གནམ་གཤིས་ཀྱི་དྲོད་ཚད་གོར་ཐིག་མན་ལ་ལྷུང་ཡོད་པས། ད་དུང་ཡང་འདི་འདྲའི་སྔོ་ཚལ་གསར་པ་ཡོད་པ་ནི་ཡ་མཚན་སྐྱེ་དགོས་པ་ཞིག་མ་རེད་དམ། དེ་བས་གསར་འགོད་པས་སྔོ་ཚལ་དྲོད་ཁང་དུ་སོང་ནས་བརྟག་དཔྱད་ཟབ་མོ་ཞིག་བྱ་དགོས་པར་ཐག་བཅད་དོ།།
གསར་འགོད་པ་ས་ཆ་འདི་ལ་འབྱོར་རྗེས། ཚལ་ཞིང་ནང་དུ་མཐོ་གྲང་ས་ཁུལ་རྟའུ་ཡི་ཞིང་ལས་རྟེན་གཞི་ཞེས་པ་བྲིས་ཡོད་པའི་ཀ་བ་རྡོག་གཅིག་ཀེ་རེར་འགྲེང་འདུག་པ་མཐོང་ལ། མདའ་ལྟར་དྲང་བའི་ཨར་འདམ་ལམ་གྱི་མཐའ་ནི་རྟེན་གཞིའི་ས་ཁུལ་གྱི་ཐུར་ལྟའི་རི་མོ་རེད་ལ། ལམ་གྱི་མཐའ་གཉིས་སུ་ལུག་མིག་མེ་ཏོག་དེ་ཉི་འོད་ཀྱི་འོག་ནས་ཁ་དོག་སྣ་ཚོགས་ཀྱིས་བཞད་འདུག གསར་འགོད་པ་མ་བསྐུལ་དང་ལེན་གྱིས་དྲོད་ཁང་ཞིག་གི་ནང་དུ་འཛུལ་བ་ན། སྒོ་ཁར་སྔོ་ཚལ་སྡུད་མཁན་གྱི་མི་སྣའི་ལས་ཀའི་ལག་ཁྱེར་དཔང་ཡིག་བཀལ་ཡོད་ཅིང་། དེའི་ཕྱོགས་གཅིག་ཏུ་ལས་མི་དག་གི་མིང་ཐོ་བྲིས་ཡོད་པ་དང་། ཕྱོགས་གཞན་གཅིག་ཏུ་ཁོ་ཚོའི་འདྲ་པར་སྦྱར་འདུག དྲོད་ཁང་ནང་གི་མི་འགའ་རེས་ཞིང་ལ་ཆུ་འདྲེན་བཞིན་འདུག་ལ་འགའ་རེས་ཡུར་མ་ཡུར་བཞིན་འདུག ཡང་འགའ་རེས་སྔོ་ཚལ་སྡུད་བཞིན་འདུག་སྟེ། མདོར་ན་མི་ཐམས་ཅད་ལས་བྲེལ་ཧ་ཅང་ཆེ་བའི་རྣམ་པ་ཞིག་མཐོང་ལམ་དུ་མངོན་རྒྱུ་འདུག གྱང་ངོས་སུ་བཀལ་ཡོད་པའི་དྲོད་ཆས་དང་དྲོད་ཚད་འཇལ་ཆས་ལས་ལོ་ཏོག་སྐྱེ་བ་ལ་འོས་ཤིང་འཚམ་པའི་ཚད་འཇལ་རྟགས་རིས་མངོན་ལ། ཡལ་ག་ཆུང་ཆུང་གི་སྟེང་དུ་འབྲས་བུ་སྨིན་པའི་ལྡུམ་སྒོང་དམར་པོ་དང་སེར་པོ་རེ་རེ་བཞིན་དཔྱངས་འདུག་ཅིང་། དེ་ནི་དུས་རྒྱུན་མིག་ལམ་ལ་འདྲིས་པའི་ལྡུམ་སྒོང་འདེགས་བྱེད་དང་མི་འདྲ་སྟེ། ས་ཆ་འདི་ཡི་ལྡུམ་སྒོང་ནི་ཐག་སྐུད་ཅིག་གིས་འཐེན་པའི་འོག་ཏུ། ས་ཐོག་ནས་བར་སྣང་ལ་ཧ་ལམ་སྨི་གཉིས་ཙམ་ཡོད་པའི་མཚམས་སུ་ཐུར་ལ་དཔྱངས་པའི་ཚུལ་གྱིས་སྐྱེ་བ་རེད་འདུག
