སྔོན་ཚེ་གླིང་རྗེ་རྒྱལ་བློན་བཞུགས་པའི་གནས། །
བར་དུ་འདན་སྲས་གཡུ་འོད་འབུམ་མེའི་འཕྲུལ། །
ཆོས་རྗེ་དམ་པས་འབྲེལ་ཚད་བདེ་ཆེན་དུ། །
སྨིན་གྲོལ་བྱེད་ཡུལ་རབ་སྒང་གནས་མཆོག་བསྔགས། །
གང་དེར་སྔོན་རབས་གཏམ་གྱིས་མ་བཏང་བ་། །
མངོན་གསུམ་འདྲེན་བྱེད་དཔྱིད་དུ་གསལ་བ་ཡི། །
དཀར་པོ་གླིང་གི་རྗེས་ཤུལ་དངོས་ཡོད་དག །
མཇལ་ན་ཡིད་དབང་འཕྲོགས་ཤིང་ངེས་ཤེས་རྙེད། །
དེ་ཡང་མི་ཉག་རབ་སྒང་དུ་གྲགས་པའི་རི་རྒྱུད་དེ། དེང་སྐབས་མི་ཉག་ནགས་ཕྲན་ར་མགོ་དགོན་དུ་འབོད་པའི་ཉེ་གམ་དུ་གླིང་གེ་སར་གྱི་སྦྲ་ཕུབ་ཤུལ་དང་། འབྲུག་མོའི་མཚོ་ཟེར་བ་སོགས་གླིང་གེ་སར་དང་འབྲེལ་བའི་རྗེས་ཤུལ་ཡ་མཚན་ཅན་འགའ་བཞུགས་ཞེས། སྔར་༧ཆོས་རྗེ་བླ་མ་ཡིད་བཞིན་ནོར་བུས་མི་ཉག་རབ་སྒང་ནས་བདེ་ཆེན་ཞིང་སྒྲུབ་ཆེན་མོའི་ཆོས་འཁོར་བསྐོར་སར་ཕེབས་པའི་མཆེད་པོ་སྐོར་ཞིག་གི་ཞལ་ཏ་ལས་ཐོས་མྱོང་མོད། རྗེས་སུ་དེའི་སྐོར་ལ་དོ་སྣང་བྱེད་རྒྱུ་ཕྱི་བཤོལ་དུ་ལུས། ད་ལོ་སྟེ་ ༢༠༡༧ ལོའི་ཟླ་༧པའི་ཚེས་༢༥ཡས་མས་ལ་ཁམས་དཀར་མཛེས་ཕྱོགས་སུ་ཤར་འགྲོ་ཞིག་བྱེད་རྒྱུ་བྱུང་བའི་ཞོར་དུ་གླིང་གེ་སར་གྱི་རྣམ་ཐར་སྒྲུང་རྙིང་དང་། རྗེས་ཤུལ་སྐོར་འདྲི་རྩད་ཅུང་རེ་བྱེད་ཁུལ་བྱས་པ་ཡིན་མོད། དེང་སྐབས་གླིང་རྗེ་གེ་སར་གྱི་མཛད་པ་འཕྲིན་ལས་དུས་སུ་བབས་པས་རེད་ཟེར་ཡང་ཆོག། རྒྱལ་ཁབ་ཀྱིས་རིག་ཚན་འདིའི་ཕྱོགས་ལ་རྣམ་གྲངས་གཏོང་སྒོ་ཆེ་རབས་ཀྱིས་ཡིན་ནམ། གང་ལྟར་གླིང་གེ་སར་སྐོར་ལ་ཞིབ་འཇུག་པ་དང་མཁས་པ་ཇེ་མང་དུ་འགྲོ་བཞིན་པའི་གནས་བབ་དང་། ལྷག་པར་དུ་མེས་པོ་གླིང་རྗེ་དམ་པའི་མཛད་པ་རྣམ་ཐར་ལ་ལྷག་བསམ་ཅན་སྐོར་ཞིག་གི་བཀའ་དྲིན་གྱིས་བོད་གནའ་བོའི་ངག་རྒྱུན་དུ་ཡོད་པའི་གླིང་གི་རྗེས་ཤུལ་མང་ཆེ་བ་ཟིན་བྲིས་སུ་མ་ཐེབ་པ་དང་། ཁྱབ་བསྒྲགས་མ་བྱས་