༄༅།། ཚངས་དབྱངས་རྒྱ་མཚོའི་མགུར་གླུ་རྒྱ་ཡིག་ཏུ་བསྒྱུར་པའི་མྱོང་ཚོར་ཐན་ཐུན།
ཁྲི་གོང་ཨོ་རྒྱན་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 12-31
རིག་འཛིན་ཚངས་དབྱངས་རྒྱ་མཚོ་ཞེས་ན་ཚང་མས་ཤེས་གསལ་ལྟར་རེད། ཕྲན་གྱིས་༢༠༡༥ལོའི་ཟླ་༦པ་ནས་ལས་ཞོར་གྱི་བར་དུ། ༡༩༨༠ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས་པའི་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཞེས་པའི་མགུར་གླུ་བདུན་ཅུ་དོན་བཞིའི་བདག་ཉིད་ཅན་གྱི་དཔེ་ཆ་དེ་རྒྱ་ཡིག་ལ་བསྒྱུར་པར། སྤྱི་ཚོགས་སྟེང་གྲགས་འགུལ་ཏོག་ཙམ་བྱུང་ལ། ཁྱད་པར་དུ་བོད་ཀྱི་རྩོམ་རིག་ཁྱབ་ཁོངས་སུ་འགུལ་ཡོམ་ཏོག་ཙམ་བྱུང་བ་དང་། དགའ་མགུ་ཡི་རངས་བྱེད་མཁན་ཡང་མང་པོ་བྱུང་བར་མ་ཟད། རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཡང་བསྐྱར་འཛམ་གླིང་རྩོམ་རིག་གར་སྟེགས་སྟེང་ངོ་སྤྲོད་བྱས་པར་བཀའ་དྲིན་ཞུ་མཁན་ཡང་མང་པོ་བྱུང་། གུས་པས་དཔེ་ཆ་དེའི་མཇུག་བྱང་དུ་བྲིས་པ་ནང་བཞིན། དང་ཐོག་བཀྲ་ཤིས་ལྷ་མོ་ཏོ་ཏོ་ཟེར་བ་ཞིག་གིས་བྲིས་པའི་མཐོང་དང་མ་མཐོང་ཞེས་པའི་སྙན་རྩོམ་དེ་ལ་ཀུང་སི་ག་གེ་མོས་རྩོམ་པ་པོའི་མིང་ལ་ཚངས་དབྱངས་རྒྱ་མཚོ་ཞེས་བྲིས་པར། བཀྲ་ཤིས་ལྷ་མོ་ཏོ་ཏོས་ཀུང་སི་དེ་པེ་ཅིན་ཧེད་ཏན་ཁུལ་མི་དམངས་ཁྲིམས་ཁང་ལ་གཏུགས་ནས། བཀྲ་ཤིས་ལྷ་མོ་ཏོ་ཏོ་ཁྲིམས་ལས་རྒྱལ་བའི་གསར་འགྱུར་དེ་མཐོང་རྗེས། སེམས་ལ་དྲ་ཐོག་ཏུ་ཚངས་དབྱངས་རྒྱ་མཚོའི་སྙན་ངག་རྫུས་མ་མང་པོ་ཞིག་འགྲོ་བཞིན་པའང་བཀྲ་ཤིས་ལྷ་མོ་ཏོ་ཏོས་བྲིས་པའི་སྙན་ངག་ནང་བཞིན། སྙན་ངག་གི་བརྗོད་བྱ་བོད་ཀྱི་རིག་གནས་དང་ཡུལ་སྲོལ། ཁྱད་པར་དུ་ཕོ་མོའི་བརྩེ་དུང་དང་དེ་ཙམ་འབྲེལ་བ་ཡོད་པའི་སྙན་ངག་ཡག་པོ་ཞིག་ཡིན་ཚེ། དེ་མ་ཉིད་དུ་ཚངས་མགུར་ལ་བརྫུས་ཏེ་ཚངས་དབྱངས་རྒྱ་མཚོའི་སྙན་ངག་ཅེས་གང་ས་གང་ལ་ཁྱབ་བསྒྲགས་བྱེད་བཞིན་ཡོད་པ་དང་། རྫུ་མཁན་རྩོམ་པ་པོ་རང་ཉིད་དང་། གཞན་སུ་ཡིན་རྩད་གཅོད་དཀའ་ཡང་། དེ་ཚོ་ཚང་མ་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་དང་འབྲེལ་བ་སྤུ་ཙམ་མེད་པའི་བརྩམས་ཆོས་ལྡོམ་པོ་རྐྱང་རྐྱང་ཡིན་པ་ཤེས་ནས། རིག་འཛིན་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ལ་རྩ་བའི་ཆ་ནས་ཡོ་བསྲང་དང་ཡོང་ཁུངས་དག་གཙང་བྱེད་པར། ཁོ་བོས་བརྩོན་པ་རེ་བྱ་ཐུབ་ན་ཅི་མ་རུང་སྙམ་ཏེ་བསྒྱུར་འགོ་བརྩམས་ཤིང་། བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་སྤྱི་དམངས་སྐད་འཕྲིན་སྟེགས་བུ་སེམས་ཀྱི་ཞིང་ཁམས་(阳光西藏)སྟེང་སྤེལ་བར། བསམ་ཡུལ་ལས་འདས་པ་ཞིག་ལ་ལྟ་མཁན་མང་པོ་བྱུང་བ་དང་། གྲོགས་པོ་གང་མང་ཞིག་གི་སྐུལ་ལྕག་འོག་དུས་ཡུན་ལོ་གཅིག་ཙམ་གྱི་རིང་ལ་ལེགས་འགྲུབ་བྱུང་ཞིང་། དེ་ནས་མི་འགྱང་བར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས་པ་རེད།
ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་རྒྱ་འགྱུར་ལ་ད་བར་འགྱུར་བརྒྱད་ཙམ་འདུག དེ་ལའང་བརྗོད་བྱ་དང་རྗོད་བྱེད་ཀྱི་ཆ་ན་སྐྱོན་ཡོད་པར་མཐོང་སྟེ། ལ་ལས་དག་ཐེར་གྱི་ཚུལ་གྱིས་ཡང་བསྐྱར་བསྒྱུར་འདུག་ལ། བརྗོད་བྱའི་ཆ་ནས་ད་དུང་ཕོ་མོའི་བརྩེ་དུང་ལས་བརྒལ་ཐུབ་མེད་པ་དེའང་གཙོ་བོ་ཐད་བསྒྱུར་ལ་ཕྱོགས་པས་རེད་བསམས་མོད། བོད་རང་ཉིད་ཀྱིས་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ལ་སྐབས་དེའི་ཆོས་སྲིད་དང་། ཐ་ན་གསང་སྔགས་ཀྱི་ལྟ་སྒོམ་ལ་སྦྱོར་བའི་འགྲེལ་སྟངས་ཤིག་ཀྱང་ཡོད་པར་བཞེད་དེ། གང་ལྟར་ད་བར་འཛམ་གླིང་ཐོག་རྒྱུག་ཆེ་བ་ནི་ཕོ་མོའི་བརྩེ་དུང་མཚོན་པའི་རྒྱ་འགྱུར་དང་དབྱིན་འགྱུར་གྱི་ཚངས་མགུར་དེ་དག་རེད།
ཁོ་བོས་གོང་དུ་བཤད་པའི་རྒྱུ་རྐྱེན་དེ་དག་དང་རྒྱ་ཆེའི་ཀློག་པ་པོ། ཁྱད་པར་དུ་ད་ལྟའི་ཀློག་པ་པོའི་བསམ་བློའི་འཁྱེར་སོ་དང་གོམས་གཤིས་ལ་དམིགས་ཏེ། དངོས་པོའི་དཔལ་ཡོན་ཆེ་ཆེར་དར་ཞིང་མི་རྣམས་རྒྱུ་ནོར་གྱི་བྲན་གཡོག་དུ་ཚུད་ལ་ཉེ་བ་དང་། ཤེས་རིག་ཐམས་ཅད་བརྗེད་བྱང་གི་ཚུལ་གྱིས་དྲན་གསོ་བྱེད་པའི་དུས་རབས་འདི་དང་བསྟུན་ཏེ། རིག་འཛིན་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ལ་ཡང་བསྐྱར་སོ་སོའི་གོ་བ་ལེན་སྟངས་སམ། སྤྲོས་འགྱུར་ཚུལ་གྱིས་ད་ལྟའི་ཀློག་པ་པོའི་བསམ་བློའི་འཁྱེར་སོ་དང་དཔེ་ཀློག་གི་གོམས་གཤིས་ལ་དམིགས་ཏེ་བསྒྱུར་ཁུལ་བྱས་ཤིང་། རྩོམ་ལུས་ཀྱི་ཐད་ནས་ཀྱང་ད་ལྟ་མི་རྣམས་ཀྱིས་དགའ་བསུ་བྱེད་པའི་རང་མོས་སྙན་ངག་གི་ལུས་དང་རྒྱན་གྱིས་རྣམ་པར་སྤྲོས་པ་དེའང་། གཅིག་ནས་རིག་འཛིན་ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་བརྗོད་དོན་དང་ཉམས་འགྱུར་ཡང་ནས་མཚོན་པ་ལ་རྩོམ་ལུས་ཀྱི་རྣམ་པ་དང་། ཚིག་གི་གཅོད་མཚམས། ཡིད་ཀྱི་འགྱུར་བ། ངག་གི་འགྲོས་སམ་གདངས་སོགས་ཐབས་ལམ་སྣ་ཚོགས་གྱི་སྒོ་ནས་སྤྲོས་ཤིང་། ཚང་མས་སོ་སོའི་འཚོ་བ་དང་སྤྱི་ཚོགས་ཀྱི་ཁོར་ཡུག་ལ་སྦྱར་ཏེ་གོ་བ་དཔྱིས་ཕྱིན་པ་ཞིག་ལེན་པའམ། ཡང་ན་རྒྱ་ཆེའི་ཀློག་པ་པོའི་བློ་ཁ་དང་བསྟུན་ཅི་ཐུབ་ཀྱིས་ཡང་བསྐྱར་ཚངས་དབྱངས་རྒྱ་མཚོར་རྒྱང་མཇལ་ཐེངས་ཤིག་བྱས་པ་ཡིན། དེའང་རྒྱབ་རྟེན་སོགས་ཅི་ཡང་མེད་པར་རང་དགར་སོ་སོ་རང་མོས་སྙན་ངག་ལ་མོས་བ་ཙམ་གྱིས་མ་ཡིན་ལ། ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་ཁྲོད་དུ་དཔེར་ན། ༤༧པ། མི་རྟག་འཆི་བ་སྙིང་ནས་མ་དྲན་ན། སྤྱང་གྲུང་འཛོམས་ཀྱང་། དོན་ལ་ལྐུགས་པ་འདྲ་བྱུང་། ཞེས་པ་ལྟ་བུ་ཡི་གེའི་མང་ཉུང་དང་ཚིག་གི་གཅོད་མཚམས་ཀྱིས་མ་ཡིན་པར། ལུས་དང་བརྗོད་དོན་གང་གི་ཆ་ནས་ཀྱང་རང་མོས་སྙན་ངག་ལ་ཚང་དགོས་པའི་དོན་ལྔ་སྣོད་དྲུག་འཛོམས་པ་དང་། ཡང་དཔེར་ན། ༥༦པ། དབུ་ཞྭ་དབུ་ལ་བཞེས་སོང་། །དབུ་ལྕང་རྒྱབ་ལ་དབྱུགས་སོང་། །ག་ལེ་ཕེབས་དང་བྱས་པས། །ག་ལེ་བཞུགས་ཤིག་གསུངས་བྱུང་། །ཐུགས་སེམས་སྐྱོ་ཡོང་བྱས་པས། །མགྱོགས་པོར་འཕྲད་ཡོང་གསུངས་བྱུང་། །ཞེས་པ་ལྟ་བུ་ལུས་ཀྱི་ཆ་ནས་རང་མོས་སྙན་ངག་དང་འབྲེལ་བ་ཡོད་པ་མི་མཐོང་ཡང་། ཕར་ཀློག་པ་ཙམ་གྱིས་ཁྱེད་ལ་ལྷོད་ཤིག་ཤིག་གི་སྣང་བ་མཚར་པོ་ཞིག་སྟེར་བར་མ་ཟད། མི་སྣའི་སྤྱོད་པ་དང་རྣམ་འགྱུར། ཐ་ན་ངོ་མདངས་དང་ཡིད་ཀྱི་འགྱུར་བ་སོགས་ལྷང་ངེར་ཤར་ཡོང་བ་དང་། མུ་མཐའ་མེད་པའི་སྐྱོ་གདུང་ཞིག་གི་མཐའ་ནས་གློ་སྙིང་ཆད་པའི་གོམ་སྒྲ་ཞིག་ཀྱང་གྲགས་འགུལ་ཅི་ཡང་མེད་པར་ཐོས་འོང་བའི་ཚོར་བ་ཞིག་སྤྲོད་པ་དེ་ཡང་མགུར་གླུའི་ཁྱད་ཆོས་གཙོ་བོ་ཞིག་ཡིན་མོད། དེ་བས་ཀྱང་མི་སྣའི་ལུས་ཀྱི་རྣམ་འགྱུར་དང་ཡིད་ཀྱི་འགྱུར་བ་སོགས་མཚོན་པའི་ཚིག་དོན་གྱི་ཟུར་ན་འཕྱོ་བའི་སེམས་ཀྱི་དབྱངས་རྟ་དེས། ཁྱེད་ལ་རང་མོས་སྙན་ངག་ཅིག་ཀློག་པའི་ཚོར་བ་ངང་ངམ་ཤུགས་ཀྱིས་སྟེར་བ་དེ་བཞིན། ཁོ་བོ་ཡང་སོ་སོའི་སེམས་ཀྱི་དབྱངས་རྟ་ལ་འབྱར་ནས་ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་རྩོམ་ལུས་རང་མོས་སྙན་ངག་ལ་བསྒྱུར་ཏེ་ཚོད་ལྟ་ཐེངས་ཤིག་བྱས་པ་ལགས།
དེ་ཡང་ཚང་མས་ཤེས་གསལ་ལྟར། བརྩམས་ཆོས་གང་ཞིག་མི་རིགས་གཞན་གྱི་ཡི་གེ་དང་སྐད་རིགས་ལ་སྒྱུར་དུས། རབ་ཡིན་ན་མ་ཕྱིའི་ནང་དོན་ཇི་མ་ཇི་བཞིན་དུ་བསྒྱུར་བ་ལ་སྒྲ་སྒྱུར་དང་ཐད་སྒྱུར། དོན་སྒྱུར། འཕྲི་སྒྱུར། སྣོན་སྒྱུར། ཐད་ལོག་སྒྱུར་སོགས་སྒྱུར་ཐབས་སྣ་ཚོགས་སྤྱད་ནས། བསྒྱུར་བྱའི་དོན་དེ་མི་རིགས་རང་གི་སྐད་དང་སྡེབ་སྦྱོར། བརྡ་སྤྲོད་དང་ཀུན་ནས་མཐུན་པར་བསྒྱུར་དགོས་པར་མ་ཟད། ཚིག་གི་སྦྱོར་བ་ལའང་ཕལ་སྐད་དང་གྲོང་སྐད་ཀྱིས་མི་བསླད་པར། སྙན་ཆ་དོད་པའི་ངང་ཡིག་སྐད་ཁོ་ནས་བསྒྱུར་རྒྱུ་ཧ་ཅང་གལ་ཆེ་ཞིང་། མ་མཐའ་ཡང་བསྒྱུར་བྱའི་དོན་ལ་གོ་འཛོལ་མེད་པར་རང་གི་སྐད་དང་མཐུན་པར་བསྒྱུར་དགོས། རྗེ་བཙུན་ཤེས་རབ་རྒྱ་མཚོས། ཚིག་གི་གོ་བ་ནམ་མཁའི་མཐོངས་ལྟར་ཡངས། །དོན་གྱི་ཞིབ་ཆ་ཀུ་ཤུའི་རྩེ་ལྟར་ཕྲ། །ཞེས་གསུངས་པ་ལྟར། སྔོན་ན་བསྒྱུར་བྱའི་བརྩམས་ཆོས་ཀྱི་སྤྱི་ཁོག་ལ་གོ་བ་དཔྱིས་ཕྱིན་པ་ཞིག་ལོན་དགོས་ལ། བརྩམས་ཆོས་དེའི་བརྗོད་དོན་ཇི་བཞིན་དུ་མཚོན་པ་ལ་ཚིག་རེ་རེའི་སྡེབ་སྦྱོར་དང་། བརྡ་སྤྲོད་ཀྱི་གོ་རིམ་དང་ཐོབ་ཐང་མ་ནོར་བར་བསྒྱུར་དགོས་ཏེ། གལ་སྲིད་ལ་དོན་གྱི་ཕྲད་ཅིག་ནོར་ནའང་དོན་གྱི་ཞིབ་ཆ་ཕར་ཞོག