( དེབ་གོང་མའི་འཕྲོར་མཐུད། )
ས་བྱ་ཐུབ་བསྟན་རྒྱ་མཚོ་མཆོག །
ལྷ་ལྡན་དབུས་སུ་ཞབས་སོར་འཁོད། །
ལྕགས་ཁྱིར་ཀྲའོ་ཨེར་ཧྥེང་གི་དམག །
ལྷ་སར་འབྱོར་ཏེ་ཟིང་ཚབ་སློང་། །
རྒྱལ་བ་ཐུབ་བསྟན་རྒྱ་མཚོ་མཆོག །
ཉེན་ཡོལ་ཆེད་དུ་རྒྱ་གར་བྲོས། །
ཨོ་རོ་སོག་དང་དབྱིན་གཞུང་ལ། །
རོགས་སྐྱོར་ཐོབ་པའི་རེ་ཞུས་མཛད། །
ས་བྱ་སྤྱི་ལོ་1909ལོའི་ཟླ་4པའི་ཚེས་15ཉིན་རྒྱལ་བ་སྐུ་འཁོར་རྣམས་སྐུ་འབུམ་ནས་ཆིབས་ཁ་བསྒྱུར་ཞིང་། ཟླ་5པའི་ཚེས་18ཉིན་ནག་ཆུའི་ཁྲ་ཚང་ལ་ཁར་ཕེབས་འབྱོར་སྐབས་སུ་པཎ་ཆེན་རིན་པོ་ཆེ་དང་། རྒྱལ་བ་ཀརྨ་པ། ས་སྐྱའི་བདག་མོ་སོགས་བོད་ཀྱི་བླ་སྤྲུལ་དཔོན་རིགས་ཆེ་རྒུ་རྣམས་ཕེབས་བསུར་འབྱོར། དེ་ནས་བསུ་བ་སེར་ཕྲེང་དང་བཅས་པའི་མཛད་སྒོའི་ཁྲོད་དུ་ནག་ཆུ་སྒྲུབ་ཁང་དགོན་པར་གདན་འདྲེན་ཞུས་ཏེ། དཀར་སྤྲོ་སོགས་གཟབ་རྒྱས་རྟེན་འབྲེལ་ཞུས། ཏཱ་ལའི་བླ་མ་ཕྱི་ཕྱོགས་སུ་ལོ་ངོ་དྲུག་ཙམ་བཞུགས་པའི་རིང་གནས་ཚུལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བ་ནི། 《གཡུ་ཡི་ཕྲེང་བ།》་ལས། “ཀྲང་དབྱིན་ཐང་(张荫堂)བོད་དུ་འབྱོར་རྗེས་བོད་ནང་ཁུལ་དུ་བཅོས་སྒྲིག་ཐོག་བོད་སྐྱོང་བའི་བྱེད་ཐབས་གསར་པ་དོན་ཚན་བཅུ་དགུ་བཏོན་ཏེ་སྲིད་དབང་ཚུར་ལེན་དགོས་ཟེར་བ་དང་། བཙན་ཤེད་ཀྱིས་རྒྱའི་སྐད་ཡིག་དང་གོམས་གཤིས་དང་ལེན་བྱེད་འཇུག་པ་སོགས་ཀྲུང་དབྱང་གོང་མའི་སྲིད་གཞུང་ན་རིམ་གྱི་སྲིད་ཇུས་དང་རྒྱབ་འགལ་གྱི་བྱ་བ་མང་ཙམ་སྤེལ་ཞིང་། དེ་རྗེས་ལན་ཡུས་ཀྱིས་ཨམ་བན་བྱས་རྗེས་རྩ་བའི་ཆ་ནས་ཀྲང་དབྱིན་ཐང་གི་སྲིད་བྱུས་གསར་པ་ལག་ལེན་བསྟར་བ་དང་། དེ་མཚུངས་ཀྲའོ་ཨེར་ཧྥེང་གིས་ཡུལ་དཔོན་རྒྱར་བསྒྱུར་གྱི་ལམ་ལུགས་བཙུགས་པའི་བྱེད་ཐབས་དེ་དར་རྩེ་མདོ་དང་། ལི་ཐང་། འབའ། སོགས་བོད་རིགས་ས་ཁུལ་དུ་དྲག་ཤུལ་ལ་བརྟེན་ནས་ལག་བསྟར་བྱས་སྟབས་རྒྱ་བོད་མི་རིགས་བར་འགལ་བ་ཆེས་ཆེར་ཕྱིན། ” ཞེས་སོགས་གསུངས་པ་ལྟར་རོ། །