པ་ཞིག་དཀོན་ལ། ཡང་ཕྱོགས་གཞན་ཞིག་ནས་གོང་བབས་རྣམ་གྲངས་ཀྱི་ཆེད་སོགས་གང་ཡིན་མི་ཤེས་མོད། དཔེར་ན་མི་ཉག་རྟའུའི་ཕྱོགས་སོགས་ཀྱི་གླིང་གེ་སར་དང་འབྲེལ་ཡོད་ངག་རྒྱུན་འགའ་ཞིག་སྔར་ཡོད་གཏམ་རྒྱུད་ལས་འགྱུར་ཏེ་གསར་བ་རེ་བྲིས་པ་དང་བཤད་པ་ལྟ་བུ་མཐོང་ཐོས་བྱུང་བའི་སྐོར་ནས་འཆར་སྣང་རེ་བྲིས་པ་ཡིན་མོད་རེ་ཞིག་མི་སྤྲོས།
འདིར་དམིགས་བསལ་གྱིས་བཤད་འདོད་པ་ནི། གོང་དུ་ཞུས་པ་བཞིན་མི་ཉག་ནགས་ཕྲན་གྱི་གླིང་གི་རྗེས་ཤུལ་ངག་རྒྱུན་སྐོར་ཡིན། དེ་ནི་སྤྱི་ཟླ་༨པའི་ཚེས་༢ ཉིན་ཉག་རོང་ས་སྟོད་ནས་སྤྲུལ་སྐུ་བཀའ་དྲིན་ཅན་ལུང་རྟོགས་བསྟན་འཛིན་བཟང་པོས་༧ཆོས་རྗེ་བླ་མའི་གསུང་ཟབ་གླིང་གེ་སར་སྐྱེས་བུ་དོན་གྲུབ་ཝེར་མ་དཀར་པོའི་སྲོག་དབང་སོགས་བཀའ་དྲིན་ཆེན་པོའི་སྒོ་ནས་བསྩལ་བ་ཞུ་བའི་སྐབས་དང་བསྟུན། རང་གིས་ཆོས་མཆེད་དམ་པ་མདོ་མང་འོད་གསལ་ཉི་མ་ལགས་ལ་གླིང་གེ་སར་གྱི་རྗེས་ཤུལ་སྐོར་ནས་སྐད་ཆ་ལབ་གླེང་ཞུས་པ་ན། ཁོང་གི་གསུང་འཕྲོས་ནས་མི་ཉག་ཁོག་ཅིག་ན་གནའ་ནས་ངག་རྒྱུན་ལ་ཇོ་རུའི་སྦྲ་མལ་དང་། འབྲུག་མོའི་སྐྲ་བཀྲུ་སའི་མཚོ་སོགས་ཡོད་པ་མཇལ་མྱོང་ཚུལ་གྱི་གསུང་བཤད་ཡིད་དབང་འགུག་པ་ཞིག་གནང་སོང་། སྐབས་དེར་ཁོ་བོའི་ཡིད་རབ་ཏུ་དགའ་ནས་རྗེས་ཤུལ་དེ་དག་ས་གང་ཞིག་ཡིན་ཚུལ་སོགས་དྲིས་ཚེ། གྲོགས་ལགས་ཀྱིས་དེ་ནི་མི་ཉག་ནགས་ཕྲན་གྱི་ར་མགོ་དགོན་པའི་ཉེ་གམ་ཞིག་རེད། ངོ་མ་ངོ་མཚར་ཆེ་བའི་ངག་རྒྱུན་ཅན་གྱི་རྗེས་ཤུལ་རེ་ཡོད་པ་མཇལ་མྱོང་གསུངས་བྱུང་ཚེ། དེ་ནི་སྔར་གོ་མྱོང་བའི༧ཆོས་རྗེ་ཡིད་བཞིན་ནོར་བུས་དབང་གསུང་གནས་སུ་བཞུགས་པར་ཐོས་པའི་གླིང་གི་རྗེས་ཤུལ་དག་ཡིན་འདུག་པས། བདག་ལ་གནས་ཤུལ་དེ་དག་མཇལ་འདོད་མེ་ལྟར་འབར་མོད། དུས་ཚོད་ཀྱི་དབང་གིས་གནས་སྐབས་སྟབས་བདེ་བོ་མིན་ཕྱིར། གྲོགས་འོད