ལུང་ཁུག་ནས་སྤོས་ཏེ་བདེ་སྐྱིད་ཀྱི་འཚོ་བར་རོལ།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 01-08




 ལུང་ཁུག་ནས་སྤོས་ཏེ་བདེ་སྐྱིད་ཀྱི་འཚོ་བར་རོལ།

   སྤྱི་ཟླ12པའི་ཚེས20ཉིན། འབའ་ཐང་ནས་རླངས་འཁོར་བསྡད་དེ་སྐར་མ་བཅུ་ལྷག་འགོར་རྗེས་ད་གཟོད་རྡོ་གཞོང་ཡུལ་ཤོག་རྒྱ་ཤོད་གྲོང་སྡེར་བསླེབས་ཐུབ་པ་དང་། གསར་འགོད་པ་དང་བཅས་པ་ཀྱག་ཀྱོག་གི་སྣུམ་སྙིགས་གཞུང་ལམ་བརྒྱུད་དེ་གྲོང་མི་རྒྱལ་མཚན་ཚང་ལ་སོང་བ་ཡིན། རྒྱལ་མཚན་ཚང་ནི་ས་གཤིས་ཀྱི་གནོད་སྐྱོན་བྱུང་བའི་གནས་སྤོ་ཡུལ་མིའི་དུད་ཚང་ཡིན། སྐབས་དེར་ཁོ་རང་གྲོང་མི་འགའ་དང་མཉམ་དུ་ཁོ་རང་གི་བོད་པའི་ཐོག་ཁང་གི་ཤིང་བཟོས་རྒྱུག་ཁྲིའི་སྟེང་དུ་ཐང་སྣུམ་བསྐུ་བཞིན་ཡོད་པ་དང་། སྒོ་ཁའི་སྒེར་ཞིང་ཁྲོད་རིགས་སྣ་ཚོགས་ཀྱི་སྔོ་ཚལ་བཙུགས་ནས་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བཞིན་པ་རེད།

    རྒྱལ་མཚན་ཚང་གི་ཐོག་བརྩེགས་གཉིས་ཅན་གྱི་སྡོད་ཁང་དེ2014ལོ་བསྐྲུན་པ་རེད། གསར་འགོད་པ་དང་བཅས་པ་རྒྱལ་མཚན་དང་མཉམ་དུ་ཁྱིམ་དུ་སླེབས་སྐབས་མགྲོན་ཁང་གི་སྒྲིག་བཀོད་དག་བོད་པའི་ཁྱད་ཆོས་རབ་ཏུ་ལྡན་ལ་ཡངས་ཤིང་གསལ་བ་རེད། མགྲོན་ཁང་གི་དཀྱིལ་དུ་ཀྲུའུ་ཞི་མའོ་ལགས་ཀྱི་སྐུ་པར་དང་། བཟའ་ཟླས་ཁོམ་དུས་སུ་བཟོས་པའི་རྩེ་པོ་ཏ་ལའི་ཚེམ་དྲུབ་པར་རིས་གཉིས་འགེལ་འདུག ཁོས་ང་རང་ལུང་ཁུག་གྲོང་སྡེ་ནས་སྐྱིད་པོ་དང་ཉེན་མེད་ཀྱི་སྡོད་ཁང་འདིར་སྤོས་ནས་གྲོང་ཁྱེར་གྱི་མི་ཚོའི་འཚོ་བ་འདྲ་པོ་རོལ་ཐུབ་པ་ནི་རྨི་ལམ་ནང་ལའང་དྲན་མ་མྱོང། འདི་ཚང་མ་ཏང་དང་རྒྱལ་ཁབ་ཀྱིས་ང་ཚོར་ཐུགས་ཁུར་དང་རོགས་རམ་གནང་བའི་བཀའ་དྲིན་ཡིན་ཞེས་བཤད་པ་རེད།

   རྒྱ་ཤོད་གྲོང་སྡེའི་སྔོན་མའི་གནས་ཡུལ་ནི་རྫོང་མཁར་དང་རྒྱང་ཐག་སྤྱི་ལེ140ཡོད་པས། ས་རྒྱུ་ཞན་པ་དང་ས་གཤིས་ཀྱི་གནོད་སྐྱོན་བྱུང་མང་བ། གྲོང་མི་ཚོས་གནམ་གཤིས་ལ་བརྟེན་ནས་འཚོ་བ་སྐྱེལ་ན་མ་གཏོགས་ཐབས་གཞན་མེད་པས་ལོ་རེའི་ཡོང་འབབ་སྒོར1000ཡན་མན་ལས་མེད་པ་རེད། རྒྱལ་མཚན་གྱིས་ཕྱིར་དྲན་བྱེད་སྐབས། ས་གདན་མར་བརྡིབས་པར་བརྟེན་གྲོང་མི་ཚོས་མི་ཚེ་ཧྲིལ་པོའི་བསགས་དངུལ་སྤྱད་ནས་བསྐྲུན་པའི་སྡོད་ཁང་ཕལ་ཆེར་ལོ་འགའ་ལས་མི་དགོས་ནས་རྒྱུན་ལྡན་ལྟར་སྤྱོད་ཐབས་བྲལ་སོང་། གྲོང་མི་མང་པོའི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཚབས་ཆེན་ཐེབས་ནས་གཉེན་ཉེ་གྲོགས་པོའི་ཁྱིམ་དུ་གནས་ཚང་གཡར་བ་ལས་ཐབས་མེད་པ་རེད་ཅེས་བཤད་པ་རེད།

