༄༅།། བུ་ཆུང་དང་མཉམ་དུ་བུ་ཆུང་དགའ་བའི་དེབ་ཅིག་བཀླགས་པ།

འབྲོང་ཕྲུག་ལྷ་ཆེན་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-06



--《ང་དང་ཨ་ཅེ་ཆུང་ཆུང་ཁི་ལཱ་རཱ》ཞེས་པ་བོད་ཡིག་ཏུ་བསྒྱུར་རྗེས།
 
མཚོ་ལྷོ། འབྲོང་ཕྲུག་ལྷ་ཆེན་རྒྱལ།
        ངས་བུ་ཆུང་གངས་དགའ་རིག་གྲོལ་ལ《ང་དང་ཨ་ཅེ་ཆུང་ཆུང་ཁུ་ལཱ་རཱ》ཞེས་པའི་རྒྱ་འགྱུར་མའི་དེབ་དེ་ཉོས་ནས་ལོ་གཅིག་ཕྱིན་སོང་། སྐབས་དེར། ང་རང་གིས་ཀྱང་རགས་བསྡུས་ཤིག་བལྟས་པ་ཡིན་ལ། དཔེ་ཆའི་ནང་གི་གཏམ་རྒྱུད་ཀྱི་བྱུང་རིམ་མང་པོས་ཡིད་སེམས་དབང་མེད་དུ་བཀུག་སོང་། འོན་ཀྱང་སེམས་རྣལ་མོས་བལྟས་མེད། ཡིན་ནའང་། བུ་ཆུང་གངས་དགའ་རིག་གྲོལ་ནི་དཔེ་ཆ་དེ་ལག་ནས་མི་ལོན་པའི་ཚད་ལ་སླེབས་འདུག་པས། དེབ་འདི་ཅིས་ཀྱང་བོད་ཡིག་ཏུ་བསྒྱུར་དགོས་བསམས་བྱུང་། བོད་ཡིག་ཏུ་བསྒྱུར་དགོས་བསམས་པས། གཞི་ནས་དུས་ཚོད་བཙལ་ཏེ་ཡང་བསྐྱར་ཐེངས་གཅིག་བཀླགས་པ་དང་། ཐེངས་འདིར་ཧ་ཅང་གཟབ་ནན་དང་ཧ་ཅང་ཞིབ་ཚགས་ཀྱིས་བལྟས་པ་ཡིན་ཏེ། དེས་ནི་མི་བཀླག་ཚད་མེད་ཀྱི་དཔེ་དེབ་ཅིག་ཏུ་མཐོང་ཞིང་ཡིད་སེམས་དབང་མེད་བཀུག་སོང་།
        ངས་བཤད་མྱོང་།ང་ནི་ཨ་ཕར་གྱུར་རྗེས་ད་གཟོད་བྱིས་སྒྲུང་ཀློག་རྒྱུར་དགའ་མཁན་ཞིག་ཏུ་གྱུར་སོང་བ་ཡིན་ཏེ། ངའི་དྲན་པའི་ཁྲོད་དུ། ང་རང་བྱིས་པའི་དུས་སུ་རང་གི་ན་ཚོད་དང་རན་པའི་བྱིས་པའི་ཀློག་དེབ་ཅིག་ཡོད་པ་མཐོང་མ་སོང་མོད། སྐབས་དེར་ཡང་།《བྱིས་སྒྲུང་དགའ་བའི་རྩེད་འཇོ》དང《གནའ་གཏམ་ཐོས་པ་དགའ་སྐྱེད》སོགས་ཀློག་དེབ་མང་པོ་ཞིག་པར་དུ་བཏབ་མྱོང་ཚོད་འདུག