་གསལ་ཉི་མ་ལགས་ལ་ད་ཐེངས་དུས་ཚོད་ཀྱི་དབང་གིས་ཕྲན་ཡུལ་དངོས་དེར་དངོས་སུ་འགྲོ་ཐུབ་མིན་མི་ཤེས་པས། གྲོགས་ལགས་ཀྱིས་ཕྲན་ལ་རྗེས་ཤུལ་དེ་དག་གི་འདྲ་པར་རེ་དང་བཤད་རྒྱུན་རྙིང་བ་མ་བཅོས་པ་རེ་མཁོ་སྤྲོད་དགོས་པའི་རེ་བ་ཡང་ཡང་ཞུས་པ་ཡིན། ཟླ་དེའི་སྤྱི་ཚེས༣ ཉིན་གྲོགས་པོ་འོད་གསལ་ཉི་མ་ཉག་ས་སྟོད་ཀྱི་གཏེར་ཆེན་ལས་རབ་གླིང་པ་སྐུ་འཁྲུངས་གནས་གཞིས་རྙིང་ལ་མཇལ་དུ་ཕེབས་སོང་བ་དང་། ཕྲན་བྲེལ་ཚུབ་ངང་སྤོས་ལྡན་ལ་འགྲོ་བའི་ལམ་ཁར་ཞུགས་པ་ཡིན། ལམ་བར་ནས་གྲོགས་པོ་ལགས་ལ་གནས་མཇལ་སྐོར་ནས་ཁ་བརྡ་ཕུལ་ཞོར་དུ། ཡང་བསྐྱར་མི་ཉག་ཁོག་གི་ཇོ་རུའི་སྦྲ་མལ་སོགས་ཀྱི་རྒྱུ་ཆ་ལ་ཐུགས་ཉམས་འཇོག་རོགས་ཞེས་ཡང་བསྐྱར་ཞུས་སྐབས། གྲོགས་པོ་ལགས་ཀྱིས་ཁྱེད་ལ་དེ་འདྲ་དགོས་གལ་ཆེ་ན་ཁོ་བོ་ད་ཐེངས་ཆེད་དམིགས་ཀྱིས་འགྲོ་ཨེ་ཐུབ་ལྟ་ཡོང་གསུངས་བྱུང་བ་ལ་སྙིང་ནས་བཀའ་དྲིན་ཆེ་ཞུས་པ་ཡིན།
དེ་ནས་ཟླ་དེའི་ཚེས་༡༨ ཉིན་གྲོགས་དམ་པས་ཕྲིན་འཕྲན་དུ་མི་ཉག་ནགས་ཕྲན་ཕྱོགས་ཀྱི་གླིང་གི་རྗེས་ཤུལ་དག་གི་འདྲ་པར་བསྐུར་ནས་ཐོན་པར་མ་ཟད། གནས་དེ་ནས་གནའ་མི་རྒན་པོ་གཞུང་དྲང་གི་མི་གཤིས་ལྡན་ཞིང་། དགུང་གྲངས་བདུན་བཅུ་དོན་བདུན་ཅན་ཞིག་ཆེད་དུ་བཙལ་ནས་ངག་རྒྱུན་ལ་རྒྱུས་ལོན་བྱས་ཏེ་ཕྲན་ལ་སྐུར་རིམ་གཤམ་གསལ།
གྲོགས་པོས་ངག་རྒྱུན་འདྲི་ཡུལ་གྱི་རྒན་པོ་དེས་བཤད་པ་ལྟར་ན། སྤྱིར་ཉེ་གམ་གྱི་དགོན་པ་འདིར་དེང་སྐབས་ར་མགོ་དགོན་ཞེས་འབོད་མོད། དོན་ལ་ས་འདི་བོད་མདོ་ཁམས་སྒང་དྲུག་གི་ནང་ཚན་རབ་སྒང་རིང་མོའི་རི་རྒྱུད་ཡིན་པས་རབ་སྒང་དགོན་ཟེར་བ་ར་མགོ་རུ་འགྱུར་སོང་བ་ཡིན་ཚུལ་དང་། རབ་སྒང་ངམ་ནགས་ཕྲན་གྱི་གནས་འདི་ན་གླིང་རྗེ་གེ་སར་སྐྱེས་བུ་དོན་གྲུབ་ཀྱི་རྗེས་ཤུལ་བཞུགས་པ་རྣམས་ནི། ཉེ་བའི་དུས་ཤིག་ལ་མིང་གསལ་དུ་བཏགས་