ཏཱ་ལའི་བླ་མ་ལྷ་སར་འབྱོར་རྗེས་སྐོར། ཟླ་10པའི་ཚེས་30ཉིན་ཏཱ་ལའི་བླ་མ་སྐུ་འཁོར་རྣམས་ལྷ་སའི་ཉེ་འདབས་སུ་ཕེབས་སྐབས། ཨམ་བན་ལན་ཡུས་(联豫)དང་དེ་མིན་ལས་རོགས་རྣམས་ཕེབས་བསུར་བཅར་ཡང་ཏཱ་ལའི་བླ་མས་སྤྱན་གྱིས་མ་གཟིགས་པའི་ཚུལ་མཛད་དེ་ཁ་ཡ་ཙམ་ཡང་མ་གནང་བར་ཕེབས་པར་གྲགས། ཨམ་བན་ལན་ཡུས་ཁོང་ཁྲོ་མེ་ལྟར་འབར་ནས་ཏཱ་ལའི་བླ་མས་ཨོ་རོ་སོག་གི་མཚོན་ཆ་དབོར་ཡོད་ཅེས་བརྗོད་དེ་རྩེ་ཕོ་བྲང་དུ་ཨམ་བན་ངོ་བསྐྱོད་ཐོག་སྐུ་ཆས་བསྔོག་བཤེར་བྱས་ཀྱང་གང་ཡང་མ་ཐོན་ཞིང་། སླར་ཡང་ནག་ཆུར་མི་སྣ་ཆེད་མངགས་བཏང་ཐོག་སྐུ་ཆས་ཡོངས་རྫོགས་བསྔོགས་བཤེར་བྱས་ཀྱང་མཚོན་ཆ་སྣེ་གཅིག་ཀྱང་མ་ཐོན་པར་སྐུ་ཆས་མང་པོ་བོར་བརླག་ཏུ་སོང་། དེ་ནས་ཏཱ་ལའི་བླ་མས་བོད་བཞུགས་ཨམ་བན་སོགས་ལ་འབྲུ་རིགས་དང་གཟན་ཆས་སོགས་མཁོ་འདོན་བྱེད་མི་ཆོག་པའི་བཀའ་ཕབ་སྟེ་ཕན་ཚུན་བར་མེ་དང་ཆུ་ལྟ་བུར་མཐུན་ཐབས་མེད་པར་གྱུར།
སྐབས་དེར་ཀྲའོ་ཨེར་ཧྥེང་གི་དམག་དཔུང་ཆབ་མདོ་ནས་ལྷ་སར་བསྐྱོད། ལྕགས་ཁྱི་སྤྱི་ལོ་1910ལོའི་ཟླ་2པར་ཁྲོན་དམག་ཀོང་པོ་རྒྱ་མདར་འབྱོར་སྐབས་ཁུལ་དེའི་བོད་དམག་གིས་འགོག་རྒོལ་བྱས་ཀྱང་བོད་དམག་བརྒྱ་ལྷག་ཙམ་བསད། དམག་དཔོན་བཅོ་བརྒྱད་སྐེ་བཅད་དེ་མགོ་བོ་ཁྲོམ་སྟོན་བྱས་པས་མི་རྣམས་སྙིང་རྩ་འདར་བཞིན་མགོ་སྒུར་བྱས། ཀྲའོ་ཨེར་ཧྥེང་གི་དམག་རྣམས་མུ་མཐུད་དེ་ལྷ་སར་ཡོང་སྐབས། ཏཱ་ལའི་བླ་མས་རང་འགུལ་ངང་ཨམ་བན་ལས་རོགས་ཨུན་ཙུང་ཡའོ་རྩེ་ཕོ་བྲང་དུ་གདན་དྲངས་ཏེ། སི་ཁྲོན་དམག་མི་བོད་དུ་ཡོང་བའི་ལམ་འཁེལ་ས་གནས་ཁག་གི་བོད་དམག་རྣམས་ཕྱིར་འཐེན་བྱེད་རྒྱུ་དང་། ཨམ་བན་ལན་ཡུས་ལ་བརྩི་བཀུར་ཞུ་རྒྱུ། གང་ཅིའི་མཁོ་སྤྲོད་རྣམས་སྔར་ལམ་བཞིན་འབུལ་རྒྱུ་བཅས་ཞལ་བཞེས་གནང་། བློན་ཆེན་ཨུན་ཙུང་ཡའོ་ནས་ཀྱང་སི་ཁྲོན་དམག་དཔུང་ལྷ་སར་འབྱོར་རྗེས་སྤྱི་ཚོགས་བདེ་འཇགས་ལ་སྲུང་སྐྱོང་དང་། ཟིང་ཆ་མི་སློང་བ། ཏཱ་ལའི་བླ་མའི་ཆོས་ཀྱི་དབང་ཆར་གནོད་འཚེར་མི་བྱེད་པ། ཆོས་བྱེད་མི་སྣ་དམར་གསོད་མི་བྱེད་པ། བོད་ཀྱི་བྱ་གཞག་ཐམས་ཅད་ཞི་གྲོས་བརྒྱུད་ནས་ཐག་གཅོད་བྱ་རྒྱུ་ཁས་ལེན་མཛད། འོན་ཀྱང་ཀྲའོ་དམག་ལྷ་སར་འབྱོར་འཕྲལ་གྲོང་ནང་གི་ས་སྲུང་དམག་མི་ལ་མེ་མདའ་བརྒྱབ་ནས་བསད། ཕུན་ཁང་ཐའི་ཇི་ལ་མེ་མདའ་བརྒྱབ་ནས་འཛིན་བཟུང་བྱས། ཞབས་འབྲིང་རྣམས་དམར་གསོད་བཏང་།