ཡིན་ནའང་། ང་ལ་དེབ་དེ་དག་བཀླག་པའི་གོ་སྐབས་མ་ལྡན་པར་ནར་སོན་སོང་། དེ་འདྲ་ཞིག་རེད་མོད། སྐབས་དེ་དུས་བཀླགས་མྱོང་བའི《མི་རོ་རྩེ་སྒྲུང》དང《རྫ་ཙིག་གཏམ་རྒྱུད》སོགས་ནི། ད་ལྟ་ད་དུང་དྲན་པའི་ཁྲོད་ཝ་ལེར་ཤར་འདུག་པས། ང་ནི་བྱིས་དུས་ཀྱི་ཡིད་འཛིན་ལ་ཧ་ལས་སོང་། དེ་བས། ངས་བྱིས་པར་འཚམ་པའི་ཀློག་དེབ་ཅིག་ཅིས་ཀྱང་བསྒྱུར་དགོས་བསམས་བྱུང་། དེ་ནས་བཟུང་། ངས་བྱིས་པའི་རྩོམ་རིག་ཀློག་མགོ་བརྩམས་པ་ཡིན་ལ། བྱིས་པའི་རྩོམ་རིག་ལྟ་ཀློག་བྱས་པ་དེས། ང་ཚོས་བྱིས་དུས་ཀྱི་མཛེས་སྡུག་ལྡན་པའི་དྲན་ཤེས་མང་པོ་ཞིག་རྙེད་ཐུབ་པར་མ་ཟད། བྱིས་དུས་སུ་བྱིས་བློའི་གླེན་རྟགས་ཚ་བོ་མང་པོ་ཞིག་བསྟན་མྱོང་བའང་དྲན་བྱུང་། དེས་ནི་དུས་ཡུན་རིང་པོ་ཞིག་ལ་ང་ཚོའི་ནང་སེམས་ཕྱིར་དྲན་ལས་ཕྱིར་འགུག་དཀའ་བོ་ཡོད་དེ། ངས་ཚམ་ཚོམ་མེད་པར《ང་དང་ཨ་ཅེ་ཆུང་ཆུང་ཁུ་ལཱ་རཱ》ཞེས་པའི་དེབ་འདི་བཀླགས་པའི་བརྒྱུད་རིམ་ཧྲིལ་པོ་ནི། སྤྲོ་སྣང་གི་སེམས་པ་ཁོ་ནས་བཅུམ་འོངས་པ་ཞིག་རེད་ཟེར་དོན་ཡང་རྩོམ་ཡིག་ཁྲོད་ཀྱི་གཅེན་གཅུང་གཉིས་ཀྱི་བྱམས་སེམས་དང་སྙིང་རྗེ་ཡིས་ཡིད་སེམས་དབང་མེད་དུ་བཀུག་པས་སོ། །
        དེའི་ནང་གི་གཏམ་རྒྱུད་འདི་འདྲ་ཞིག་གིས་ང་ལ་བག་ཆགས་ཟབ་མོ་ཞིག་བཞག་བྱུང་། གཏམ་རྒྱུད་དེ་ནི་ཕལ་ཆེར་འདི་འདྲ་ཞིག་སྟེ། ཁོ་ཚོ་གཅེན་གཅུང་གཉིས་ཀྱི་ཨ་ཁུ་ཐའོ་ནེ་ནི་སློབ་ཆེན་སློབ་མ་ཞིག་ཡིན་པ་དང་། བྱིས་པ་འདི་གཉིས་ལ་ཤ་ཚ་ཞིང་སྙིང་ཉེ་བས། ནམ་རྒྱུན་གྱི་གཟའ་ཉི་མར་ཁོ་ཚོར་བལྟ་རུ་ཡོང་བར་མ་ཟད། ཡོང་ཐེངས་རེར་མི་རེ་རེར་སྒོར་མོ་སིལ་མ་རེ་སྟེར་ངེས། དེ་བས། གཟའ་མཇུག་ཏུ་ཁོ་ཚོས་ཨ་ཁུ་ཡོང་རྒྱུར་རེ་སྒུག་ཆེན་པོ་བྱེད་ཀྱིན་ཡོད།
        ཉིན་ཞིག་ལ། ཨ་མས་གློ་བུར་དུ་ཨ་ཁུ་ཐའོ་ནེ་ལ་ཐོག་ཁང་ནས་ཁང་པ་ཞིག་གླས་ཏེ། ཁོ་ཚོའི་གཞིས་ཁུལ་དུ་སྤར་ནས་འདུག་དགོས་ཞེས་བཤད་པར། གཅེན་གཅུང་གཉིས་ལ་དགའ་སྤྲོ་ཚད་མེད་པ་ཞིག་སྐྱེས་པ་སྨོས་ཅི་དགོས། རྒྱུ་མཚན་ནི་འདི་ལྟར་བྱས་ན་ཁོ་ཚོས་ཉིན་རེ་རེར་ཨ་ཁུ་རིག་ཐུབ་ལ། ཨ་ཁུས་ཀྱང་ཉིན་རེ་རེར་ཁོ་ཚོར་སྒོར་མོ་སྟེར་སྲིད། དེ་ནི་ཁོ་གཉིས་ལ་མཚོན