ཡོང་བ་ཞིག་གཞི་ནས་མིན་པར་མི་རབས་མང་པོའི་སྔོན་ནས་ངག་རྒྱུན་ཡོད་པར་མ་ཟད། ཡུལ་ཕྱོགས་ཀྱི་མི་རྣམས་ཀྱིས་རྗེས་ཤུལ་འདི་དག་ལ་དགའ་དད་མོས་གསུམ་ཡང་རྒྱ་ཆེན་པོ་ཡོད་པ་ཡིན། ལྷག་པར་གནས་འདི་ལ་དེང་སྐབས་མི་ཉག་ནགས་ཕྲན་ཞེས་འབོད་པ་ཡང་། གནའ་མི་ཚོས་བཤད་ན་སྔོན་གླིང་སེང་ཆེན་རྒྱལ་པོའི་ས་འདིར་མདའ་བཞི་བཙུགས་པས་ཉག་ཕྲན་ཞེས་ཐོགས་པ་ཡིན་ལ། རྗེས་སུ་མདའ་བཞིའི་རྗེས་ཤུལ་དུ་ནགས་ཕྲན་དྲང་མོ་བཞི་སྐྱེས་ཡོད་པ་(སྒྲུང་དཔེ་རྙིང་བ་ཁ་ཤས་ན་མདའ་ཉག་ཕྲན་ལ། ནག་ཕྲན་ཞེས་བྲིས་པ་མཐོང་མྱོང་བ་ཡང་ཐ་སྙད་འདི་རིགས་ཀྱི་འགྱུར་བ་དང་འབྲེལ་བ་ཨེ་ཡོད་སྙམ། )དངོས་སུ་དྲན་མཁན་ཡོད་ལ། ས་མིང་ཡང་རིམ་གྱིས་འགྱུར་ཏེ་ནགས་ཕྲན་ཞེས་འབོད་པ་ཡིན་ཞེས་བཤད་སྲོལ་ཡོད་པར་བཤད་པ་དང་། སལྷག་པར་གནས་འདི་ན་ཆེས་མངོན་གསལ་དོད་པོ་དང་ཡུན་རིང་གི་ངག་རྒྱུན་ཁུངས་བཙུན་ཅན།
1. གླིང་ཇོ་རུའི་སྦྲ་མལ། 2. ཇོ་རུའི་བསང་ཕུད་སའི་བསང་ཁྲི། 3.ཇོ་རུའི་འབེན་རྡོ། 4. རྒྱ་ཚ་ཞལ་དཀར་གྱི་མཚམས་ཁང་གི་ཤུལ། 5.སེང་ལྕམ་འབྲུག་མོའི་ཇ་རྡོ། 6. འབྲུག་མོའི་སྐྲ་མཚོ་དང་། 7.ལྷ་རྟ་རྐྱང་རྒོད་ལ་ཆུ་བླུད་ས། 8.ལྷ་སྲས་དགྲ་བླ་རྩེ་རྒྱལ་སོགས་ཀྱི་བསང་ཁྲི། 9.གླིང་གི་ཕ་འབུམ་པོ་ཏི་བཅུ་གཉིས་གཏེར་དུ་སྦས་གནས། 10. མ་ཡུམ་འགོག་བཟའི་སྐུ་གདུང་འཇོག་སའི་དུར་ས་དང་། དུར་ཁྲོད་ཀྱི་ཉེ་འདབས་སུ་བྱིས་དུར་གྱི་ས་བྱིན་རླབས་ཡོད་ཚུལ་སོགས་ཉེ་ཁོར་གྱི་གནས་ཤུལ་རེ་རེ་བཞིན་ངོ་སྤྲོད་རྒྱས་བསྡུས་འཚམ་པ་རེ་མཛད་པ་དང་བསྟུན། དངོས་སུ་ཡུལ་དངོས་ལ་ཕེབས་ནས་ཚད་ལེན་དང་འདྲ་པར་ཞིབ་མོར་བཏབ་པ་ཡིན་གསུངས་བྱུང་།
༡ ཇོ་རུའི་སྦྲ་མལ་ནི་ཐག་ཉེ་རིང་གང་ནས་མཇལ་ཡང་། རྗེས་ཤུལ་ཧ་ཅང་མངོན་གསལ་དོད་པོ་ཡིན་པ་དང་། ཉེ་གམ་དུ་ཕྱིན་ནས་ཚད་ལེན་བྱས་ན་ཕྱོགས་རེ་རེ་ལ་ཕལ་ཆེར་གོམ་པ་བརྒྱད་ཅུ་གྱ་བརྒྱད་ཡས་མས་རེ་ཡོད་པའི་གྲུ་བཞི་ཆ་མཉམ་ཞིག་ཡིན་པ་དང་། ཉེ་ཟུར་རེ་ནས་་ར་ལོས་ཡིན་སྙམ་པའི་རྡོ་དཀར་གྱི་རྩིག་རྨིང་ཞེང་ལ་རྨིད་གཉིས་ཙམ་ཡོད་པ་ཡང་གསལ་བོར་འདུག་གསུངས།
༼
ཀོས་ཙ་སྤྲུལ་སྐུ་རིག་འཛིན་མདོ་སྔགས་ཉི་མས་གསུངས་པ་ལྟར་ན། སྔར་༧ཆོས་རྗེ་བླ་མ་ཡིད་བཞིན་ནོར་བུས་མི་ཉག་ནགས་ཕྲན་ནས་བདེ་ཆེན་ཞིང་དབང་གསུང་སྐབས་ཀྱི་གསུང་འཕྲོས་ལས། སྔོན་ཚེ་ཁོང་འདན་སྲས་ཆུང་གཡུ་འོད་འབུམ་མེ་ཡིན་པའི་དུས་མི་ཉག་རྡོ་ར་དཀར་མོ་ཞེས་པ་དེ། ངེད་འདན་མ་ཚང་གི་དབྱར་ས་བྱེད་མྱོང་བ་དང་། ད་ལྟའི་ཇོ་རུའི་སྦྲ་ཤུལ་དུ་གྲགས་ས་དེར་གླིང་གེ་སར་ཚང་གི་སྦྲ་ཕུབ་ཡོད་པའི་ནང་དུ་གླིང་གི་དཔའ་བརྟུལ་བརྒྱད་ཅུ་བདེ་བླག་ངང་ཤོང་ཚུལ་ཡང་གསལ་བོར་དྲན་པ་སོགས་སྔོན་གནས་རྗེས་དྲན་སྐོར་གྱི་ཞལ་ཏ་གནང་བ་དངོས་སུ་ཐོས་གསུངས། ༽
༢ ཇོ་རུས་བསང་ཕུད་སའི་གནས་སུ་བསང་ཁྲིའི་རྗེས་ཤུལ་ངག་རྒྱུན་བཅས་གནའ་སྔ་མོ་ནས་ཡོད་པ་དང་། ད་ལྟ་ཡང་བསང་གསོལ་མཛད་གནས་རྩ་ཆེན་ཞིག་ཡིན་ཚུལ་འདུག
༣ ཇོ་རུའི་མདའ་འབེན་གྱི་རྡོ་ནི། ཇོ་རུའི་སྦྲ་མལ་ནས་ཡར་བལྟས་ན་མིག་གི་གཟི་ལེན་དུ་གསལ་བོར་མཇལ་ལ། ཉེ་གམ་དུ་ཕྱིན་ན་ཕ་བོང་དེའི་ངོར་མདའ་བརྒྱབས་ནས་ཁ་བཀད་པ་ལོས་ཡིན་སྙམ་པའི་རྗེས་ཤུལ་སོགས་ཉམས་དོད་པོར་འདུག་པ་མངོན།
༤ རྒྱ་ཚ་ཞལ་དཀར་གྱི་མཚམས་ཁང་གི་ཤུལ་དུ་གྲགས་པའི་གནས་སུ། ད་ལྟའི་མི་ཞིག་གིས་སྒུལ་ཙམ་ཡང་མི་ཐུབ་པའི་རྩིག་རྡོ་ཆེན་པོ་མང་པོ་ཐོག་རྩེག་གིས་ཡོད་པ་གསལ་བོར་འདུག་པ་དང་། ངག་རྒྱུན་ལ་སྔོན་ཞལ་དཀར་གྱིས་གྱད་མི་སྟོབས་ཆེན་འགའ་ལ་ལས་བཟོ་བ་བཅོལ་ཏེ་བཞེངས་པ་རེད་ཟེར་སྲོལ་ཡོད་འདུག །