   2003ལོར་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཞིང་ཆེན་ས་གཤིས་རྩད་ཞིབ་བྱེད་མཁན་ཆེད་རམས་པ་གདན་ནས་རྒྱ་ཤོད་གྲོང་སྡེར་རྩད་ཞིབ་ཐེངས་མང་བྱས། ཆེད་རམས་པས་གསལ་འབྱེད་བྱས་ནས་གྲོང་སྡེ་འདི་ཡུལ་འདིར་འཚོ་གནས་བྱེད་མི་འཕྲོད་པ་ངོས་འཛིན་བྱས་པར་བརྒྱུད། ཁོང་ཚོས་མགྱོགས་མྱུར་ངང་ཡུལ་གཞན་དུ་གནས་སྤོ་བྱ་དགོས་པའི་གྲོས་གཞི་བཏོན། གྲོང་མི་སྔ་ཚེར་ཡུལ་གཞན་དུ་སྤོས་ནས་བློ་བདེའི་འཚོ་བ་རོལ་ཐུབ་པའི་ཆེད་དུ། གྲོང་སྡེའི་ཏང་ཀྲི་པུའུ་ཡི་མི་སྣ་ཚོ་གྲོང་མིའི་ཁྱིམ་དུ་ཕྱིན་ནས་བསམ་བློའི་སྐུལ་སློང་ལས་ཀ་སྤེལ་བ་དང་ཡུལ་མི་གནས་སྤོའི་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་སྒྲོག་འགྲེལ་ཞིབ་ཕྲ་བྱས། 2012ལོར་འབད་བརྩོན་བྱས་པར་བརྒྱུད། གྲོང་སྡེའི་ཀྲི་པུའུ་ཧྲུའུ་ཅི་དང་ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་འོག་གྲོང་སྡེ་ཡོངས་ཀྱི་དུད་ཚང77གྱི་གྲོང་མི་ཡོངས་རྫོགས་གནས་སྤོ་བྱ་རྒྱུ་ཡིད་མཐུན་བྱུང་བ་རེད།

   ཡུལ་མི་གནས་སྤོ་བྱེད་སྐབས་རྒྱལ་ཁབ་ཀྱིས་ང་ཚོར་རོགས་རམ་མང་པོ་བྱས་ཡོད། དཔེར་ན་སྤྱིན་ཚབ་མི་དགོས་ནས་ཁ་གསབ་རྟེན་གཞི་དང་ཡུལ་མི་གནས་སྤོའི་ཁ་གསབ་རོགས་དངུལ་སྒོར་ཁྲི3སྤྲད་པར་མ་ཟད། ད་དུང་ཡིད་རྟོན་དངུལ་ཁང་དུ་དངུལ་བུན་གཏོང་ལེན་བྱེད་ཆོག སྐབས་དེའི་གནས་སྤོ་བྱས་པའི་གནས་ཚུལ་དྲན་སྐབས་རྒྱལ་མཚན་སྔར་བཞིན་སེམས་འགུལ་ཐེབས་ནས་དེ་ལྟར་བཤད་པ་རེད།