དྲོད་ཁང་དུ་སྔོ་ཚལ་སྡུད་བཞིན་པའི་སྤེན་པ་དབང་མོ་ནི་མ་ཟུར་ཡུལ་ཕྱོགས་མཁར་ལུ་སྡེ་བ་ཡི་སྡེ་མི་ཞིག་ཡིན་ལ། མོའི་བྱིས་པ་གཉིས་རྫོང་ཐོག་ན་སློབ་ཆུང་འདོན་ཞིང་། མོ་ནི་རྟེན་གཞི་དེ་ཡིས་ལོ་མགོ་ལ་ལས་མི་སྡུད་པའི་སྐབས་སུ་ལས་ཞུགས་ཐུབ་ཡོད་ཅིང་། རྟེན་གཞི་འཛུགས་སྐྲུན་དངོས་སུ་བརྒྱུད་མྱོང་མཁན་ཞིག་ཡིན་པར་མ་ཟད། དེ་ཉིད་ཀྱི་བྱ་བའི་ལས་ཆོད་བདེན་དཔང་བྱེད་ཐུབ་མཁན་ཞིག་ཀྱང་ཡིན། མཁར་ལུ་སྡེ་བ་ལ་དུད་ཁྱིམ69དང་མི328ཡོད། དྲོད་ཁང་ཐོག་མར་འཛུགས་པའི་སྐབས་སུ། སྡེ་མི་དག་དུད་ཁྱིམ་བཞི་རེ་ཚོ་ཆུང་གཅིག་ཏུ་བྱས་ནས་དྲོད་ཁང་ཚོ་ཆུང་གཅིག་རེ་གྲུབ་པ་ལས། དྲོད་ཁང་ཆེན་པོ་གཅིག་རེ་བཙུགས་ཐེངས་རེར་བཙུགས་མཁན་ཚོ་ཆུང་དེ་ལ་སྒོར2600ཡི་ཡོང་སྒོ་ཡོད་པ་རེད། དེ་ལྟར་བྱས་པས་དྲོད་ཁང51གི་འཛུགས་སྐྲུན་དེ་ཟླ་བ་གཅིག་གི་ནང་དུ་ཧ་ཅང་མགྱོགས་མྱུར་གྱིས་ལེགས་འགྲུབ་བྱུང་སོང་ངོ་།།
2018ལོར། རྟའུ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཤུགས་ཆེན་པོས་གློད་སྡོམ་ཞབས་གསུམ་གྱི་གསར་བརྗེ་སྐུལ་སྤེལ་བཏང་ནས་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་མཉམ་འབྲེལ་རབ་དང་རིམ་པའི་འབྲས་བུ་ཐོབ་ཅིང་། ཤར་ནུབ་ས་ཁུལ་དབུལ་སྐྱོར་མཉམ་ལས་ཀྱི་མ་དངུལ་སྒོར་ཁྲི850ཞིང་ལས་གྲོང་གསེབ་ཀྱི་རྩ་བའི་སྒྲིག་ཆས་ཉམས་གསོ་འཐུས་ཚང་དུ་གཏང་བར་བེད་སྤྱད་བྱས་ལ། མཐོ་གྲང་ས་ཁུལ་གྱི་ཞིང་ལས་ནི་དཀར་མཛེས་ཁུལ་གྱི་ཁེ་ལས་མངོན་གསལ་དོད་པོ་ཞིག་ཡིན་པས། 