༄༅། །མདོ་ཁམས་གནས་ཆེན་ཉེར་བཞིའི་ཡ་གྱལ་སྐུའི་གནས་བརྒྱད་ཀྱི་ནང་ཚན་སྟོང་སྐོར་སྐུ་བསྭོ་ཐོག་གནས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-06


གནས་འདི་ནི་དཀར་མཛེས་རྫོང་ཁོངས་ཀྱི་ཤར་ཕྱོགས་སུ་བཞུགས། སྤྱི་ལོ་1986ལོའི་ཟླ་བ་8པའི་ཚེས་21ཉིན་པཎ་ཆེད་ཐམས་ཅད་མཁྱེན་པ་གནས་འདིར་གནས་བསྐོར་དང་གཟིགས་ཞིབ་ཏུ་ཕྱག་ཕེབས་ཏེ་ཉམས་གསོ་བྱུང་བའི་རྗེ་བཙུན་བྱམས་པ་མགོན་པོ་ལ་རྟེན་བཞུགས་དང་རབ་གནས་མཛད་ཅིང་བསང་མཆོད་ཕུལ། དད་ལྡན་སེར་སྐྱ་རྣམས་ལ་གནས་འདིར་སྲུང་སྐྱོབ་མཛད་དགོས་པའི་བཀའ་སློབ་གལ་ཆེན་གནང་བ་དང་ཆབས་ཅིག་ཡོངས་འཛིན་རིན་པོ་ཆེ་ནས། དུང་དཀར་རིགས་གསུམ་མགོན་པོ། །བཀྲ་ཤིས་རི་ལ་བཞུགས་ཡོད། །པཎ་ཆེན་སྣང་བ་མཐའ་ཡས། །མི་འཇིགས་གདན་ལ་བཞུགས་ཡོད། །

ཅེས་པའི་ཕྱག་བྲིས་གནང་སྟེ་གནས་མཆོག་འདི་བསྐལ་པ་མ་སྟོང་བར་དུ་བཞུགས་པའི་ཐུགས་བསྐྱེད་སྨོན་ལམ་མཛད་པའོ། །

ཨོྃ་བདེ་ལེགས་སུ་གྱུར་ཅིག

གླིང་གི་མཆོག་གྱུར་འཛམ་གླིང་གི །ཁ་བ་ཅན་གྱི་ཡུལ་ལྗོངས་སུ། །མདོ་ཁམས་ས་ཡི་བར་གྱི་ཆར། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བྱང་ཆུབ་ཐུགས་སུ་ཆུད་པའི་གནས། །རྡོ་རྗེའི་གདན་དང་མཚུངས་པ་ཡི། །བསྭོ་ཏོག་ཅེས་བྱའི་ལུང་པའི་དབུས། །
རྒྱལ་བའི་དབེན་གནས་ཞེས་གྲགས་པ། །མདུན་རྒྱབ་གཡས་གཡོན་ཕྱོགས་རྣམས་སུ། །གདོང་ལྔ་མཁའ་ལ་འཆོང་འདྲ་དང་། །མཁའ་ལྡིང་མཁའ་ལ་བྲན་འདྲ་ཡི། །
རྫ་རི་བྲག་རི་སྤང་རི་རྣམས། །རྩི་ཤིང་མཛེས་པའི་གོས་གྱོན་ཞིང་། །སྣ་ཚོགས་སྨན་གྱི་ཁུར་འཛིན་ནས། །སྐུ་གཟུགས་མཆོད་རྟེན་ཡི་གེ་སོགས། །རང་བྱོན་དུ་མས་རབ་བརྒྱན་ཏེ། །ཕྱོགས་དང་ཕྱོགས་མཚམས་རྣམ་པར་མཛེས། །

དེ་འདྲ་ངོ་མཚར་གནས་མཆོག་ན། །རི་བོ་རྩེ་ལྔ་དང་མཚུངས་པའི། །འཕགས་པ་འཇམ་དཔལ་གནས་ཀྱི་མཆོག །ཕྱི་དབྱིབས་བྲག་རི་ལྷུན་ཆགས་ཤིང་། །ཟླུམ་ཞིང་འཇིགས་ལ་ཤིན་ཏུ་མཐོ། །ལྗོན་ཤིང་དུ་མས་ཉེ་བར་མཛེས། །ནང་དུ་ལྷ་ཡི་གཞལ་ཡས་ཁང་། །རིགས་ལྔ་བདེ་བར་གཤེགས་པ་སོགས། །རྒྱུད་སྡེའི་མཆོག་གྱུར་བཞི་པོ་ཡི། །གཞལ་ཡས་ཁང་དང་ལྷ་རྣམས་དང་། །དེ་ལ་མཆོད་པའི་ལྷ་མོ་དང་། །དེ་ཡི་སྲུང་མ་ཁྲོ་བོའི་ཚོགས། །གསལ་བའི་རང་བྱོན་འབུར་དུ་ཡོད། །ལོངས་སྤྱོད་རྫོགས་པའི་ཞིང་ཁམས་མཆོག །