དེའི་ཕྱི་ལོར་ལྕགས་ཁྱི་ལོར་ཀྲའོ་ཨེར་ཧྥེང་གི་དམག་མི་འགའ་ཤས་ལྷ་སར་འབྱོར། གང་བྱུང་གིས་མི་བསད་རྨས་བྱས་ཤིང་རྩེ་ཕོ་བྲང་ཆེན་མོར་མེ་མདའ་བརྒྱབ། ལོ་དེར་ཏཱ་ལའི་བླ་མ་ཉེན་གཡོལ་ཆེད་དུ་རྒྱ་གར་དུ་བྲོས། རྩེ་ཕོ་བྲང་ལ་ཁར་གཏད་དེ་མེ་མདའ་འཕངས་པ། མི་མང་གི་དངོས་ཟོག་རྣམས་འཕྲོག་བཅོམ་བྱས་ཏེ་ལྷ་ས་ཡོངས་ལ་ཟིང་ཆ་ཆེན་པོ་ལངས། ཏཱ་ལའི་བླ་མས་རྒྱ་གར་ནས་མཚོ་ཐོག་བརྒྱུད་པེ་ཅིང་དུ་ཆིང་གོང་མ་ལ་བོད་ཀྱི་ཆོས་སྲིད་གནས་ཚུལ་སྔ་ཕྱི་བྱུང་བ་རྣམས་ཞིབ་མོལ་ཆེད་དུ་ཕེབས་གྲབས་མཛད།
ཏཱ་ལའི་བླ་མ་རྒྱ་གར་དུ་བྲོས་བྱོལ་སྐོར། ལྕགས་ཁྱི་སྤྱི་ལོ་1910ལོའི་ཟླ་1པོའི་ཚེས་3ཉིན་ཚེ་སྨོན་གླིང་པ་བསྟན་པའི་རྒྱལ་མཚན་རྒྱལ་ཚབ་ཏུ་བསྐོས། སྣེའུ་ཤག་མཁྱེན་རབ་ཕུན་ཚོགས་ཕྱག་རོགས་བསྐོ་བཞག་མཛད་དེ། མཚན་མོ་ནམ་ཕྱེད་ཡོལ་ཙམ་དུ་སྲིད་བློན་བཤད་སྒྲ་དཔལ་འབྱོར་རྡོ་རྗེ་དང་། ཞོལ་ཁང་དོན་གྲུབ་ཕུན་ཚོགས། ཆང་ཁྱིམ་པ་མཁྱེན་རབ་དཔལ་བཟང་། བཀའ་བློན་གསར་བྱུང་ཚེ་བརྟན་དབང་ཕྱུག བཀའ་བློན་བསམ་ཕོ་བ། བཀའ་ཚབ་གུང་ཐང་བསྟན་འཛིན་དབང་པོ་བཅས་ལྷན་དུ་ར་མ་སྒང་གི་གྲུ་ཁ་ཐོན་ཏེ་རྒྱ་གར་དུ་ཉེན་གཡོལ་དུ་ཕེབས། ཕྱི་ཉིན་ཨམ་བན་གྱིས་ཏཱ་ལའི་བླ་མ་བྲོས་བྱོལ་ཕེབས་པའི་གནས་ཚུལ་ཤེས་འཕྲལ་རྟ་དམག་སུམ་བརྒྱ་ཙམ་རྗེས་འདེད་དུ་བཏང་། སི་ཁྲོན་དམག་མི་རྣམས་ཆུ་ཤར་འབྱོར་འཕྲལ་གྲུ་འཚོལ་ཐབས་བྱེད་སྐབས། གཙང་པོ་ཕ་རོལ་དུ་སྐུ་སྲུང་རྒྱ་སྦྱོང་དམག་མི་བཅུ་ལྷག་ཙམ་གྱིས་གཙང་པོའི་ཕ་རོལ་ནས་འགོག་རྒོལ་བྱས་པས་རྒྱ་དམག་བཅུ་ལྷག་ཙམ་བསད། དེ་བྱིངས་དམག་རྣམས་གཙང་པོ་བརྒལ་མ་ཐུབ་པ་དེར་ལུས། སྐབས་དེར་དབྱིན་ཇི་དམག་དཔོན་རྨ་ཁཱ་ཐང་ནས་རྒྱ་གར་དུ་གདན་དྲངས། ཀ་ལིན་སྤུག་ཏུ་ཕེབས་ཏེ་ཞག་བདུན་བཞུགས་པ་དང་། ཆིང་ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་གནས་དབྱུངས་བཏང་བ་དང་། ཡང་སྲིད་གསར་པ་གསེར་བུམ་དཀྲུགས་ཏེ་བསྐོ་བཞག་བྱས་དགོས་པའི་ཁྱབ་བསྒྲགས་བྱས། བོད་སྡོད་ཨམ་བན་ལན་ཡུས་ཀྱིས་ཀྱང་རྩ་ཚིག་དེ་ག་ས་ག་ལ་སྦྱར། གོང་ས་མཆོག་དང་ལྷན་དུ་རྒྱ་གར་བྲོས་བྱོལ་འགྲོ་མཁན་རྣམས་གནས་དབྱུངས་དང་འཛིན་བཟུང་བྱ་དགོས་པའི་ཁྱབ་བསྒྲགས་བྱས་ཚུལ་རྣམས་གསལ་པོར་མཁྱེན་པ་དང་།