2018ལོའི་ཟླ10པར་མཁར་ལུ་སྡེ་བ་ཡིས་ས་ཞིང་མུའུ300ཡོད་པའི་ཁྱད་ལྡན་ཞིས་ལས་འདེབས་འཛུགས་འཕེལ་རྒྱས་སུ་འགྲོ་བར་མུའུ་རེར་སྒོར630ཡིས་བོགས་གླ་འཁོར་རྒྱུག་བྱས་ཡོད། མཐོ་གྲང་ས་ཁུལ་གྱི་ཞིང་ལས་ཐོན་རྫས་བདེ་བླག་ངང་ཀོང་ཏུང་ཚོང་ར་རུ་བྲིན་འཚོང་ཐུབ་པའི་ཆེད་དུ། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཁེ་ལས་སྟེགས་བུ་འཛུགས་པར་ཧུར་བརྩོན་ཆེན་པོ་བྱེད་ཅིང་། ཁེ་ལས་ལ་ཁེ་བཟང་ཆེན་པོ་ཐོབ་ནས་མི་སེམས་སུ་དྲོ་སྐྱིད་ཀྱིས་ཁེངས། རྟའུ་རྫོང་གི་དཔལ་འབྱོར་གྱི་རྩ་བ་བརྟན་པོར་ཚུགས་པར་མ་ཟད། ཞིང་འབྲོག་མི་དམངས་ཀྱིས་ཡོང་འབབ་མཐོན་པོ་ཐོབ་པའི་སེམས་ཤུགས་ཀྱང་རབ་ཏུ་སྐུལ་བར་བྱས།
ད་ལོའི་ཟླ3པའི་སྟོད་དུ། རྟེན་གཞིའི་སྔོ་ཚལ་དྲོད་ཁང51གིས་ས་ཞིང་ངོས་སྙོམས་བྱེད་པ་དང་ལུད་བརྒྱབ་ནས། ཉིན15ཡི་བར་མཚམས་རེར་ལྡུམ་སྒོང་ཆུང་བ་དང་ཆུ་ཀུབ་སོགས་ཀྱི་མྱུ་གུ་བཏབ་ཅིང་། ཟླ་བ་ལྔ་ལྷག་རིང་ལ་གཟབ་ནན་ཞིབ་ཚགས་ཀྱི་གསོ་སྐྱོང་བརྒྱུད་དེ། ཟླ8པའི་སྟོད་དུ་རྟེན་གཞིའི་དྲོད་ཁང་གི་ཁག་དང་པོའི་ལྡུམ་སྒོང་ཆུང་བའི་འབྲས་བུ་ལེགས་པར་སྨིན་ནས་སྔོ་ཚལ་སྡུད་པའི་དུས་ལ་ཁེལ་བ་ན། སྤེན་པ་དབང་མོ་ཡང་ལས་བྲེལ་ཆེ་རུ་སོང་སྟེ། མོས་ཉིན་རེར་ཉིན་གུང་ལ་ངལ་གསོ་བྱེད་པ་མ་གཏོགས། དེ་མིན་ཉིན་གཅིག་གི་ཞོགས་པའི་དུས་ཚོད8ནས་ཕྱི་དྲོའི་དུས་ཚོད7བར་དུ་ལྡུམ་སྒོང་ཆུང་བ་སྡུད་བཞིན་ཡོད། ཉིན་རེར་ལས་གཉེར་བྱེད་པ་ལ་དངུལ་སྒོར100ཡི་ཡོང་སྒོ་ཡོད་ཅིང་། དེ་ནི་ཟ་ཁང་དུ་ཡོད་པའི་ཞབས་ཞུ་བ་རྣམས་ལ་ཟླ་གཅིག་རིང་གླ་ཆ་སྒོར2000ཡོད་པ་དང་བསྡུར་ན། རྟེན་གཞིའི་ཅུང་ཙམ་ལྷོད་ལ་བབས་ཆོག་པའི་ལས་ཀའི་ཁོར་ཡུག་དང་ཅུང་ཟད་མཐོ་བའི་ཡོང་སྒོ་ཡིས་མོ་ལ་སྤྲོ་བ་བརྒྱ་ཕྲག་འཕེལ་ཏུ་བཅུག