དེ་འདྲ་ངོ་མཚར་གནས་མཆོག་ན། །རི་བོ་གྲུ་འཛིན་དང་མཚུངས་པའི། །སྤྱན་རས་གཟིགས་དབང་གནས་ཀྱི་མཆོག །ཕྱི་ཁྱབ་སྤང་རི་གཞི་ཆེན་ལ། །སྟེང་དུ་བྲག་རི་མཐོན་པོ་བརྩེགས། །ཙན་དན་ལྗོན་ཤིང་དུ་མས་བརྒྱན། །ནང་དུ་ལྷ་ཡི་གཞལ་ཡས་ཁང་། །མཉམ་མེད་ཐུབ་པའི་དབང་པོ་ལ། །འཕགས་པ་གནས་བརྟན་བཅུ་དྲུག་སོགས། །ཉན་ཐོས་རང་རྒྱལ་འཁོར་གྱིས་བསྐོར། །བསྐལ་བཟང་སངས་རྒྱས་ཐམས་ཅད་དང་། །
ཚེ་དཔག་མེད་དང་པདྨ་འབྱུང་། །རྡོ་རྗེ་ཕག་མོ་ལྷ་མོ་སོགས། །བཅུད་ཀྱི་ལྷ་ཡི་རང་བྱུང་དང་། །བདེ་ཆེན་སྣོད་གྱུར་ཀ་པཱ་ལ། །དྲང་སྲོང་སྣོད་མཆོག་ལྷུང་བཟེད་དང་། །བརྗིད་པའི་སྒྲ་ལྡན་རྔ་བོ་ཆེ། །

ཤེལ་གྱི་ཀ་ཆེན་ཀ་ཕྲན་དང། །སྣོད་ཀྱི་རང་བྱོན་དུ་མས་གང་། །གསུང་མཆོག་ཡི་གེ་དྲུག་མ་དང་། །
དབྱངས་གསལ་ཡི་གེའི་གཟུགས་རྣམས་ཀྱིས། །ཕྱོགས་མཚམས་ཀུན་ཏུ་ རྣམ་པར་གང་། །སྤྲུལ་པའི་སྐུ་ཡི་ཞིང་གི་མཆོག །

དེ་འདྲ་ངོ་མཚར་གནས་མཆོག་ན། །ལྕང་ལོ་ཅན་དང་མཚུངས་པ་ཡི། །གསང་བའི་བདག་པོའི་གནས་ཀྱི་མཆོག །ཕྱི་དབྱིབས་བྲག་རི་རྩེ་བརྒྱ་ལ། །དེ་ལ་བྲག་ཕྲན་འབར་མ་འབུར། །དྲི་ཞིམ་སྤོས་ཤིང་དུ་མས་བརྒྱན། །ནང་དུ་ལྷ་ཡི་གཞལ་ཡས་ཁང་། །ཕྱག་ན་རྡོ་རྗེ་ལ་སོགས་ཏེ། །ཐུགས་ཀྱི་རིགས་ཀྱི་ལྷ་ཚོགས་དང་། །
སློབ་དཔོན་ཀླུ་སྒྲུབ་ལ་སོགས་པའི། །

འཛམ་གླིང་མཛེས་པའི་རྒྱན་དྲུག་དང་། །སློབ་དཔོན་པདྨ་ འབྱུང་གནས་དང་། །མཁན་པོ་བོ་དྷི་ས་ཏྭ་སོགས། །པཎ་ཆེན་དུ་མའི་སྐུ་གཟུགས་དང་། །ཀླུ་ཆེན་བརྒྱད་ཀྱི་གཟུགས་ལ་སོགས། །རང་བྱོན་དུ་མས་ཉེ་བར་བརྒྱན། །བྱང་སེམས་རྣམས་ཀྱི་ཞིང་གི་མཆོག །
འཇམ་དཔལ་གཤིན་རྗེ་གཤེད་དམར་དང་། །ཁྲོ་བོའི་རྒྱལ་པོ་རྟ་མགྲིན་དང་། །དམ་ཅན་རྡོ་རྗེ་ལེགས་པ་རྣམས། །སྒོ་སྲུང་ཚུལ་དུ་འབུར་དུ་ཡོད། །སྐུ་གཉེན་བྲག་དཀར་རྩེ་བརྒྱ་ནི། །མཆོད་པ་འབུལ་བའི་ཚུལ་དུ་ཡོད། །

དེ་འདྲའི་ངོ་མཚར་གནས་མཆོག་ན། །གནས་ཀྱི་བདག་པོ་ཆེན་པོ་ནི། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །བོད་ཀྱི་ལྷ་འདྲེ་འདུལ་བའི་ཕྱིར། །སྐུ་ལུས་བརྒྱ་ཕྲག་དུ་མར་སྤྲུལ། །གནས་མཆོག་རེ་ལ་དཀྱིལ་འཁོར་རེ། །གདུག་རྩུབ་ས་ལ་སྦྱིན་སྲེག་རེ། །
དེ་ཚེ་གནས་བདག་ཆེན་པོ་ཁྱོད། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ། །
བཅུག་ནས་དབང་བསྐུར་བྱིན་གྱིས་བརླབས། །གསང་སྔགས་སྤྱོད་པའི་དགེ་བསྙེན་ཅན། །མཚན་དུ་རྡོ་རྗེ་དཔལ་བརྩེགས་བཏགས། །བྱ་ལོ་ནམ་ཤར་གནས་འདུས་ཡིན། །ཞེས་གནས་ཡིག་རྙིང་པ་དག་ལས་བཤུས་བསྡུས་བྱས།