༥ འབྲུུག་མོའི་མཚོ་འམ་འབྲུག་མོའི་སྐྲ་མཚོ་ཞེས་པ་ནི། གླིང་གེ་སར་ཚང་དེར་སྡོད་སྐབས་འབྲུག་མོའི་སྐྲ་བཀྲུ་སའི་ལྷ་ཆབ་དྭངས་གསལ་བྱིན་རླབས་ཅན་ཞིག་ཡིན་ཟེར་སྲོལ་ཡོད་པར་མ་ཟད་ཁོར་ཡུག་གི་ཤིང་ནགས་དག་དང་མཚོ་ནང་དུ་རྩྭ་རིང་བོ་ཁྱད་པར་ཅན་མང་པོ་ཡོད་པ་འབྲུག་མོའི་སྐྲ་ལུད་དམ་སྐྲ་ཆད་པ་དག་ཡིན་ཟེར་སྲོལ་ཡོད་འདུག །
༦ ཡང་གནའ་མིས་བཤད་སྲོལ་ངག་རྒྱུན་གཞན་ཞིག་ནི། དྭངས་གསལ་གྱི་མཚོ་རྫིང་དེ་གེ་སར་གྱི་ཆིབས་ཆེན་རྐྱང་རྒོད་ལ་ཆུ་ལྡུད་ས་ཡིན་ལ། མཚོ་ནང་གི་རྩྭ་རྣམས་ནི་རྩྭ་གཞན་དང་མི་འདྲ་བའི་ངོ་མཚར་ཅན་ཡིན་པ་དང་། མཚོའི་རྟིང་རིམ་ལ་རིང་དུ་སོང་ཡོད། དེ་ནི་གླིང་རྗེ་རྒྱ་གར་དུ་སྐུ་མཚམས་ལ་བཞུགས་སྐབས། མ་ཡུམ་འགོག་མོ་དགོངས་པ་གློ་བུར་དུ་གསན་ཏེ་མྱུར་དུ་ཕྱིར་གླིང་ཡུལ་ལ་ཕེབས་ཤིང་། མཚོ་ཆུ་འདིའི་ཁ་ནས་ཆིབས་ལ་ཆུ་བླུད་སྐབས་རྟ་མཆོག་རྐྱང་རྒོད་ཀྱི་སྲབ་ཀྱི་ཁ་རུའི་བར་དུ་རྒྱ་གར་རྩྭ་མཆོག་དྲུང་གི་གནས་རྩྭ་མང་པོ་འབྱར་ཡོད་པ་ཆུ་ནང་དུ་ལྷུང་བ་ལས་རྩྭ་ཡ་མཚན་ཅན་འདི་ཡིན་ཞིང་། རྗེས་སུ་རྩྭ་དེ་མང་པོ་སྐྱེ་འཕེལ་བྱུང་བ་རེད་ཅེས་བཤད་སྲོལ་གཉིས་ཡོད། གང་ལྟར་དྭངས་གསལ་ལྡན་པའི་རྫིང་བུ་དེའི་ནང་གི་རྩྭ་དེ་དག་བོད་ཡུལ་གྱི་ཁོར་ཡུག་གང་ནས་ཀྱང་མཐོང་དཀོན་པའི་རྩྭ་ཧ་ཅང་གི་རིང་བོ་ཁྱད་དུ་འཕགས་པ་ཞིག་ཡོད་པ་ནི་དངོས་ཐོག་ཡིན་ཟེར་བ་དང་། ཡང་རྟ་རྐྱང་རྒོད་ལ་ཆུ་བླུད་ས་ནི་དེ་མ་ཡིན་པར་ཉེ་གམ་གྱི་ཆུ་གཞན་ཞིག་ཡིན་ཟེར་སྲོལ་ཡང་ཡོད་པར་བཤད།
༧ འབྲུག་མོའི་ཇ་རྡོ་འམ་ཇ་གཏུན། ཆེ་ཆུང་ལ་ཕྱོགས་རེར་རྨིད་གང་ལྷག་ཅན་གྱི་རྡོ་ཆས་གྲུ་བཞི་དེ་ཉིད་འབྲུག་མོའི་ཇ་རྡུང་ས་ཡིན་པར་གྲགས་ཤིང་། ཡུལ་དེའི་ཕ་མེས་ཡང་མེས་ཀྱི་རིང་ལ་དབུས་ལྷ་སའི་ཇོ་བོ་མཇལ་དུ་འགྲོ་མཁན་ཚོས་ཆེད་དུ། བྲོ་ཇ་འབྲུག་མོའི་ཇ་གཏུན་དུ་བརྡུངས་ནས་ཁྱེར་ན། ཇ་ལ་འཛད་རྒྱུ་མེད་ཅེས་དབུས་མཇལ་བ་ཚང་མས་འབྲུག་མོའི་ཇ་གཏུན་ནས་ཇ་བརྡུངས་ཏེ་ཁྱེར་སྲོལ་ཡོད་པར་མ་ཟད། མེས་པོ་དབུས་མཇལ་བ་ཚོའི་ཉམས་མྱོང་གི་ཁྲོད་དུ་འབྲུག་མོའི་ཇ་གཏུན་དུ་བརྡུངས་པའི་ཇ་ནི། མང་ཉུང་ལ་མ་ལྟོས་པར་དབུས་ལ་མཇལ་ནས་ཕྱིར་ཕ་ཡུལ་ལ་ཐོན་རག་བར་འདང་ཚུལ་ངོ་མཚར་བཅས་བཤད་སྲོལ་ཡོད། ཇ་རྡུང་དེ་སྔར་འདབས་ཀྱི་གྲོང་ནང་ཞིག་ན་ཡོད་མོད།
རྗེས་མར་ཁོར་ཡུག་འཛུག་སྐྲུན་གྱི་དབང་གིས་འབྲུག་མོའི་ཇ་རྡུང་གི་རྡོ་འཇིག་ལ་ཉེ་ཚེ། ར་མགོ་འམ་རབ་སྒང་དགོན་པའི་གྲྭ་བ་ཚོས་བདག་དམ་བྱས་ནས་ད་ལྟ་དགོན་པའི་འདུ་ཁང་གི་ཉེ་གམ་དུ་བཞུགས་སུ་གསོལ་ཡོད་ཟེར།
༨ ལྷ་སྲས་དགྲ་བླའི་བསང་ཁྲི།
རང་བྱུང་གི་ཕ་བོང་གྲུ་བཞིའི་བསང་ཁྲི་ཡིད་དུ་འོང་བ་ཞིག་མཇལ་རྒྱུ་འདུག་པ་ནི། གླིང་གི་ཁྲི་དཔོན་དགྲ་བླ་རྩེ་རྒྱལ་གྱི་གཙོས་དཔའ་བརྟུལ་ཚོས་ལྷ་བསང་གཏོང་ས་ཡིན་པའི་ངག་རྒྱུན་ཡོད་འདུག །
༩ ཡིད་དུ་འོང་བའི་དེལ་ཆུང་ནོར་བུ་འདྲ་བ་དེ་ནི། གླིང་གི་ཕ་འབུམ་པོ་ཏི་བཅུ་གཉིས་གཏེར་དུ་སྦས་གནས་ཡིན་ཞེས་པའི་ངག་རྒྱུན་ཡོད་པར་བཤད།
༡༠ མ་ཡུམ་འགོག་བཟའི་དུར་ས།
ངོ་སྤྲོད་གནང་མཁན་གྱི་རྒན་པོས་བཤད་པ་ལྟར་ན། ཁོ་རང་ཆུང་ཆུང་ཡིན་དུས་ཁོའི་རྨོ་མོ་ལོ་རྒས་ཕལ་ཆེར་ལོ་བརྒྱད་ཅུ་ལ་ཉེ་བ་ཞིག་ཡོད་པ་དེས་ཁོ་ལ་བཤད་པ། ད་ལྟ་ར་མགོ་དགོན་པའི་རྒྱབ་རིའི་དངོས་སུ་ཡར་བལྟས་ན་རྡོ་དཀར་པོ་ཞིག་མཐོང་རྒྱུ་ཡོད། རྡོ་དེའི་འོག་ནི་མ་འགོག་མོའི་དུར་ས་ཡིན་ལ། མ་ཡུམ་འདས་ཚེ་གླིང་རྗེ་གེ་སར་སྐྱེས་བུ་མ་ཡུམ་གྱི་དུར་ས་འཚོལ་ཆེད། ཤར་བཞག་བྲའི་ཉེ་གམ་དུ་ཕེབས་ཤིང་རྡོ་དཀར་ཞིག་འུར་མཐིལ་དུ་བཞག་ནས་འཕངས་ཏེ། རྡོ་དེ་གར་ལྷུང་གི་སར་མ་འགོག་མོའི་སྐུ་གདུང་འཇོག་གནས་ཡིན་ཞེས་བརྟག་པ་དང་བཅས་འཕང་ཚེ། རྡོ་དཀར་དེ་ད་ལྟའི་དགོན་པའི་རྒྱབ་རིའི་ངོར་ལྷུང་བས་མ་ཡུམ་གྱི་སྐུ་གདུང་དེར་བཞག་ན་ཡག་པར་ཐག་བཅད་པ་རེད་ཟེར་བའི་ངག་རྒྱུན་ཡོད། འོན་ཀྱང་ད་སྐབས་ས་ཕྱོགས་དར་ཅོག་མང་པོས་ཁེབ་པས་རྡོ་དཀར་པོ་དེ་དངོས་སུ་མཐོང་མི་ཐུབ་མོད། ཕལ་ཆེར་དར་ཅོག་གི་དཀྱིལ་ཙམ་ན་རྡོ་དཀར་དེ་ད་དུང་ཡོད་ངེས་ཅན་ནོ་ཟེར།