རྟེན་གཞིའི་འདེབས་འཛུགས་ལག་རྩལ་པ་ཧྲེང་ཞུའེ་ཝུའུ་ཡིས་སྔོ་ཚལ་དྲོད་ཁང་དག་ལ་སྐོར་ཞིབ་བྱེད་ཀྱིན་འདུག་ཅིང་། ལས་མི་དག་ལ་ལྡུམ་སྒོང་སྡུད་པའི་ཐབས་ཤེས་ཡང་ཡང་མཛུབ་སྟོན་བྱེད་ཅིང་། དེ་དང་མཉམ་གཅིག་ཏུ་ལྡུམ་སྒོང་གི་བྲོ་བ་དང་འཚོ་བཅུད་ཕྱོགས་ལ་ཁག་ཐེག་ནན་མོ་ཡོང་བར་བྱེད། ཁོས་གསལ་བཤད་བྱས་པ་ལྟར་ན། ད་སྔའི་སྔོ་ཚལ་དྲོད་ཁང་རེ་རེ་ཡི་ཉིན་རེའི་ལྡུམ་སྒོང་ཆུང་བའི་ཐོན་ཚད་ནི་རྒྱ་མ4000དང5000བར་ཡིན། ཟླ་བ10པ་ནས་བཟུང་སྟེ། དྲོད་ཁང22ལས་ལྡུམ་སྒོང་ཆུང་བ་སྡུད་དགོས་ཤིང་། ཉིན་རེར་ལྡུམ་སྒོང་རྒྱ་མ་ཁྲི12སྐྱེལ་འདྲེན་བྱེད་ཅིང་། ཐོན་རྫས་འདི་དག་ནི་སྔོ་ཚལ་སྐྱེལ་འདྲེན་བྱེད་པའི་ཐབས་ཤེས་བརྒྱུད་དེ་ཁྲེང་ཏུའུ་ཡི་ཚོང་ར་ཆེ་ཁག་དང་མཚོ་རྒྱུད་གྲོང་ཁྱེར་བཅས་ཁག་སོ་སོར་འཚོང་དགོས་ལ། ཐོན་རྫས་ཀྱི་རིན་གོང་རྒྱ་མ་རེར་སྒོར12དང་ཡང་ན་དེ་ལས་མང་ཙམ་བཙོང་ཐུང་ཅིང་། ལོ་ཧྲིལ་པོར་མཚམས་མི་ཆད་པར་མཁོ་སྤྲོད་བྱེད་ཐུབ།
སྐབས་འདིར། རྟའུའི་ཁང་པའི་ཕྱི་ཕྱོགས་ཀྱི་དྲོད་ཚད་ནི་ཏུའུ་གྲངས18ཡིན་ནའང་། དགོང་མོར་དྲོད་ཚད་གོར་ཐིག་མན་ལ་ལྷུང་འགྲོ་བ་རེད། ད་ལྟའི་སྤེན་པ་དབང་མོ་ལ་མཚོན་ན་ཞིང་ལས་འདེབས་འཛུགས་ཀྱི་ལས་ཀ་དེ་སྲོལ་རྒྱུན་དང་མི་འདྲ་བའི་འགྱུར་བ་བྱུང་ཡོད་དེ། སྔོན་ཆད་དགུན་ཁ་ཐོན་པ་ན་གནམ་གཤིས་ཀྱི་རྐྱེན་པས་ས་ཞིང་རྨོ་འདེབས་མཚམས་འཇོག་པ་རེད་ལ། ད་ལྟ་ཡིན་ན་དུས་ཚིགས་བཞི་བོར་མོས་ཞིང་ནང་དུ་ལས་ཀ་དོ་དམ་དང་སྔོ་ཚལ་སྡུད་པ་སོགས་ཀྱི་བྱ་བ་སྒྲུབ་ཆོག་