དེ་ལྟར་སྟོང་སྐོར་སྐུ་བསྭོ་ཐོག་གནས་དང་། སྟོང་སྐོར་གནས་ནང་། སྟོང་འཁོར་གནས་ནང་སོགས་གནས་མིང་རྗོད་སྟངས་མི་འདྲ་བ་འགའ་ནི། ཐོག་མར་བོན་གྱི་དགོན་སྡེ་ཆགས་མྱོང་བ་དེ་དུས་ཤྭ་དང་རི་དྭགས་སྟོང་གིས་སྐོར་བའི་ཤྭ་ཞིང་ཟེར་བ་ད་ལྟའང་ཡོད། སློབ་དཔོན་པདྨ་འབྱུང་གནས་ཞབས་ཀྱིས་བཅགས་ནས་སྐུའི་གནས་བརྒྱད་གྱི་ནང་ཚན་བསྭོ་པཱཥྚ་ཞེས་ཟུར་ཆག་པའི་སྐུ་བསྭོ་ཐོག་གནས་ཟེར། རབ་བྱུང་བརྒྱད་པའི་ཤིང་རྟ་སྤྱི་ལོ་༡༤༧༤ལོར་སྟོང་འཁོར་ཆོས་རྗེ་ཟླ་བ་རྒྱལ་མཚན་གྱིས་ཆོས་རྒྱུད་དགའ་ལྡན་པའི་དགོན་སྡེ་དེར་བཏབ་པས།

སྔོན་ནི་རི་དྭགས་སྟོང་གི་སྐོར་ས། ད་ནི་སྐྱེ་འགྲོ་སྟོང་གིས་འཁོར་ས་ཞེས་དམ་པའི་མཚན་ལ་སྟོང་འཁོར་བླ་མ། ཡུལ་གྱི་མིང་ལ་སྟོང་འཁོར་བ། དགོན་པའི་མིང་ལ་སྟོང་འཁོར་དགོན།

གནས་ཀྱི་མིང་ལའང་སྟོང་འཁོར་གནས་ནང་ཞེས་ཆགས་པ་སྙམ།

སྟོང་སྐོར་སྐུ་བསྭོ་ཐོག་གནས་གྱི་ཡིད་འཕྲོག་ལ་རི་རྒྱུད་མ་ཉམས་པར་སྐྱེ་དངོས་སྣ་མང་ཕུན་སུམ་ཚོགས་པ་འདི་མ་ཉམས་གོང་འཕེལ་དང་། སྲུང་སྐྱོང་བྱ་བ། མ་འོངས་པར་སྤྱིར་དཀར་མཛེས་རྫོང་དང་། སྒོས་སུ་དཀར་མཛེས་ཁུལ་གེ་སར་རིག་གནས་དང་། སྐྱེ་ཁམས་རིག་གནས་གྱི་ཡུལ་སྐོར་གནས་མཆོག་དང་། རྒྱལ་ཁབ་ཁོངས་ཀྱི་དམིགས་འཛུགས་གེ་སར་རིག་གནས་ཡུལ་སྐོར་གནས་མཆོག་དཔེ་སྟོན་ས་ཁུལ། ལྟ་ན་སྡུག་ཅིང་བླ་ན་མེད་པའི་དཀར་མཛེས་རྫོང་གསར་སྐྲུན་བྱ་བ་ལ་མེད་དུ་མི་རུང་བའི་གལ་ཆེའི་དོན་སྙིང་ལྡན་པའོ། །

ཟུར་མཆན། དགྲ་བླའི་ཝེར་མ་བཅུ་གསུམ་ནི། 1.མེ་ལྷ་རྒྱ་སྟག་དམར་པོ་དང་། 2.ཆུ་ཁམས་རླུང་ལྷ་གཡུ་འབྲུག 3.ཤིང་ཁམས་རླུང་ལྷ་བྱ་ཁྱུང་། 4.ལྕགས་ཁམས་རླུང་ལྷ་སེང་ཆེན། 5.འཁྱིལ་རོགས་གསེར་སྦྲུལ་སེར་པོ། 6.ཟས་ལྷ་སྤྱང་ཐང་སྔོན་པོ། 7.སྔོན་རྒྱུག་དུང་ཁྲ་ཧོར་པ། 8.ཉིན་རྫི་ཐང་དཀར་དགོད་པོ། 9.མཚན་རྫི་འུག་པ་སེར་པོ། 10.བློ་གསལ་རི་བོང་དཀར་ལུ། 11.སྙིང་གདོས་དྲེད་མོ་སོག་དཀར། 12.ནད་སེལ་གླ་བ་རོག་པོ། 13.ཝེར་མ་ཁ་དཀར་རྐྱང་ཐང་། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1