ཡང་མ་འགོག་བཟའི་དུར་ས་དང་མི་རིང་བའི་སར་རྡོ་རིང་གསར་བ་ཞིག་ཡོད་པ་འདིའི་ཉེ་གམ་དུ་ཡུལ་སྡེའི་བྱིས་པའི་བེམ་པོ་འཕེན་སའི་ཆུ་འཁྱིལ་ཞིག་ཡོད། དེ་ནི་ས་དཔྱད་ཧ་ཅང་ཡག་ཅིང་རྟིང་ཡང་མེད་པ་ཞིག་ཡིན་ཟེར་སྲོལ་ཡོད་པ་དང་། ཆུ་དེ་ཡོད་པའི་ས་ཕྱོགས་རྫོགས་སྤྲུལ་ལྔ་བ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་སོགས་སྐྱེས་ཆེན་དུ་མས་ཆེད་དུ་བྱིན་གྱིས་རླབས་ཡོད་པ་དང་། ཡང་ལ་ལས་བཤད་ན་སྔོན་ཆད་ཚོང་བ་ཞིག་གི་ལག་རྡོ་འམ་གཡོག་པོ་ཞིག་དྲེལ་ཞིག་དང་མཉམ་དུ་ཆུ་དེའི་ནང་ལྷུང་སྟེ་ཤི་སོང་བས། རོ་ཕུང་ཤར་བཞག་བྲའི་གནས་ནང་ནས་བུད་པ་དང་། དེ་ནས་བཟུང་ཚོང་བ་དེ་ཚང་གི་མི་རྒྱུ་སྙན་གྲགས་དང་བཅས་པ་དར་རྒྱས་ལ་རྒྱ་ཆེན་པོ་སོང་བ་གཡོག་པོ་ཤི་སའི་ས་དེར་འབྲེལ་བ་ཡོད་པ་དང་། རིམ་བཞིན་ཆུ་དེར་དུར་བྱས་ན་བྱེད་མཁན་གྱི་རྗེས་རབས་པར་ཡར་འགྲོ་ཆེན་པོ་ཡོད་ཅེས་བཤད་ཟེར་ཡང་། ཕྲན་གྱིས་བསམ་ན་དེ་མ་ཡུམ་འགོག་བཟའི་དུར་ཁྲོད་ཀྱི་ཉེ་ཕྱོགས་ཡིན་པས་དུར་ས་དེ་ཡང་བྱིན་ལྡན་ཞིག་ཏུ་ཆགས་པ་ཨེ་ཡིན་ནམ་སྙམས་མོ། །
ད་དུང་གནས་འདི་དང་མི་རིང་བའི་ས་ན་གླིང་སྟག་རོང་དཔོན་པོ་ཁྲོ་ཐུང་གི་སྦྲ་མལ་སོགས་གླིང་གི་རྗེས་ཤུལ་གཞན་ཡང་ཡོད་པར་བཤད་ཀྱང་གནས་སྐབས་དེ་ཙམ་གྱིས་འཐུས་པར་བྱས་པའོ། །
ཞེས་མི་ཉག་རབ་སྒང་དུ་བཞུགས་པའི་གླིང་གི་རྗེས་ཤུལ་ངག་རྒྱུན་ཅན་འགའི་ཡུལ་དངོས་ལ་གྲོགས་འོད་གསལ་ཉི་མ་ཕེབས་ཏེ་སྨྲས་རིམ་བཞིན་གླིང་དགའ་བ་སྨིན་དབུས་ཨ་དཀར་པོས་ས་བོན་ཙམ་ཟིན་ཐོར་བཏབ་པ་དགེ།
གླིང་གེ་སར་རིག་གནས་དྲ་བ་ལས་བཤུས།