་ན་ཅི་འདྲའི་སྤྲོ་སྣང་ལྡན་པའི་བྱ་བ་ཞིག་རེད་ཨང་། དེ་བས། ཁོ་ཚོས་ཧ་ཅང་འབད་བརྩོན་གྱིས་ཨ་ཁུ་ཐའོ་ནེ་ལ་གནས་སྤོར་རོགས་བྱས་ལ།ཨ་ཁུས་ཀྱང་ཁོ་ཚོར་སྒོར་གཅིག་རེ་བྱིན། དེ་ནས་བཟུང་། གཅེན་གཅུང་གཉིས་ཀ་དོན་དག་ཅི་ཡང་མེད་པར་ཐོག་ཁང་དུ་ཨ་ཁུ་ཐའོ་ནེ་བཙལ་དུ་འགྲོ་བར་དགའ་ཞིང་། ཉིན་ལྟར་དུས་ལྟར་འབྱོར་ཐོ་བཀོད་པ་ལྟར་སྒོར་མོ་གཅིག་རེའང་འབྱོར་བར་ངེས། ཡིན་ནའང་། ཉིན་ཞིག་གི་ཞོགས་པར། ཨ་ཁུ་ཐའོ་ནེའི་གདོང་ལ་སྔོན་ཆད་ཀྱི་འཛུམ་མདངས་དེ་མེད་པར། བྱིས་པ་ཚོ། ཁྱོད་ཚོས་ཤེས་སམ། དེ་རིང་ང་ལ་དངུལ་མེད། དགོངས་པ་མ་ཚོམ། ཞེས་བཤད་སོང་། ཁོ་དང་ཨ་ཅེ་ཆུང་བ་ཁི་ལཱ་རཱ་གཉིས་བློ་ཕམ་ཡིད་ཆད་ཀྱིས་མགོ་བོ་བསྒུར་འདུག ཁོ་ཚོས་ཅི་ཞིག་ལ་བསམ་བློ་གཏོང་བཞིན་ཡོད། གློ་བུར་དུ་ཨ་ཅེ་ཡིས། ཤེས་སོང་ངམ། ངས་ངའི་དངུལ་བཅོལ་སྣོད་གཅོག་རྒྱུ་ཡིན་ཞེས་བཤད། འདི་ཡང་ཨ་ཅེ་ཆུང་བ་ཁི་ལཱ་རཱས་བསམ་གཞིག་ཡང་ཡང་བྱས་ནས་ཐོབ་པའི་མཇུག་འབྲས་རེད། དེ་ནས་ཁོ་གཉིས་ཁྱིམ་དུ་བརྒྱུགས་ནས་རང་གི་སྒོར་མོ་གསོག་སའི་སྣོད་བཅག དེ་ནས་སྒོར་མོ་ཁྱེར་ནས་སྐས་ཀྱི་སྟེང་དུ་བརྒྱུགས་ཏེ་སོང་། ཨ་ཁུ་ཐའོ་ནེ་ཚང་གི་སྒོ་ཁར་ལངས་ནས་ཁོ་གཉིས་ཀྱིས་དབུགས་ཀྱང་ལེན་མི་ཐུབ། ཨ་ཁུ་ཐའོ་ནེ་ཡིས་ཁང་སྒོ་ཕྱེས་ནས་བྱིས་པ་ཚོ། ཁྱོད་ཚོར་ད་དུང་ཅི་ཞིག་དགོས་སམ་ཞེས་འདྲི་དུས་སུ། ཁོ་ཚོས་གང་ཡང་མི་དགོས་ཞེས་རང་གི་སྒོར་མོ་ཨ་ཁུ་ཐའོ་ནེའི་ལག་ཏུ་བརྫངས། དངུལ་དེ་དག་ཁྱེད་ལ་སྤྲད་པ་ཡིན། འདི་ལྟར་བྱས་ན་ཁྱོད་ཀྱིས་དངོས་པོ་མང་པོ་ཉོས་ཆོག་ཟེར།
        གཏམ་རྒྱུད་འདི་ཀློག་སྐབས།ང་རང་གཅེན་གཅུང་འདི་གཉིས་ཀྱི་མཛའ་བརྩེ་ལྷད་མེད་ཀྱི་སྙིང་རྗེ་ཡིས་སེམས་འགུལ་ཐེབས་སུ་བཅུག་པ་དང་། བྱིས་པའི་སེམས་ནི་དྭངས་གཙང་ཡིན་ལ།གཞུང་དྲང་ཞིག་ཀྱང་ཡིན་པས། ང་ཚོ་མི་དར་མས་སེམས་ཞིབ་མོས་གཅེས་སྐྱོང་བྱེད་དགོས་