ཚིག་དོན་གྱི་ཆ་ནས་གོ་ནོར་ཐེབས་ཤིང་། ཁྱད་གཞི་དང་ཁྱད་ཆོས་ལ་སོགས་མིང་གི་སྦྱོར་སྟངས་དང་། བདག་གཞན་དུས་གསུམ་གྱི་དབྱེ་བ་སོགས་མི་རིགས་རང་གི་སྐད་དང་མཐུན་པར་བསྒྱུར་རྒྱུ་ཧ་ཅང་གལ་ཆེ་སྟེ། དེ་ལས་ལྡོག་ཚེ། བསྒྱུར་བྱའི་བརྩམས་ཆོས་ཀྱི་ནང་དོན་ཕར་ཞོག ཚིག་དོན་རེ་རེའི་གོ་བའང་ཤིན་ཏུ་སྟོན་དཀའ་ཞིང་། སྒྱུར་བྱེད་ཀྱི་སྐད་ཆའང་ར་མ་ལུག་ཏུ་འགྱུར་བའི་ཉེན་ཁ་ཡོད། འོན་ཀྱང་། བསྒྱུར་བྱའི་བརྩམས་ཆོས་གང་ཞིག་ཡིན་ཡང་གཙོ་བོ་བརྩམས་ཆོས་དེའི་བརྗོད་དོན་ཇི་མ་ཇི་བཞིན་ཚིག་དོན་རེ་རེའི་སྒོ་ནས་ཀློག་པ་པོར་ངོ་སྤྲོད་བྱ་རྒྱུ་དེ་ཡིན་ལ། མཐར་གཏུགས་ན་ལོ་ཙཱའི་དམིགས་ཡུལ་ཡང་དེ་ཡིན་པར་བསམས་ཡོད། དེར་བརྟེན། བསྒྱུར་བྱའི་བརྩམས་ཆོས་རྩོམ་ལུས་སོགས་ཅི་འདྲ་ཞིག་ཡིན་རུང་། བརྗོད་དོན་ཇི་བཞིན་མཚོན་པ་ལ་སྒྱུར་ཐབས་སྣ་ཚོགས་སྤྱད་ཆོག་སྟེ། ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ལ་མཚོན་ནའང་། ད་བར་རྒྱ་ཡིག་གི་འགྱུར་འདྲ་མིན་གང་མང་ཞིག་ཡོད་ཀྱང་། ཕལ་ཆེར་ཐད་སྒྱུར་གཙོ་ཆེ་ཞིང་། དེས་བོད་ཡིག་གི་ཚིག་ངོས་ཀྱི་གོ་བ་ཙམ་མ་གཏོགས་ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་བརྗོད་དོན་དང་། ཁྱད་པར་དུ་ཚིག་དོན་གྱི་དངོས་ཤུགས་ཅི་རིགས་ནས་ཐོན་པའི་རྩོམ་པ་པོའི་སེམས་ཀྱི་འགྱུ་བ་དང་ཚོར་ཤེས། དེ་བཞིན་སྙན་ངག་གི་རང་གཤིས་དང་རྟོག་ཡུལ་ལ་སོགས་ལུས་དང་ཡན་ལག་རྣམས་ལས་གྱེས་པའི་གྲིབ་གཟུགས་ཏེ། སྙན་ངག་རང་སྟེང་ལས་འཕྲོས་པའི་བོད་རང་ཉིད་ཀྱི་སེམས་ཁམས་དང་འདུ་ཤེས་སོགས་མཚོན་ཐུབ་མེད་པས། ཁོ་བོས་ཚངས་དབྱངས་རྒྱ་མཚོའི་མགུར་གླུས་སོ་སོར་སྦྱིན་པའི་ཚོར་བ་དེ་དག་རྒྱ་ཡིག་གི་ལམ་ནས་རང་ནུས་ཅི་ལྕོགས་ཀྱིས་མཚོན་པར། གཅིག་ནས་རྩོམ་ལུས་ཀྱི་ཐད་ནས་བསྒྱུར་བཅོས་བཏང་བ་དེ་ཡང་ཕྱི་ལུས་དང་ནང་སེམས་ཀྱི་ཉམས་འགྱུར་ལྷུག་པོར་མཚོན་པའི་ཆེད་དུ་ཡིན་ལ། གཉིས་ནས་ཚིག་དོན་གྱི་ཐད་ནས་ཐད་སྒྱུར་དང་དོན་སྒྱུར་གཅིག་པུ་མ་ཡིན་པར། གཙོ་བོ་དོན་སྒྱུར་དང་སྣོན་སྒྱུར། གཞན་ད་དུང་ཐད་ལོག་སྒྱུར་སོགས་ཐབས་ལམ་སྣ་ཚོགས་སྤྱད་དེ། རྒྱ་ཆེའི་ཀློག་པ་པོའི་སྤྱན་ལམ་དུ་བཀྲམས་པ་དེའང་། མཐར་གཏུགས་ན་ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་བརྗོད་དོན་ཅི་ནུས་ཀྱིས་མཚོན་པའི་ཆེད་དུ་ཡིན། དཔེར་ན། ༣པ། རང་སེམས་སོང་བའི་མི་དེ། །གཏན་གྱི་འདུན་མར་བྱུང་ན། །རྒྱ་མཚོའི་གཏིང་ནས་ནོར་བུ། །ལོན་པ་དེ་དང་འདྲ་བྱུང་།།ཞེས་པ་ལྟ་བུར་མཚོན་ན། 如果/我那朝思暮想的/心上人儿/作我终生伴侣/哪怕海枯石烂/我将大海底下/捞上的珍宝/永远/永远捧在心上 