   རྒྱལ་མཚན་ཆུང་དུས་ནས་སློབ་གྲྭར་འགྲོ་མྱོང་བ་མ་རེད། ལོ་ན16གྱི་སྐབས་སུ་ཁོ་རང་གྲོང་མི་དང་མཉམ་དུ་ཕྱི་ཕྱོགས་སུ་གླ་རྒྱག་སར་སོང་། ཐེངས་ཤིག་ལ་སྟབས་ལེགས་པའི་གོ་སྐབས་ཤིག་འཕྲད་ནས་ཁོ་རང་ཚོང་རྒྱག་པའི་ལམ་བུར་ཕྱིན་པ་རེད། ཉིན་ཞིག་རྒྱལ་མཚན་ལས་ཀ་ལས་ཚར་ནས་ཁྱིམ་དུ་ཕྱིར་ལོག་པའི་ལམ་དུ་མི་ཞིག་གིས་སྟར་ཀ་ཉོ་སྒྲུབ་བྱེད་བཞིན་པར་མཐོང་། ཁོས་གྲོང་སྡེའི་ནང་སྟར་ཀ་དེ་འདྲ་མང་པོ་ཡོད་པས་གལ་སྲིད་ཁྱིམ་དུ་ཕྱིར་ལོག་ནས་བསྡུ་ཉོ་བྱས་ཏེ་ཚོང་དཔོན་འདི་ལ་བཙོངས་ན་ང་རང་དང་གྲོང་མི་ཚང་མའི་ཡོང་འབབ་འཕར་ཐུབ་རྒྱུ་རེད་སྙམ། རྒྱལ་མཚན་གྱིས་དྲན་མ་ཐག་སྟར་ཀ་ཉོ་སྒྲུབ་བྱེད་མཁན་ཚོང་དཔོན་དང་གྲོས་བྱས་རྗེས་ཁྱིམ་དུ་ཕྱིར་ལོག་ནས་གྲོང་སྡེར་སྟར་ཀ་བསྡུ་ཉོ་བྱས། སྐབས་དེར་ཁོས་ཚོང་དཔོན་གྱི་ལག་ནས་སྟར་ཀ་ཉོ་སྒྲུབ་བྱེད་རིན་སྒོར་ཁྲི3རག་པ་ནས་བཟུང་ལོ16རིང་སྟར་ཀ་ཉོ་སྒྲུབ་བྱས་པ་རེད། ཁོ་རང་ཁུལ་ཡོངས་ཀྱི་རྫོང་མང་པོར་འགྲོ་མྱོང་པ་དང་དེར་མ་ཟད་གྲོང་སྡེའི་ནང་གི་སྟར་ཀ་ཞིང་ཆེན་གཞན་དག་ལ་བྲིན་འཚོང་བྱས། ཐོག་མར་སྔོན་མའི་གྲོང་སྡེར་ཡོད་སྐབས་འགྲིམ་འགྲུལ་དང་ཆ་འཕྲིན་གྱི་ཆ་རྐྱེན་ཞན་ནས་སྟར་ཀ་སྐྱེལ་འདྲེན་བྱེད་པའི་ལམ་བུར་དཀའ་སྡུག་ཆེན་པོ་བརྒྱབ་མྱོང་བ་རེད། ད་ལྟར་ཁྱིམ་གཞིས་གསར་པར་སྤོས་རྗེས་འགྲིམ་འགྲུལ་དང་ཆ་འཕྲིན་ཚང་མ་ཧ་ཅང་སྟབས་བདེ་བས། ག་དུས་ཡིན་རུང་དོས་སྐྱེལ་རླངས་འཁོར་བཙལ་ནས་ཉིན་གཅིག་ལས་མི་དགོས་པར་སྟར་ཀ་ཉོ་སྒྲུབ་བྱེད་ཐུབ་པ་རེད་ཅེས་བཤད་པ་རེད།

    2017ལོར་རྒྱལ་མཚན་ལ་ལོ་རེའི་ཡོང་འབབ་སྒོར་ཁྲི20ཙམ་ཡོད་འདུག རང་ཉིད་ཕྱུག་འགྱུར་ཡོང་བ་དང་ཆབས་ཅིག རྒྱལ་མཚན་གྱིས་ནམ་ཡང་གྲོང་མི་དབུལ་ཕོངས་ཀྱི་གནས་ཚུལ་སེམས་ལ་བཞག་ནས2018ལོར་ཁོས་གྲོང་མི་དབུལ་ཕོངས20ཁྲིད་ནས་སྟར་ཀ་བསྡུར་སར་ཕྱིན། སྔོན་ཆད་ང་རང་ས་ཆ་གཞན་དུ་གླ་རྒྱག་སར་ཕྱིན་ནས་ཉིན་རེར་ཆེས་མང་ནའང་ལས་གླ་སྒོར150ཙམ་ལས་མེད་པ་རེད། ཨ་ཇོ་རྒྱལ་མཚན་གྱིས་ཉིན་རེར་སྒོར200རེ་སྦྱིན་ཐོག་ད་དུང་ཟ་མ་སྦྱིན་རྒྱུ་ཡོད་འདུག དེང་སང་ང་རང་ཡང་རང་གིས་ནུས་པར་བརྟེན་ནས་ཁྱིམ་མི་གསོ་ཐུབ་པ་རེད་ཅེས་ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་དབུལ་ཕོངས་རྡོ་རྗེས་སེམས་འགུལ་ཐེབས་པའི་ངང་དེ་ལྟར་བཤད་པ་རེད།

     ད་ལྟར་ཏང་དང་སྲིད་གཞུང་གི་སྲིད་ཇུས་ཡག་པོ་འདི་འདྲ་ཡོད་པས། ང་ཚོ་མི་སེར་ཚོས་ལས་ཀ་ཡག་པོ་མི་སྒྲུབ་པའི་རྒྱུ་མཚན་ཅི་ཡང་ཡོད་མི་འདུག སོང་ལོར་ངས་གྲོང་མི་དང་མཉམ་དུ་རི་འགོར་སྐྱེ་བའི་ཁམ་བུ་ཉོ་སྒྲུབ་བྱེད་པའི་གྲ་སྒྲིག་ཡོད། དཀའ་སྤྱད་འབད་འཐབ་བྱས་ན་དབུལ་ཐར་ཡོང་ཐུབ་པ་ནི་རྨི་ལམ་མིན་ཞེས་རྒྱལ་མཚན་གྱི་གདོང་ལ་འཛུམ་གྱིས་ཁེངས་ནས་དེ་ལྟར་བཤད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1