པེ་ཅིན་དུ་ཕེབས་རྒྱུའི་རེ་བ་དོར། དབྱིན་ཇིའི་དཔོན་རིགས་རྣམས་ཀྱིས་སྣེ་ལེན་དང་བསྙེན་བཀུར་གང་ལེགས་བྱས་ཤིང་བོད་དོན་སྐོར་གསང་བའི་གྲོས་མོལ་མང་ཙམ་བྱས། དུས་དེར་ཆིང་ཀྲུང་དབྱང་སྲིད་གཞུང་གི་ཏཱ་ལའི་བླ་མའི་སྲིད་ཇུས་ལ་རྒྱལ་ནང་གི་དད་ལྡན་མང་པོས་ངོ་རྒོལ་བྱས་པ་དང་། ཕྱོགས་གཞན་ཞིག་ནས་གོང་ས་མཆོག་ཡུན་རིང་ཕྱི་རྒྱལ་དུ་བཞུགས་ནས་ཕྱི་རྒྱལ་ཁག་དང་ཆིངས་ཡིག་བཞག་ནས་བསམ་ཡུལ་ལས་འདས་པའི་མཐའ་འབྲས་ངན་པ་ཡོང་དོགས་ཀྱིས། སྔར་གྱི་སྲིད་ཇུས་འགའ་ཞིག་ཡོ་བསྲང་བྱས་པར། ཀྲའོ་ཨེར་ཧྥེང་གི་དམག་བོད་ནས་ཕྱིར་འཐེན་རྒྱུ་དང་། རྒྱ་གར་དུ་ཕོ་ཉ་མངགས་ཏེ་གོང་ས་མཆོག་ཕྱིར་དུ་ཕེབས་དགོས་པའི་སྐུལ་མ་ཞུས་པ་སོགས་བྱ་ཐབས་གསར་པ་སྤེལ་བ་དེས་དགེ་འབྲས་གང་ཡང་མ་ཐོན། ལྕགས་ཕག་སྤྱི་ལོ་1911ལོར་འབྲུག་པ་རྒྱལ་པོས་ཀ་ལིན་སྦུག་ཏུ་ཡོད་པའི་སྤྲོ་ཁང་ཞིག་ཡོད་པ་དེ་གོང་ས་མཆོག་ལ་གཏན་བཞུགས་བྱ་ཡུལ་ཕུལ། སྐབས་དེར་སྡེ་དགེའི་གྱང་ཁང་སྲས་རྒྱ་གར་ཀ་ལིང་ཀ་ཏ་ན་ཡོད་པས་གོང་ས་མཆོག་ལ་དཔལ་འབྱོར་གྱི་འགྲོ་སོང་ཐད་ཞབས་ཞུ་གང་དྲག་ཞུས་སྟབས། བོད་དུ་ཕྱིར་ཕེབས་པ་དང་གྱང་ཁང་བུ་ལ་གཟིགས་བཟོས་ཆེན་པོ་གནང་བར་གྲགས། ལོ་དེར་ཨོ་རོ་སོག་གོང་མ་ལ་བོད་རང་བཙན་རྒྱབ་སྐྱོར་དགོས་པའི་རེ་ཞུའི་ཡི་གེ་ཞིག་བཏང་བ་དེའི་ལན་ཡང་འབྱོར།
ལྕགས་ཕག་རྒྱ་ནག་རྒྱལ་པོའི་གཞུང་། །
ཀྲུང་ཧྭ་མི་སེར་རྒྱལ་ཁབ་བཙུགས། །
ཐུབ་བསྟན་རྒྱ་མཚོ་བོད་དུ་ཕེབས། །
ཆུ་བྱི་བོད་སོག་ཆིངས་ཡིག་དང་། །
ཆུ་གླང་སིམ་ལའི་ཆིངས་ཡིག་སྤེལ། །
འབངས་ལ་ས་ཞིང་འདེབས་སྐུལ་དང་། །
སྦྲག་ཁང་ཏར་ཁང་ལ་སོགས་བཙུགས། །
རིམ་བཞིན་དེང་རབས་སྲིད་ལུགས་བརྩོན། །