པས། གནས་ཚུལ་འདི་ཡིས་མོའི་མིག་རྒྱ་ཆེ་རུ་བསྐྱེད་ཡོད་དེ། མོ་རང་གིས་ཀྱང་ཅུང་ཟད་འཛེམ་བག་ལྡན་ལ་ངོ་ཚ་བའི་ཉམས་ཀྱིས“སྔོན་ཆད་ས་ཞིང་རྨོ་འདེབས་བྱེད་སྐབས། ལོ་གཅིག་གི་ནང་དུ་སེན་མགོ་ཁྲག་དང་སེན་སྟེང་རྣག་བྱས་ནས་འབད་ན། ད་གཟོད་ཁྱིམ་ཚང་གི་ལྟོ་གོས་སྤྱོད་ཚད་འདང་ངེས་ཤིག་སྒྲུབ་ཐུབ་པ་ཡིན་ལ། འོན་ཀྱང་ད་བར་ཡིན་ན་ཞིང་སའི་མུའུ10.2རྟེན་གཞིའི་ས་ཁུལ་ལ་སྤྲད་རྗེས། རང་གིས་ཀྱང་རྟེན་གཞིའི་ས་ཁུལ་དུ་བྱ་བ་སྒྲུབ་ཆོག་པ་དང་། ཟླ་རེ་ལའང་ཡོང་འབབ་ཡོད་པ་ཡིན་པས་ན། ཁྱིམ་ཚང་གི་དཔལ་འབྱོར་ཡང་སྔོན་ཆད་དང་བསྡུར་ན་ཇེ་བཟང་དུ་སོང་ཡོད་དོ།།”ཞེས་བཤད་བྱུང་།
རྟེན་གཞི་ས་ཁུལ་འདིར། སྤེན་པ་དབང་མོ་དང་འདྲ་བར་ཉེ་འཁོར་གྱི་གྲོང་ཚོ་ལས་ཡོང་སྟེ་འདིར་ལས་ཀ་བྱེད་བཞིན་པའི་གྲོང་མི38ཡོད། རྫོང་ཡོངས་ཀྱི་གྲོང་རྡལ14དང་དབུལ་ཕོངས་གྲོང་ཚོ41གི་ཐོན་ལས་འཕེལ་རྒྱས་ལ་འགྲོ་བའི་ཚོད་ལྟའི་མ་དངུལ་སྒོར་ཁྲི1470རྟེན་གཞིར་མ་རྐང་དུ་བཞག་ཡོད་ལ། ལོ་རེར་མ་རྐང་དུ་བཞག་པའི་མ་དངུལ་གྱི་བརྒྱ་ཆ6གི་ཁེ་འབབ་བགོ་བར་གྲོས་མཐུན་བྱུང་ཡོད། འདི་ལྟ་བུའི་ཡིད་ཆེས་ནི་རྟེན་གཞིའི་ས་ཁུལ་གྱི་འགན་ཁུར་མི་སྣ་ཧྲེང་ཁུ་ལ་མཚོན་ན་གནོན་ཤུགས་ཧ་ཅང་ཆེ་བ་བཤད་ཅི་དགོས་ཏེ། ཁོས་ཞིང་འབྲོག་མང་ཚོགས་ཀྱིས་རྟེན་གཞིའི་ས་ཁུལ་ལ་མ་རྐང་འདི་ལྟ་བུ་ཞིག་བཞག་པ་ནི། གཅིག་ན་མཐོ་གྲང་ས་ཁུལ་དུ་ཡོད་པའི་ཞིང་ལས་ཐོན་སྐྱེད་ཀྱི་འཕེལ་རྒྱས་ལ་ཡིད་ཆེས་བྱས་པ་རེད་ལ། གཉིས་ན་རྟེན་གཞི་ས་ཁུལ་གྱིས་ཁོ་ཚོར་འཚོ་བའི་ཐོན་སྐྱེད་བྱེད་སྟངས་ཕྱོགས་སུ་བཅོས་བསྒྱུར་ཆེན་པོ་གཏང་བར་རེ་འདུན་བཅོལ་ཡོད་པས་རེད། དེ་བས་ན་ང་ཚོས་