ཞེས་བསྒྱུར་ཡོད་ལ། དེ་ལས་རང་སེམས་སོང་བའི་མི་དེ་ཞེས་པ་དེར། རྒྱ་ཡིག་གི 如果/我那朝思暮想的/心上人儿 ཞེས་བརྟག་པ་མཐའ་བཟུང་གི་སྒོ་ནས་ཚིག་གཅིག་རྒྱ་ཡིག་ཚིག་རྐང་གསུམ་གྱིས་ཚིག་དོན་གྱི་འགྲོས་དང་བསྟུན་ནས་དོན་སྒྱུར་བྱས་ཤིང་། གཏན་གྱི་འདུན་མར་བྱུང་ན་ཞེས་པར། 作我终生伴侣 ཞེས་ཐད་སྒྱུར་དང་། རྒྱ་མཚོའི་གཏིང་ནས་ནོར་བུ་ལེན་པ་ལ་རྒྱུ་རྐྱེན་ཟབ་མོ་ཞིག་གིས་དྲངས་པར། 哪怕海枯石烂 ཞེས་ཚིག་གཅིག་སྣོན་སྒྱུར་བྱས་ཏེ། བསྟུད་མར་རྒྱ་མཚོའི་གཏིང་ནས་ནོར་བུ་ཞེས་པ་དེར། 我将大海底下ཞེས་ཐད་སྒྱུར་དང་། ལོན་པ་དེ་དང་འདྲ་བྱུང་ཞེས་པར། 捞上的珍宝 ཞེས་ཐད་སྒྱུར་བྱས་ཏེ། འདྲ་བྱུང་ཞེས་པར། 永远/永远捧在心上 ཞེས་དོན་སྒྱུར་དང་སྣོན་སྒྱུར་མཉམ་བསྲེས་ཀྱིས་དཔེ་དང་དཔེ་ཅན་འདྲ་བ་རྒྱུ་མཚན་དང་བརྩེ་བའི་མུ་མཐའ་སྐྱོང་བ་མངོན་པར་བྱས་པ་ལྟ་བུ་དང་། ཡང་དཔེར་ན། ༥པ། མི་ཆེན་དཔོན་པོའི་སྲས་མོ། །ཁ་འབྲས་མཚར་ལུགས་བལྟས་ན། །ཁམ་སྡོང་མཐོན་པོའི་རྩེ་ནས། །འབྲས་བུ་སྨིན་པ་འདྲ་བྱུང་། །ཞེས་པ་ལྟ་བུར་མཚོན་ན། 看/看那/达官贵人的千金/靓丽风姿的劲儿/宛如高大的桃树尖上/熟透的醇厚果儿/风情万种 ཞེས་ཤོ་ལོ་ཀ་དེ་ལུས་ཀྱི་ཆ་ནས་བརྗོད་དོན་དངོས་སུ་མིག་ལམ་དུ་ཤར་རྒྱུ་ཡོད་པ་ལྟ་བུ་ཞིག་ཏུ་བསྒྱུར་པ་ལ། མགོ་སྔ་གཉིས་སུ་སྣོན་སྒྱུར་ཚུལ་གྱིས་ཚིག་རྐང་གཉིས་བསྣན་ཏེ། གཏིང་སྣོན་གྱི་སྒོ་ནས་ཚིག་དོན་མིག་མཐོང་ལག་ཟིན་ཏུ་གསལ་བར་བཏང་ཡོད་ཅིང་། སྙན་ངག་རང་ངོས་ཀྱི་འགྱུར་ཁུགས་ཀྱང་ཚིག་གི་གཅོད་མཚམས་ཀྱི་འགྲོས་དང་བསྟུན་ནས་གསལ་བོར་བཏང་ཡོད་པར་མ་ཟད། དེ་དང་མཉམ་དུ་སྙན་ངག་གི་བརྗོད་དོན་ཡང་ཚིག་གི་སྡེབ་སྦྱོར་གྱི་ལྕི་ཡང་བར་ནས་མངོན་སུམ་དུ་ཤར་རྒྱུ་ཡོད་པ་ལྟ་བུ་ཞིག་ཏུ་བསྒྱུར་ཅི་ཐུབ་བྱས་ཡོད་ལ། མ་ཕྱི་རང་ངོས་ནས་ཀྱང་བལྟས་པ་ཙམ་གྱིས་བརྗོད་དོན་གསལ་ལེར་མཐོང་ཡོང་བས། མགོ་སྔ་ཚིག་རྐང་གཉིས་བསྣན་པ་མ་གཏོགས་ཤོ་ལོ་ཀ་དེ་ཐད་ཀར 达官贵人的千金/靓丽风姿的劲儿/宛如高大的桃树尖上/熟透的醇厚果儿 ཞེས་བསྒྱུར་ཡོད་པ་ལྟ་བུའོ། ། ཡང་དཔེར་ན། ༡༠པ། གྲུ་ཤན་སེམས་པ་མེད་ཀྱང་། །རྟ་མགོས་ཕྱི་མིག་བལྟས་བྱུང་། །ཁྲེལ་གཞུང་མེད་པའི་བྱམས་པས། །ང་ལ་ཕྱི་མིག་མི་བལྟ། །ཞེས་པ་ལྟ་བུར་མཚོན་ན། 渡船的人儿/平波缓进/虽没有什么心肠/那渐渐离去的马头/犹如分别的恋人/向岸边频频回首/可我负心的姑娘/却不回头看我一眼 ཞེས་ཤོ་ལོ་ཀ་དེའི་ཚིག་དོན་གསལ་བོར་མཚོན་པ་ལ། རྒྱ་ཡིག་ཚིག་རྐང་བདུན་ལ་བཀྲལ་ནས་གྱེས་ཁའི་རྣམ་པ་དང་སེམས་ཁམས་སོགས་ཕྱི་རྩོམ་ལུས་དང་ནང་འགྲོས་འགྱུར་གྱིས་མཚོན་ཅི་ཐུབ་བྱས་ཡོད་ལ། ནང་སེམས་ཀྱི་འགྱུར་བ་དེའང་གྲུ་དེ་གཙང་འགྲམ་ནས་ཁ་བྲལ་ནས་ཕར་བསྐྱོད་པ་དང་། གྲུའི་མདུན་གྱི་རྟ་མགོ་ཁ་ཕྱིར་བསྐོར་ནས་བཟོས་ཡོད་པ་དེ་དགའ་གྲོགས་ཤིག་དང་ཁ་གྱེས་པའི་ཚུལ་ལ་སྦྱར་ནས། གྲུ་ཕར་ཕྱིན་པ་དང་རྟ་མགོས་གཙང་འགྲམ་གྱི་སྐྱེལ་མ་བྱེད་མཁན་དེ་ལ་ཡང་ནས་ཡང་དུ་ཕྱི་མིག་ལྟ་བའི་ཚུལ་གསོན་ཉམས་དོད་པར་བསྒྱུར་པའང་། གཙོ་བོ་གྲུ་དེའི་སྟེང་དུ་སྐྱེལ་མ་བྱེད་མཁན་དེའི་སྙིང་གི་དམར་ས་དང་སེམས་ཀྱི་དུང་ས་དེ་ཡོད་པས་ཡིན་ལ། ཕྱི་མིག་མེད་པའི་བྱམས་པ་དེའི་གྱེས་ཁའི་སེམས་ཁམས་དང་། གཙང་འགྲམ་གྱི་སྐྱེལ་མ་བྱེད་མཁན་དེའི་འཁྲེང་བ་དང་ཉམས་འགྱུར་དཔེ་དང་བཅས་པས་ཕན་ཚུན་བསྡུར་ནས་དོན་སྒྱུར་བྱས་ཡོད་པ་ལྟ་བུའོ། ། ཡང་དཔེར་ན། ༢༣པ། ཧ་ཅང་སེམས་ལ་སོང་ནས། །འགྲོགས་འདྲིས་ཨེ་ཡོང་དྲིས་པས། །འཆི་བྲལ་བྱེད་ན་མིན་པ། །གསོན་བྲལ་མི་བྱེད་གསུངས་བྱུང་། །ཞེས་པ་ལྟ་བུར་མཚོན་ན། 因为落花入心/清逸芬芳/无论是白天/还是黑夜/无论在布宫/还是在拉萨/六神无主/坐立不安/于是/向那朝思暮想/倾心爱慕的人儿/问了一句/是否愿作我的伴侣/慨然允诺/除非地老天荒/海枯石烂/此志不渝 ཞེས་རྒྱ་ཡིག་གི་ཚིག་རྐང་བཅུ་གསུམ་གྱིས་སྔོན་ན་ཤོ་ལོ་ཀ་དེའི་བརྗོད་དོན་ཡོངས་སུ་མཚོན་པ་ལ། 因为落花入心/清逸芬芳/无论是白天/还是黑夜/无论在布宫/还是在拉萨/六神无主/坐立不安 ཞེས་རྒྱ་ཡིག་གི་ཚིག་རྐང་བཞིས་བརྗོད་དོན་གང་ཞིག་མངོན་པར་བྱེད་པ་ལ། སྣོན་སྒྱུར་ཚུལ་གྱིས་སྔོན་འགྲོའི་རྨང་གཞི་ཡག་པོ་ཞིག་བཏིངས་རྗེས། ཤོ་ལོ་ཀ་དེའི་ནང་དོན་རྒྱ་ཡིག་གི་ཚིག་རྐང་དགུས་དོན་སྒྱུར་ཚུལ་གྱིས་འཆི་བྲལ་བྱས་ན་མ་གཏོགས། གསོན་བྲལ་བྱ་ཐབས་མེད་པའི་རྒྱ་མཚོ་ལས་ཀྱང་ཟབ་པའི་བརྩེ་བ་དེ་མཚོན་པར་བྱས་ཡོད་པ་ལྟ་བུའོ། ། ཡང་དཔེར་ན། ༢༧པ། འཛུམ་དང་སོ་དཀར་སྟོན་ཕྱོགས། །གཞོན་པའི་བསླུ་བྲིད་ཡིན་འདུག །སྙིང་ན་ཤ་ཚ་ཡོད་མེད། །དབུ་མནའ་བཞེས་རོགས་གནང་དང་། །ཞེས་པ་ལྟ་བུར་མཚོན་ན། 无论是草原/还是田间/你那春风般的微笑/触摸阳光/轻抚空气/无论在聚会/还是在独处/你那阳光般的微笑/颠覆江山/倾倒少年/在这天地之间/如果你真的爱我/请你在我的眼前/歃血为盟吧 ཞེས་ཤོ་ལོ་ཀ་དེའི་ཚིག་དོན་རྒྱ་ཡིག་གི་ཚིག་རྐང་བཅུ་བཞི་བཀོལ་ནས་མཚོན་པར་བྱས་ཡོད་མོད། དེ་ལས་གཞོན་པའི་བསླུ་བྲིད་ཡིན་འདུག་ཅེས་པའི་ཚིག་དེ་ཕར་བལྟས་པ་ཙམ་གྱིས་འཕྲི་སྒྱུར་གྱིས་རྣམ་པས་མེད་པར་བཟོས་ཡོད་པ་ལྟར་མཐོང་ཡང་། དོན་གྱིས་དེ་ལྟར་མ་ཡིན་པར། 触摸阳光/轻抚空气 ཞེས་དང་། དེའི་འོག་ཏུ་ཡང་། 颠覆江山/倾倒少年ཞེས་ཚིག་དོན་ཐད་ཀར་མ་བསྒྱུར་པར་དོན་གྱིས་སྒོ་ནས་དེ་འདྲའི་བཟོད་དཀའ་བའི་བསླུ་བྲིད་མངོན་པར་བྱས་ཡོད་ལ། དེ་བཞིན་དུ་འཛུམ་དང་སོ་དཀར་སྟོན་ཕྱོགས་ཞེས་པའི་ཚིག་དེ་ཡང་དཔེའི་སྒོ་ནས་དོན་སྒྱུར་ཚུལ་གྱིས 你那春风般的微笑 ཞེས་དང་། 你那阳光般的微笑ཞེས་རྒྱ་ཡིག་གི་ཀློག་པ་པོའི་བསམ་བློ་དང་ལྟ་ཀློག་གི་གོམས་གཤིས་ལྟར་བསྒྱུར་ཡོད་ཅིང་། 无论是草原/还是田间 ཞེས་དང་། 无论在聚会/还是在独处 དེ་བཞིན། 在这天地之间 