ལྕགས་ཕག་སྤྱི་ལོ་1911ལོར་ཀྲུང་གོའི་རྒྱལ་ནང་དུ་སྐུ་ཞབས་སུན་ཀྲང་ཧྲན་གྱིས་སྣེ་ཁྲིད་པའི་གསར་བརྗེའི་ལས་འགུལ་ལ་རྒྱལ་ཁ་ཐོབ་སྟེ། མན་ཆིང་བཀས་བཀོད་རྒྱུན་འཛིན་གྱི་ལམ་ལུགས་མགོ་རྟིང་སློག་ནས་ཀྲུང་ཧྭ་མི་སེར་རྒྱལ་ཁབ་བཙུགས། རྒྱལ་བ་ཐུབ་བསྟན་རྒྱ་མཚོས་བོད་ནང་སི་ཁྲོན་དམག་མིས་བརྡབས་གསིག་ཚབ་ཆེན་བྱས་དང་བྱེད་བཞིན་པ་ལ་འགོག་རྒོལ་གྱི་བཀོད་འདོམས་པ་སྤྱན་བསལ་ཟླ་བཟང་དགྲ་འདུལ་བོད་དུ་ཕྱིར་མངགས། དུས་དེར་བོད་ནང་དུ་སི་ཁྲོན་དམག་མི་དང་རྒྱ་རིགས་ངོ་རྒོལ་བྱེད་པའི་ཟིང་ཆ་ཤུགས་ཆེན་ལངས། ལྷག་པར་དུ་སི་ཁྲོན་དམག་མིས་གང་བྱུང་གིས་བཅོམ་འཕྲོག་བྱས་པ་དང་། བུད་མེད་ལ་ལོག་གཡེང་། ཚོང་ཟོག་བཅོམ་འཕྲོག ཁང་པ་མེར་བསྲེགས་པ་སོགས་བྱས་སྟབས་བོད་མི་ཚོས་མཐའ་གཅིག་ཏུ་ངོ་རྒོལ་བྱས། སི་ཁྲོན་དམག་མི་རྣམས་ནང་ཁུལ་ལའང་ནང་མི་མཐུན་པའི་འཐབ་འཁྲུག་ཀྱང་ལངས། བོད་ནང་ཕྱོགས་ནས་ཀྱང་ཚ་རོང་དབང་ཕྱུག་རྒྱལ་པོ་དང་། བཀའ་དྲུང་ཚ་ཞག་པ། བསྟན་རྒྱས་གླིང་སོགས་ཀྱིས་སི་ཁྲོན་དམག་མི་ལ་རྒྱབ་སྐྱོར་བྱེད་མཁན་ཡང་བྱུང་སོགས་རྙོག་འཛིངས་ཆེ་བའི་གནས་སུ་གྱུར། ལྷ་སའི་གྲོང་གི་བྱང་ཕྱོགས་བོད་དམག་གིས་བཟུང་ཞིང་། ལྷོ་ཕྱོགས་ཁྲོན་དམག་གིས་བཟུང་ནས་ཕན་ཚུན་མེ་སྒྱོགས་བརྒྱབ་ཏེ་དམག་འཁྲུག་བྱས། མཐར་སི་ཁྲོན་དམག་རྣམས་ཕམ་ཉེས་ཚབས་ཆེན་བྱུང་།
ཆུ་བྱི་སྤྱི་ལོ་1912ལོའི་ཟླ་5པའི་ཚེས་10ཉིན་གོང་ས་མཆོག་རྒྱ་གར་ཀ་ལིན་སྦུག་ནས་བོད་དུ་ཆིབས་ཁ་བསྒྱུར། རྒྱ་གར་དུ་ཡོད་པའི་བོད་རིགས་སྐྱ་སེར་རྣམས་ཀྱིས་ཕེབས་སྐྱེལ་གཟབ་རྒྱས་དང་།
དབྱིན་ཇིའི་དཔོན་རིགས་འགའ་ཞིག་གིས་རུ་སྒྲིག་ཞྭ་ཕུད་ཀྱིས་གུས་འདུད་དང་མཇལ་ཁ་ཞུས། དེ་ནས་ཤར་གསིང་མ་ཕེབས་ཏེ་ཞག་བདུན་བཞུགས། དེར་སེར་འབྲས་དགའ་གསུམ་གྱི་སེར་དམག་ཉིས་བརྒྱ་དང་། སྤོམ་མདའ་ཚང་དང་། འབྲོང་པ་ཚང་གི་ཁམས་དམག་བཅས་ཀྱི་ཕེབས་བསུ་དང་སྲུང་སྐྱོབ་འོག་ཕག་རི་བརྒྱུད་དེ་ཕེབས། སྐབས་དེར་ལྷ་སར་དམག་འཁྲུག་མཇུག་སྒྲིལ་མེད་སྟབས་བསམ་སྡིངས་དགོན་པར་ཟླ་བ་གཉིས་ཙམ་བཞུགས། དུས་དེར་ཨམ་བན་ལན་ཡུས་དང་། དམག་དཔོན་མན་ཀྲུང་རྣམ་གཉིས་ནས་ཏཱ་ལའི་བླ་མ་བསམ་སྡིངས་ཕེབས་ཡོད་པ་ཤེས་འཕྲལ་བང་མི་བཏང་སྟེ། རྒྱ་བོད་ཆིངས་འདུམ་གྲོས་མོལ་