བསམས་བྱུང་། ཀྭ་ཡེ། ཀློག་པ་པོ་ལགས། བྱིས་པ་འདི་གཉིས་ཀྱི་གཅེས་སུ་འོས་པའི་ཉམས་སྣང་དེ་ཁྱོད་ཀྱི་མིག་ལམ་དུ་འཆར་གྱིན་མི་འདུག་གམ། སྐབས་ལན་རེར། བྱིས་པ་ཡ་རབས་ཀྱང་མ་རབས་སུ་འགྱུར་དུས་ཡོད་ལ། མ་རབས་པྲ་ཆལ་ནི་བྱིས་པའི་ཀུན་མཐུན་གྱི་རང་གཤིས་ཡིན་པས། ཁྱོད་ཀྱིས་བྱིས་པ་སུ་ཞིག་ཚུལ་ལྡན་ངང་དེ་རུ་བསྡད་ནས་ཅི་ཡང་བྱེད་དུ་འཇུག་མི་འདོད་པ་ནི་དཔེ་མི་སྲིད་པ་ཞིག་རེད་དེ། ཁོ་དང་ཨ་ཅེ་ཆུང་ཆུང་ཁུ་ལཱ་རཱའང་དེ་ལས་མ་འདས། དཔེར་ན། ཁོ་གཉིས་ཀྱིས་སེའུ་ཁྲོག་ལེ་མའི་སྒོང་གོར་ཆེན་པོ་རུལ་ཡོད་མེད་ལ་བལྟས་ནས་བཟས་ཚར་ཏེ་ཨ་མས་མགྲོན་པོར་སྣེ་ལེན་བྱེད་མ་ཐུབ་པ་ལྟ་བུ། དཔེར་ན། ཨ་ཅེས་ནུ་བོའི་སྐྲ་བཞར་ནས་སྤྱི་ཐེར་དུ་བཏང་བ་ལྟ་བུ། དཔེར་ན། ཁྱི་གུའི་ཁོག་སྟོད་ཁོག་སྨད་བགོས་ཤིང་རང་རང་གི་སྐལ་ལ་རང་རང་དགའ་བའི་ཁ་དོག་བསྒོས་པ་ལྟ་བུ། དཔེར་ན། ཀུ་ཤུ་བཟའ་བའི་འགྲན་སྡུར་སྤེལ་ནས་ཁོག་པ་བཤལ་བ་ལྟ་བུ། འདི་དང་འདི་ལྟ་བུའི་གཏམ་རྒྱུད་མང་པོ་ཞིག་ནི་ཁོ་གཉིས་ཀྱི་བྱིས་བློའི་དྭངས་གཙང་དང་རྨ་མེད་པའི་སྣང་བརྙན་གྱི་མཚོན་སྟངས་ཤིག་ཡིན་པས། གཏམ་རྒྱུད་དེ་དག་གིས་མ་གཞི་བྱིས་པ་ནི་འདི་འདྲ་ཞིག་གོ་སྙམ་པའི་འདུ་ཤེས་དེ་ཅིག་ཅར་བསྐྱེད་ཡོང་།དོན་དུ་དོན་དག་མང་པོ་ཞིག་གི་མཇུག་འབྲས་ནི་ནོར་འཁྲུལ་ཅན་དུ་གྱུར་པ་མ་གཏོགས། ཁོ་གཉིས་ཀྱི་ཐོག་མའི་ཀུན་སློང་ནི་རྣམ་པར་དག་པ་སྟེ། ལྷམ་རྩི་བྱུག་པའི་གཏམ་རྒྱུད་ནི་ཐོག་མར་ཕ་མ་གཉིས་དགའ་རུ་འཇུག་ཆེད་ཡིན་ལ། མཇུག་འབྲས་ཞི་ལ་ཆུང་ཆུང་ཞིག་གིས་ལྷམ་རྩི་ས་གདན་ཧྲིལ་པོར་བསྒོས་པ་ཅན་དུ་གྱུར་པ་རེད། མི་བཟང་དོན་བཟང་ཞེས་པའི་གཏམ་རྒྱུད་དེ་ཡང་། ཐོག་མར་བྱིས་པ་དབུལ་པོ་དག་ལ་གྱོན་གོས་ཀྱི་སྦྱིན་པའི་ལྷག་བསམ་དཀར་པོ་དེས་ཡིན་མོད། མཇུག་འབྲས་ནི་ཕ་མ་གཉིས་ཀྱིས་གོ་བ་སྐོར་ལོག་བླངས་པ་དེ་ཙམ་མོ། །ཨ་མ་དགའ་རུ་འཇུག་པ་ཞེས་པའི་གཏམ་རྒྱུད་དེ་ཡང་། ཐོག་མར་ཨ་མ་དགའ་རུ་འཇུག་ཆེད་ཡིན་མོད་མཐའ་མར་ཨ་མ་ཁྲོ་རུ་བཅུག་སོང་བ་རེད། ཡིན་ནའང་། ཁོ་གཉིས་ཀྱི་ཐོག་མའི་ཀུན་སློང་ཤེས་རྗེས་ཁྱོད་ལ་ལྟ་ཚུལ་གཞན་ཞིག་མི་འབྱུང་ག་ལ་སྲིད།