ཞེས་ཤོ་ལོ་ཀ་དེའི་བརྗོད་དོན་གང་ཞིག་མཚོན་པ་ལ། ཟོལ་སྦྱོར་ཚུལ་གྱིས་མཛེས་སྡུག་གི་ཟིལ་ཤུགས་སྔོན་དུ་སྣོན་སྒྱུར་ཚུལ་གྱིས་བཏང་ནས། དེ་མ་ཉིད་དུ་སྙིང་ན་ཤ་ཚ་ཡོད་མེད །དབུ་མནའ་བཞེས་རོགས་གནང་དང་། །ཞེས་པ་ཐད་སྒྱུར་གྱི་ཐབས་ལམ་སྤྱད་དེ་ཤར་མར་མཚོན་པར་བྱས་ཡོད་པ་ལྟ་བུའོ། ། ཡང་དཔེར་ན། ༣༩པ། སྤྲིན་པ་ཁ་སེར་གཏིང་ནག །སད་དང་སེར་བའི་གཞི་མ། །བན་དེ་སྐྱ་མིན་སེར་མིན། །སངས་རྒྱས་བསྟན་པའི་དགྲ་བོ། །ཞེས་པ་ལྟ་བུར་མཚོན་ན། 在我的空间/每一缕阳光/是日月恩赐的光环/不知在你的门前/是否还有这样的奢侈/和祥云的护卫/听说黄边黑心的云彩/是霜雹的成因/不知你的空间/是否尚有非僧非俗的和尚/在我的门前/他们已被认为是佛教的敌人/无论怎样/我把你的生日/作为我的星期天/在布宫/在大昭寺/为你/为众生/祈福和平/祈福幸福/如果你是终点/我愿做一颗星星/划入你的夜空 ཞེས་ཤོ་ལོ་ཀ་དེ་ཚིག་རྐང་ཉེར་གཅིག་དང་དུམ་མཚམས་བཞི་རུ་བགོས་ཏེ་བསྒྱུར་བའང་། དོན་ལ་ཤོ་ལོ་ཀ་དེ་གསལ་བོར་མཚོན་པའི་ཆེད་དུ་ཡིན་ཏེ། གལ་སྲིད་ཤོ་ལོ་ཀ་དེ་བོད་ཡིག་ནང་བཞིན་ཐད་ཀར་བསྒྱུར་ན། 黄边黑心的云彩/是霜雹的成因/非僧非俗的和尚/是佛教的敌人ཕལ་ཆེར་འདི་འདྲ་ཞིག་ལ་འགྱུར་འགྲོ་བས། ཐད་སྒྱུར་བྱས་ཚེ་བོད་ཡིག་གི་ངོས་ནས་གོ་བ་བླངས་པ་ལྟ་བུ་ཞིག་མི་ལོན་པས། ལོ་ཙཱ་ནི་ཡང་བསྐྱར་གསར་རྩོམ་བྱེད་པའི་གོ་རིམ་ཞིག་ཡིན་ཞེས་པའང་རྒྱུ་མཚན་འདི་འདྲ་ཞིག་ལ་ཐུག་ཡོད་པར་བསམས་ཤིང་། གཙོ་བོ་བན་དེ་སྐྱ་མིན་སེར་མིན། །སངས་རྒྱས་བསྟན་པའི་དགྲ་བོ། །ཞེས་པའི་ཚིག་འདི་དཀྱིལ་སྙིང་དུ་བཟུང་སྟེ། 在我的空间/每一缕阳光/是日月恩赐的光环/不知在你的门前/是否还有这样的奢侈/和祥云的护卫 ཞེས་བསྟན་པའི་དགྲ་བོ་དེ་ཡང་ནས་མངོན་པར་བྱེད་པ་ལ། སྤྲོས་འགྱུར་ཚུལ་གྱིས་རྩོམ་པ་པོ་ཁོང་ལ་ད་ལྟའི་ཐོབ་དང་གོ་ས་བླ་ན་མེད་པ་འདི་འདྲ་ཡོད་པ་ནི་སངས་རྒྱས་བསྟན་པའི་དབང་གིས་ཡིན་ལ། བསྟན་པའི་དགྲ་བོར་བཟུང་སྟེ། སྤྲིན་པ་ཁ་སེར་གཏིང་ནག །སད་དང་སེར་བའི་གཞི་མ། །ཞེས་དམིགས་བྱ་གང་ཞིག་བསྒྲུབ་པའི་ཆེད་དུ་བསྙོན་བཙུགས་པའང་ཕ་རོལ་བའི་ངོས་འཛིན་ཞིག་ལས། ཁོང་རང་ཉིད་དེ་ལས་ལྡོག་སྟེ། 无论怎样/我把你的生日/作为我的星期天/在布宫/在大昭寺/为你/为众生/祈福和平/祈福幸福/如果你是终点/我愿做一颗星星/划入你的夜空 ཞེས་པ་ལྟར་ཤོ་ལོ་ཀ་དེའི་ཤུགས་སུ་སྦས་པའི་བརྗོད་དོན་གྱི་ཡང་སྙིང་སྤྲོས་པ་དང་བཅས་སྣོན་སྒྱུར་ཚུལ་གྱིས་འབུར་དུ་དོད་ཡོད་པ་ལྟ་བུའོ། ཡང་དཔེར་ན། ༤༥པ། ས་བཅུའི་དབྱིངས་སུ་བཞུགས་པའི། །དམ་ཅན་རྡོ་རྗེ་ཆོས་སྐྱོང་། །མཐུ་དང་ནུས་པ་ཡོད་ན། །བསྟན་པའི་དགྲ་བོ་སྐྲོད་དང་། །ཞེས་པ་ལྟ་བུར་མཚོན་ན། 丹坚多杰勒巴/如果你的威力定格在桑耶/我以阳光晒干涛声/雪花绽放梦想/时间像溪流/像空气/又像天空/时刻在我的身边划过/如果你真有那么大的威力/我想借用你的金刚杵/截流时间/与你永恒/静住十地与你对话/不知是哪位过客/在拉萨写满了你的誓言/还是为了你的承诺/为了那位过客/在十地法界/折断时空/驱走佛魔吧/你像溪流/梦里说话/你像时间/夜里开花 ཞེས་ཤོ་ལོ་ཀ་དེ་ཚིག་རྐང་བཅུ་དགུ་དང་དུམ་མཚམས་དྲུག་ལ་བགོས་ནས། ས་བཅུའི་དབྱིངས་སུ་བཞུགས་པའི། །དམ་ཅན་རྡོ་རྗེ་ཆོས་སྐྱོང་། །ཞེས་པ་ཐད་ཀར 