གནང་བར། གོང་ས་མཆོག་ནས་སྐུ་ཚབ་ཅིག་འཕྲལ་དུ་བཏང་གནང་མཛད་རྒྱུའི་རེ་བ་བཏོན་པ་ལྟར། ཆང་ཁྱིམ་མཁྱེན་རབ་དཔལ་བཟང་དང་། སེ་སྨད་ཚ་བ་ཁྲི་པ་སྤྲུལ་སྐུ། རྩེ་མགྲོན་བསྟན་འཛིན་ཕུན་ཚོགས་བཅས་ནང་དོན་བཀའ་སློབ་ཞིབ་རྒྱས་དང་འབྲེལ་ལྷ་སར་མངགས། ཕན་ཚུན་ཞི་བའི་གྲོས་མོལ་བྱས་པར་བརྒྱུད་བོད་བཞུགས་ཨམ་བན་དང་། ཕོགས་དཔོན་སོགས་འབྲེལ་ཡོད་དཔོན་རིགས་དང་སྐུ་སྲུང་ཉུང་ཤས་ཕུད། དེ་མིན་སི་ཁྲོན་དམག་ཡོངས་རྫོགས་རྒྱ་གར་བརྒྱུད་ཕྱིར་ལོག་དགོས་པ་དང་། རྒྱའི་དཔོན་རིགས་དང་སྐུ་སྲུང་པར་དགོས་ངེས་ཀྱི་མེ་མདའ་བཅུ་ཕྲག་ཁ་ཤས་ཕུད། དེ་བྱིངས་མཚོན་ཆ་ཡོངས་རྫོགས་ས་གནས་སྲིད་གཞུང་གི་གོ་མཛོད་དུ་དམ་འབྱར་གྱིས་ཉར་ཚགས་བྱ་དགོས་པའི་ཆོད་ཡིག་བཞག དེ་ནས་ལྷ་སའི་གནས་ཚུལ་ཡང་རིམ་བཞིན་ལྷིང་འཇགས་སུ་སོང་། ཆུ་བྱི་ལོའི་ཟླ་12པའི་ཚེས་16ཉིན་ལྷ་སར་ཞབས་སོར་འཁོད། གོང་ས་མཆོག་སླར་ཡང་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཁྲིར་འཁོད་རྗེས། བསྟན་རྒྱས་གླིང་པས་ཁྲོན་དམག་ལ་རོགས་རམ་བྱས་སྟབས་དགོན་པའི་རྒྱུ་དངོས་ཡོངས་རྫོགས་གཞུང་བཞེས་གནང་ཞིང་སྒོ་བརྒྱབ། དགེ་འདུན་པ་རྣམས་རང་རང་སོ་སོའི་གནས་སུ་སློག ཟླ་བཟང་དགྲ་འདུལ་ཁྲོན་དམག་འགོག་པ་ལ་མཛད་རྗེས་ཆེ་བས་བོད་ཀྱི་དམག་སྤྱི་བསྐོས། ཚ་རོང་དབང་ཕྱུག་རྒྱལ་པོ་དང་། སྲས་བཀའ་མགྲོན་གཉིས་ཀ་མེ་མདའ་བརྒྱབ་སྟེ་བསད་སྟབས། ཟླ་བཟང་དགྲ་འདུལ་གྱིས་ཚ་རོང་ཤུལ་འཛིན་བསྩལ་བས་ཕྱིས་ཚ་རོང་ཟླ་བཟང་དགྲ་འདུལ་ཞེས་གྲགས། ཚེ་སྨོན་གླིང་བསྟན་པའི་རྒྱལ་མཚན་ལ་གཟེངས་བསྟོད་དུ་སྒོས་གཞིས་མང་པོ་གསོལ་རས་གནང་།
སིམ་ལའི་ཆིངས་ཡིག སྤྱི་ལོ་1913པའི་ཆུ་གླང་ལོའི་ཟླ་10པའི་ཚེས་13ཉིན། རྒྱ་གར་གྱི་བྱང་ངོས་སིམ་ལ་ཞེས་པའི་ས་ཆ་དེར་ཀྲུང་དབྱང་སྲིད་གཞུང་གི་སྐུ་ཚབ་དབྱི་ཧྥན་དང༌། ཝང་ཧའེ་ཕིན། དབྱིན་ཇིའི་སྐུ་ཚབ་བློན་ཆེན་རྨེ་ཁ་མ་ཧུང་དང༌། བོད་ཀྱི་སྐུ་ཚབ་སྲིད་བློན་བཤད་སྒྲ་དཔལ་འབྱོར་རྡོ་རྗེ་སོགས་ཀྱིས་གཙོ་བྱས་ནས་སིམ་ལའི་གྲོས་ཚོགས་ཞེས་པ་དེ་འཚོགས། བོད་ཀྱི་སྲིད་བློན་བཤད་སྒྲ་དཔལ་འབྱོར་རྡོ་རྗེས་གྲོས་ཚོགས་ནང་དུ་རེ་འདུན་དོན་ཚན་དྲུག་བཏོན་པ་དེ་ལ། ཀྲུང་དབྱང་སྲིད་གཞུང་གི་སྐུ་ཚབ་དབྱི་ཧྥན་གྱིས་དགག་ལན་དོན་ཚན་བདུན་བཏོན་པས་ཀྲུང་དབྱང་གི་སྐུ་ཚབ་དང༌། བོད་ཀྱི་སྐུ་ཚབ་བར་འཁོན་རྩོད་བྱུང༌། དབྱིན་ཇིའི་སྐུ་ཚབ་རྨེ་ཁ་མ་ཧུང་གིས་བར་འདུམ་གྱི་ཚུལ་དུ་དོན་ཚན་བཅུ་གཅིག་བཏོན་ཡོད། ལོ་དེའི་སྔ་ལོ་ཆུ་བྱི་ལོར་བོད་སོག་བར་ཆིངས་ཡིག་དོན་ཚན་དགུ་ཡོད་པ་ཞིག་འཇོག་ཡོད།
དཔྱ་ཁྲལ་ལམ་ལུགས་ལེགས་བཅོས་སྐོར། ཤིང་སྟག་སྤྱི་ལོ་1914ལོར་སྔར་གཙང་སྡེ་རྣམས་ཀྱིས་བཀྲ་ཤིས་ལྷུན་པོ་ལ་དཔྱ་ཁྲལ་ཞིང་བོགས་གང་འཚམས་རེ་འཇལ་བ་ལས། བོད་གཞུང་ལ་དཔྱ་ཁྲལ་ཆེ་རིགས་འཇལ་མི་དགོས་སྟབས། ཐེངས་འདིར་དབུས་གཙང་གཅིག་གྱུར་གྱིས་བོད་སྡེ་པ་གཞུང་དཔྱ་ཁྲལ་འཇལ་དགོས་པར་བཟོས། གཞིས་ཀ་རྩེའི་སྤྱི་རྫོང་དུ་མཁན་ཆུང་བློ་བཟང་དོན་གྲུབ་དང་། ཤོད་དྲུང་མུ་བྱ་བསྐོ་བཞག་གནང་ཐོག གཙང་ཕྱོགས་རྫོང་ཁག་བཅུ་དྲུག་ལ་དོ་དམ་བྱས། པཎ་ཆེན་མངའ་འོག་གི་རྫོང་གཞིས་ཚང་མ་དེའི་ནང་དུ་འདུས་པར་མ་ཟད། རྫོང་གཞིས་དེ་དག་ནས་བལ་ཤོ་དང་།
ལྤགས་ཤོ། ཚྭ་ཤོ་སོགས་ཁྲལ་རིགས་སྣ་ཚོགས་བསྡུ་ལེན་བྱས། དེ་བཞིན་དུ་ལྕགས་བྱ་སྤྱི་ལོ་1921ལོར་ཞིབ་འཕར་ལས་ཁུངས་གསར་དུ་བཙུགས་ཏེ། བཀྲ་ཤིས་ལྷུན་པོར་ལོ་རེ་དམག་ཕོགས་འབྲུ་ཁལ་ཁྲི་གཅིག་བསྒྲུབ་དགོས་པའི་བཀའ་ཕབ་སྟབས་སྡེ་པ་གཞུང་དང་།
བཀྲ་ཤིས་ལྷུན་པོའི་བར་འབྲེལ་བ་ཇེ་སྡུག་ཏུ་ཕྱིན། ཆུ་ཕག་སྤྱི་ལོ་1923ལོའི་ཟླ་11པའི་ཚེས་15ཉིན་གྱི་མཚན་མོར་པཎ་ཆེན་དགུ་པ་རྒྱ་ནག་ཏུ་བྲོས་བྱོལ་ཕེབས།
འཛིན་སྐྱོང་བཅོས་བསྒྱུར་སྐོར། དེ་ནས་རིམ་བཞིན་འཛིན་སྐྱོང་ལམ་ལུགས་སྤྱི་མཐུན་ལྟར་དགོས་པའི་དགོངས་པ་སད་ནས། ཤིང་སྟག་སྤྱི་ལོ་1914ལོར་སིམ་ལའི་གྲོས་ཚོགས་གྲོལ་རྗེས་མི་རིང་བ་ཞིག་ནས་བོད་དམག་བཅོས་སྒྲིག་དང་རྒྱ་བསྐྱེད་བཏང་སྟེ། དམག་སྒར་གཅིག་ལ་ཉི་ཧོང་དམག་ལུགས་ཀྱི་དྲག་རྩེད་སྦྱོང་བརྡར་དང་། དམག་སྒར་གཅིག་ལ་ཨོ་རོ་སོག་གི་ལུགས་སྲོལ་གྱི་དམག་རྩེད་སྦྱོང་བརྡར་དང་། དམག་སྒར་གཅིག་ལ་དབྱིན་ཇི་ལུགས་ཀྱི་དམག་རྩེད་སྦྱོང་བརྡར། སྔར་ཡོད་རྒྱ་སྦྱོང་དམག་རྩེད་བཅས་ཁག་སོ་སོར་དམག་སྦྱོང་བྱེད་བཅུག་ནས་དམག་སྟོབས་བསྐྱེད་བརྩོན།