        མདོར་ན། མིང་སྲིང་གཉིས་ཀྱི་འཚོ་བའི་ཁྲོད་བྱུང་བའི་གཏམ་རྒྱུད་འདི་དག་ནི།ང་ཚོའི་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་དུའང་འབྱུང་གིན་ཡོད་ལ།ང་ཚོའི་ནང་དོན་ཕུན་སུམ་ཚོགས་པའི་འཚོ་བའི་ནང་དུ་ཡང་།སེམས་བཟང་གི་དོན་དག་མང་པོ་ཞིག་གི་མཇུག་འབྲས་འདི་ལྟར་བསམ་ཡུལ་ལས་འདས་པ་དང་གོ་ལྡོག་ཏུ་འབྱུང་གིན་ཡོད་མོད།ཁོ་གཉིས་ཀྱི་གཞན་དོན་ཁོ་ན་བསམ་པའི་གཞུང་དྲང་དང་ལྷག་བསམ།དཀའ་ངལ་ལ་གདོང་གཏོད་ཕོད་པའི་སྤོབས་པ་དང་སྙིང་སྟོབས།འཆར་སྒོ་མང་ཞིང་བསམ་གཞིག་ལ་དགའ་བའི་གཤིས་ཀ་སོགས་ཀྱིས་ང་ཚོར་བརྗེད་མེད་ཀྱི་བག་ཆགས་ཟབ་མོ་ཞིག་བཞག་ཡོད་ངེས། དེ་བས། བྱིས་དུས་ནི་བདེ་སྐྱིད་ལྡན་པ་དང་། བྱིས་དུས་ནི་མཛེས་སྡུག་ལྡན་པ་ཞིག་ཡིན་ལ། བྱིས་དུས་ཀྱང་སྤྲོ་སྣང་ཚད་མེད་ཅིག་དང་དྭངས་གཙང་ལྷད་མེད་ཅིག་ཡིན་ལ། མི་ཞིག་གིས་དུས་ནམ་ཡང་བརྗེད་པར་དཀའ་བ་ཞིག་ཀྱང་ཡིན། བྱིས་པའི་དཔེ་དེབ་ཀློག་སྐབས་ང་ལ་དགའ་སླ་ལ་སྐྱོ་ཡང་སླ་བའི་བྱིས་དུས་ཀྱི་དྲན་ཤེས་གང་མང་ཞིག་འཚོལ་རོགས་བྱེད་པར་མ་ཟད། ང་ཚོ་བྱིས་པའི་ནང་སེམས་སུ་འཛུལ་བར་བློ་སྒོ་ཆུང་ཆུང་ཞིག་ཀྱང་ཞ་དང་ཞོར་དུ་ཕྱེས་འགྲོ། དེ་བཞིན། ང་ཚོ་བྱིས་པ་དག་གི་གྲོགས་པོ་བློས་ཐུབ་ཅིག་ཏུ་གྱུར་པ་དང་། རྣམ་དག་ཟོལ་མེད་ཀྱི་ཕྱིར་དྲན་ཞིག་སླར་ཡང་འཕྱུར་ཏེ། ཧ་ཅང་ལྷིང་འཇགས་དང་བློ་བདེ་བག་ཕེབས་ཀྱི་ཚོར་སྣང་ཞིག་འབྱུང་བ་དེ་ནི་དངོས་གནས་ཡག་པོ་འདུག
        ཡང་ན། འདི་ལ་དཔེ་ཀློག་གི་བདེ་སྐྱིད་ཅེས་འབོད་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1