ཆེས་སྦྱོང་སླ་བའི་མྱུ་གུ་འདེབས་འཛུགས་བྱེད་པ་ལས་འགོ་བརྩམས་ཏེ་ཁོ་ཚོར་ལག་རྩལ་དམར་ཁྲིད་བྱེད་དགོས་ཏེ། ད་ལྟ་རྟེན་གཞིའི་ས་ཁུལ་གྱི་ལས་མི་དག་གིས་ལོ་ཏོག་གི་ཟེའུ་འབྲུ་སྡེབ་སྦྱོར་དང་ཡལ་བཞུར་རྒྱག་པ། རྨོ་འདེབས་བྱེད་པ་དང་ཤེས་སླ་བའི་ནད་འབུའི་གནོད་པ་འགོག་པ་སོགས་ཀྱི་རྒྱུན་ཤེས་ཕལ་ཆེ་བ་ཁོང་དུ་ཆུད་ཡོད་ཅིང་། དེ་མིན་ང་ཚོས་མི5ནས8ཀྱིས་གྲུབ་པའི་ཚོ་ཆུང་བཙུགས་ཏེ། སྔོ་ཚལ་དྲོད་ཁང་གསུམ་རེར་འགན་ཁུར་བའི་སྒྲིག་སྲོལ་བཏོན་ཞིང་། སྔོ་ཚལ་དྲོད་ཁང་དག་གི་ཐོན་ཚད་གཞིར་བཞག་ནས་ཟླ་རེར་ཞིབ་སྡུར་བྱེད་པ་ཡིན་ལ། ཐོན་ཚད་ཆེས་མཐོ་བའི་ཚོ་ཆུང་གི་མི་རེར་ཆ་སྙོམས་ཀྱིས་ཟླ་དེའི་གླ་དངུལ་སྒོར3500ཡས་མས་སུ་འཕེལ་བར་གཞུག་ངེས་ལ། མ་ཟད་ལོ་གཅིག་ནང་གི་ཐོན་ཚད་ཆེས་མཐོ་བའི་ཚོ་ཆུང་ལ་ལོ་མཇུག་ཏུ་མི་རེར་ཆ་སྙོམས་ཀྱིས་བྱ་དགའ་སྒོར2000ཡས་མས་འཐོབ་རྒྱུ་ཡོད་ཅེས་བཤད་པ་རེད།
མི་ལ་ཐོན་སྐྱེད་ཀྱི་འབྲས་བུ་ཁོ་ན་གནང་སྦྱིན་བྱེད་པ་ལས་མི་རང་རང་གིས་ཐོན་རྫས་ཇི་ལྟར་ཐོན་སྐྱེད་བྱེད་པའི་ལག་རྩལ་ཐབས་ཤེས་མཁོ་སྤྲོད་བྱ་དགོས། སྔོན་དུས་མཐོ་སྒང་གི་དགུན་ཁ་ནི་སྐྱ་ཟད་སྔོ་རྡུགས་ཤིག་ཡིན་ཡང་། ད་ལྟ་རྟེན་གཞིའི་ས་ཁུལ་གྱི་སྔོ་ཚལ་དྲོད་ཁང་ལས་ལོ་ཏོག་ལ་འབྲས་བུ་ཕུན་སུམ་ཚོགས་པ་སྨིན་ཏེ། ཡིད་འོང་གི་དྲི་བསུང་ཕྱོགས་སོར་འཐུལ་བྱུང་ལ། ཡུལ་འདིའི་ལས་བྱེད་མང་ཚོགས་ཀྱིས་ཀྱང་བློ་བརྟན་འགྱུར་མེད་ཀྱི་ཡིད་ཆེས་ལ་བརྟེན་ནས། རང་གི་ལག་པ་གཉིས་ཀྱིས་རང་ཉིད་ལ་དབང་བའི་དབུལ་ཐར་འབྱོར་འབྲིང་གི་འཚོ་བའི་ལམ་དུ་བསྐྱོད་པར་དཀའ་སྡུག་གི་བྱ་བ་དག་ཧུར་ཐག་འབད་ཐག་གིས་སྒྲུབ་བཞིན་ཡོད་དོ།།