དེ་ནས་བོད་དམག་གི་གོ་མཚོན་གྱི་འབྱུང་ཁུངས་ཡར་བསྐྱེད་གཏོང་བའི་ཆེད་དུ། གྲྭ་བཞི་གློག་འཕྲུལ་ཁང་གསར་བཙུགས་ཐོག་མེ་མདའ་དང་།
མདེའུ་འབོར་ཚད་དང་། སྤུས་ཚད་གཉིས་ཀ་ཁག་ཐེགས་ཐུབ་པ་ཞིག་མ་བྱུང་སྟབས། རྗེས་སུ་གྲྭ་བཞི་དངུལ་སྤར་ཁང་དུ་བསྒྱུར་ནས་བོད་རང་གི་དངུལ་ལོ་དཔར་ཞིང་འགྲེམས་སྤེལ་བྱས།
བོད་དུ་གློག་དང་། གཏེར་ལས། སྦྲག་ཏར་ལས་རིགས་སོགས་གསར་འཛུགས་ཆེད་བྱང་ངོས་པ་རིག་འཛིན་རྡོ་རྗེ་དང་། སྨོན་གྲོང་མཁྱེན་རབ་ཀུན་བཟང་།
སྐྱིད་སྦུག་དབང་འདུས་ནོར་བུ། སྒོག་མཁར་བསོད་ནམས་རྒྱལ་པོ་བཅས་དཔོན་རིགས་ཀྱི་གཞོན་ནུ་བཞི་དབྱིན་ཇིའི་རྒྱལ་ས་ལན་ཏོན་དུ་བཏང་ནས་སོ་སོར་སློབ་སྦྱོང་བྱེད་བཅུག་པ་རེད། ཁོ་ཚོ་ཕྱིར་བོད་དུ་ལོག་རྗེས་རང་རང་གི་ཆེད་སྦྱོང་དང་མཐུན་པའི་ལས་དོན་བསྒྲུབས། ཤིང་གླང་སྤྱི་ལོ་1925ལོར་སྦྲག་ཏར་ཁང་གསར་དུ་བཙུགས་པ་དང་། དེའི་འགོ་འཛིན་རྩེ་དྲུང་གྲགས་པ་ཆོས་རྒྱལ་སོགས་བསྐོས།
དེ་ནས་ཞིང་ལས་རྒྱ་བསྐྱེད་པའི་ཆེད་དུ། རི་ཀླུང་གི་ས་སྟོང་རྣམས་ཁྱིམ་པ་རྩོལ་ལྡན་སུས་ཞིང་ཁ་གསར་གཏོད་ཀྱིས་རྨོ་བརྐོ་བྱས་ན་གཞུང་སྒེར་སུས་ཀྱང་བཀག་འགོག་བྱ་མི་ཆོག་པ་དང་། དེའི་འབྲས་བུ་ལ་ལོ་གསུམ་རིང་ཁྲལ་མེད་བེད་སྤྱོད་བྱ་ཆོག་པ་སོགས་ཀྱི་དམིགས་བསལ་སྲིད་ཇུས་སྤྲེལ་ཏེ་ཞིང་ལས་སྐུལ་སློང་བྱས། ཆུ་ཕག་སྤྱི་ལོ་1923ལོར་ཇ་ཆུ་རོང་དུ་ཇ་ཤིང་འདེབས་ལས་ཀྱི་ཚོད་ལྟ་གནང་ཞིང་། དེའི་འགོ་འཛིན་བྱམས་པ་བསྐལ་བཟང་བསྐོ་བཞག་བྱས།
ཚོང་ལས་ཐོན་སྐྱེད་སྐོར། སྐབས་དེར་བོད་ཀྱི་ཚོང་རྫས་གཙོ་བོ་ལུག་བལ་ཡིན་ཞིང་། བོད་ཡུལ་གྱི་བལ་གོང་གཅིག་གྱུར་གྱི་བསྡུ་ལེན་བྱ་ཞིང་རྒྱ་གར་ལ་སྡེབས་ཚོང་བྱ་རྒྱུ་དང་། བལ་ཚོང་སྐྱེལ་འདྲེན་སོགས་སྦོམ་མདའ་ཚང་ལ་ལས་འགན་སྤྲོད་ཡོད་ཀྱང་།
གོང་ས་མཆོག་གི་ཕྱི་འབྲེལ་གྱི་མཛད་འཕྲིན་ནང་དུ་ཨ་རི་སོགས་ལའང་བལ་ཚོང་སྐོར་ལ་འབྲེལ་ལམ་གནང་ཡོད་པ་རྣམ་ཐར་དུ་གསལ་བ་ལྟར་རོ། །