丹坚多杰勒巴 རུ་བསྒྱུར་ཏེ། ས་བཅུའི་དབྱིངས་སུ་བཞུགས་པའི་ཞེས་པའི་ཚིག་རྐང་དེ་རྒྱ་ཡིག་གི་ཚིག་རྐང་བཅུ་དྲུག་གི་བསྟན་པའི་དགྲ་བོ་སྐྲོད་དང་ཞེས་པའི་མདུན་ཏག་ཏག་ལ་བཞག་སྟེ། ཐད་ལོག་སྒྱུར་གྱི་ཚུལ་གྱིས 在十地法界/折断时空/驱走佛魔吧 ཞེས་བསྟན་པའི་དགྲ་བོ་དེ་མ་ཉིད་དུ་སྐྲོད་པ་ལ་མཐུ་དང་ནུས་པ་ཆེན་པོ་ཡོད་པ་མཚོན་པར་བྱས་ཡོད་ལ། གཞན་དམ་ཅན་རྡོ་རྗེ་ལེགས་པར་མཐུ་དང་ནུས་པ་དེ་འདྲ་ཡོད་པར་མཚོན་པ་ལ། སྣོན་སྒྱུར་ཚུལ་གྱིས 丹坚多杰勒巴/如果你的威力定格在桑耶/我以阳光晒干涛声/雪花绽放梦想ཞེས་དང་། དེ་བཞིན་དུ་མཐུ་དང་ནུས་པ་དེ་འདྲ་ཡོད་མེད་འཕྲལ་དུ་ཁ་ཚོན་མ་བཅད་པར། ཡང་སྣོན་སྒྱུར་ཚུལ་གྱིས 时间像溪流/像空气/又像天空/时刻在我的身边划过 ཞེས་སྔ་ཕྱིའི་དུམ་མཚམས་སྦྲེལ་བ་དང་། དེ་བཞིན་དུ་དམ་ཅན་རྡོ་རྗེ་ལེགས་པའི་མཐུ་དང་ནུས་པ་སྐབས་སུ་མངོན་པར་བྱེད་པ་ལ། མ་ཕྱིའི་མཐུ་དང་ནུས་པ་ཡོད་ན་ཞེས་པའི་བརྟག་པ་མཐའ་བཟུང་གི་མིང་སྟེ། ཡོད་ན་ཞེས་པར་ལོ་རྒྱུས་རང་བཞིན་གྱི་དྲན་སྐུལ་ཞིག་བྱས་ཐོག 如果你真有那么大的威力 ཞེས་ཚིག་དེ་རྐང་བཙུགས་ནས། 在十地法界ཞེས་པའི་མདུན་ལ་བཞག་ཏེ། དམ་ཅན་རྡོ་རྗེ་ལེགས་པ་ལ་མཐུ་དང་ནུས་པ་ད་དེ་འདྲ་ཡོད་པ་ཐད་ལོག་སྒྱུར་གྱིས་ཤུགས་སུ་མངོན་པར་བྱས་པ་དང་། བསྟུད་མར། 我想借用你的金刚杵/截流时间/与你永恒/静住十地与你对话 ཞེས་སྣོན་སྒྱུར་ཚུལ་གྱིས་ཆོས་སྐྱོང་ཆེན་པོ་དམ་ཅན་རྡོ་རྗེ་ལེགས་པ་ལ་མཐུ་དང་ནུས་པ་ཆེན་པོ་ཡོད་པ་དོན་གྱིས་ཁས་བླངས་ཏེ། ད་དུང་ཅི་མི་སྙམ་པར། 不知是哪位过客/在拉萨写满了你的誓言/还是为了你的承诺/为了那位过客ཞེས་ཡང་སྣོན་སྒྱུར་ཚུལ་གྱིས་དམ་ཅན་རྡོ་རྗེ་ལེགས་པས་བསྟན་པའི་དགྲ་བོ་སྐྲོད་པ་ལ་སྐབས་དེའི་ལོ་རྒྱུས་ལ་ཁ་གཏད་པ་དང་། ཡང་མཇུག་ཏུ་སྣོན་སྒྱུར་ཚུལ་གྱིས་ཤོ་ལོ་ཀ་དེས་མཚོན་པའི་དངོས་ཤུགས་ཀྱི་བརྗོད་དོན་དེ་མངོན་པར་བྱེད་པ་ལ། ཡང་བསྐྱར་དམ་ཅན་རྡོ་རྗེ་ཆོས་སྐྱོང་ཆེད་དུ་དམིགས་སུ་བཏོན་ནས། 你像溪流/梦里说话/你像时间/夜里开花ཞེས་ཀློག་པ་པོར་བསམ་གཞིགས་ཀྱི་བར་སྟོང་ངམ། བརྗོད་མཐའ་མེད་པའི་མཐོངས་དབྱིངས་ཤིག་སྤྲད་དེ་མཇུག་བསྡུས་པ་ལྟ་བུའོ།།
མདོར་ན། དེ་བཞིན་ཏེ། ཁོ་བོས་རིག་འཛིན་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་སྒྱུར་དུས། རིག་འཛིན་ཚངས་དབྱངས་རྒྱ་མཚོ་དང་འབྲེལ་བའི་ལོ་རྒྱུས་དང་བཞེད་ཚུལ་སྣ་ཚོགས། དེ་མིན་རང་གི་ད་ལྟའི་བར་རིག་འཛིན་ཚངས་དབྱངས་རྒྱ་མཚོའམ། ཁོང་གི་མགུར་གླུ་ལ་བཅངས་པའི་མོས་གུས་དང་མི་ཕྱེད་པའི་བརྩེ་བ་སོགས་ཐབས་སྣ་ཚོགས་ཀྱིས་མཚོན་ཅི་ཐུབ་བྱས་ཡོད་མོད། དེའང་སོ་སོའི་ཚོར་ཤེས་ཙམ་ཡིན་པས། གལ་ཏེ་འཐུས་ཤོར་འདྲ་བྱུང་ཡོད་ན་དགོངས་འགལ་མེད་པར་ཞུའོ།། ༢༠༡༨ལོའི་ཟླ་༡༡ཚེས་༡༥ཉིན་ལྷ་ས་ནས།