གནད་བསྡུས། དཔྱད་རྩོམ་འདིར་ལུང་རིགས་གཉིས་ལས་རིགས་པ་གཙོ་བོར་བཟུང་སྟེ། ཐོག་མའི་དོན་ཅན་གྱི་མགོ་གང་འས་འཕུལ་ཅན་གྱི་འགོ་དང་མས་འཕུལ་ཅན་གྱི་མགོ་གཉིས་ལས། རང་ལུགས་སུ་མས་འཕུལ་ཡང་དག་པ་ཡིན་ཚུལ་བསྒྲུབས་འདུག
གནད་ཚིག །ཐོག་མ། མགོ འགོ
གླེང་སློང་བ།
ཇི་སྐད་དུ། ང་དྲིན་ཅན་བློན་པོ་ཐོན་མི་ངས། །ལམ་བགྲོད་པར་དཀའ་བའི་རྒྱ་གར་དུ། །ལུས་ཚ་གྲང་ཆེ་ཡང་དཀའ་བ་སྤྱད། །ཁོང་མཁས་པ་བྲམ་ཟེ་ལི་བྱིན་ལ། །ཡིད་གུས་པའི་ཚུལ་གྱིས་མོས་གུས་བྱས། །ནོར་རིན་ཆེན་གསེར་གྱི་ཕྱག་རྟེན་ཕུལ། །དོན་རྙེད་པར་དཀའ་བའི་ཡིག་འབྲུ་བསྟན། །[2]ཞེས་ཟླུམ་གཟུགས་གོ་ལའི་རྩེ་མོར་གཞིས་ཆགས་གཏན་རྐང་ཚུགས་པའི་གངས་ཅན་ལྗོངས་སུ་དེང་སང་སྤྱོད་བཞིན་པའི་ཡི་གེ་འདི་བྱུང་བ་ནས། ད་བར་འཕེལ་གྲིབ་ཀྱི་ཆོས་ཉིད་མང་པོའི་རླབས་རྒྱུན་དང་བསྡོངས་ཡོད་པ་ནི་ཀུན་གྱིས་ཤེས་ཤེས་སུ་ཡོད་ལ། དེ་འདྲའི་ཆོས་ཉིད་ལས་དེང་ནའང་ད་དུང་སྤྱོད་རུང་དུ་རྒྱུན་བཟུང་ཡོད་པ་ནི། ལོ་པན་དང་མཁས་གྲུབ་རྣམ་པ་ཚོའི་བཀའ་དྲིན་ལས་བྱུང་བ་ནི་བཤད་པའི་དགོས་པ་དང་བྲལ་བའོ། །འོན་ཏང་། དེང་གི་དུས་སུ་རིག་གནས་གཞན་དང་འབྲེལ་འདྲིས་ཆེ་ཞིང་། ངེད་ཅག་གི་སྙིགས་དོར་བཅུད་ལེན་གྱི་བློ་རིག་རབ་ཏུ་བསྒྲིབས་སོང་བས། སྐད་དང་ཡི་གེ་གཉིས་ཀར་རྨ་ཁ་བཟོས་དང་བཟོ་མུས་ཡིན་ལ། སྐད་ཆ་གཙང་མ་ཞིག་དང་ཡི་གེ་དག་མ་ཞིག་འབྲི་མཁན་ནི་ཤིན་ཏུ་ནས་ཉུང་པོར་གྱུར་ཡོད།
དེ་ཡང་། དབྱངས་ཅན་གྲུབ་པའི་རྡོ་རྗེ་མཆོག་གིས། ཚིག་གི་སྒྲ་ཙམ་འདྲ་ན་ཡང་། །དོན་ལ་ཁྱད་པར་ཤིན་ཏུ་ཆེ། །དེ་ཕྱིར་བརྡ་དག་ལ་བརྟེན་ནས། །མ་ནོར་དོན་རྣམས་འཚོལ་བར་གཅེས། །[3]ཞེས་བརྡ་དག་གི་གལ་འགངས་ལ་མནངས་ཆེན་བྱ་དགོས་པར་གསུངས་ཤིང་། རྒན་བཀྲ་ཤིས་ཟླ་བ་མཆོག་གིས་ཀྱང་། དེང་གི་ལག་ལེན་ཁྲོད་རྟོག་པ་དང་རྟོགས་པ་གང་བདེར་བྲིས་པ་དེ་བཞིན་མགོ་དང་འགོ །འགྲོན་དང་མགྲོན། མཐོ་དང་མཐོན། སྔོ་དང་སྔོན། རྣོ་དང་རྣོན། བླངས་དང་ལེན། དགུ་དང་རྒུ། སྤྲོད་དང་འཕྲོད། གཞག་དང་བཞག །གཅིག་དང་ཆིག །གཉིས་དང་ཉིས། གསུམ་དང་སུམ་སོགས་གང་བདེར་བྲིས་པའང་ས་ཁྱབ་རྡོ་ཁྱབ་ཡིན་ལ།[4]ཞེས་བརྡ་དག་གི་སྐྱོན་ནི་བྱེ་བྲག་གི་ཐ་སྙད་རེ་རེའི་ནོར་སྐྱོན་ལས་བྱུང་བ་ཡིན་པར་བསྟན་འདུག་པ་ལྟར། ཡི་གེ་སྤྱིའི་དག་ཆ་ཡང་དག་ཅན་ཏུ་བཅོ་དགོས་ཚེ། བྱེ་བྲག་ནས་མགོ་རྩོམ་དགོས་པ་ནི་ཨ་ཅང་བརྗོད་མེད་ལྟ་བུར་གྱུར་ཡོད་གཤིས། འ་འགོ་མ་མགོའི་ཐད་ལ་དེ་བཞིན་བསམ་གཞིག་ཅིག་གཏོང་བར་འདོད་དོ། །མ་གཞི་དེའི་ཐད་དུ་དགེ་བའི་བཤེས་གཉེན་ཆེན་པོ་རྡོ་དགོན་གསང་བདག་རྡོ་རྗེ་མཆོག་གི་དཔྱད་རྩོམ་དང་། དེ་འབྲེལ་གྱི་དྲྭ་རྩོམ་མང་པོས་སྔ་ཕྱིར་རྩོད་གླེང་མང་པོ་ཞིག་གནངས་ཟིན་མོད། མང་ཆེ་བ་ནི་མི་བོའི་ཆེ་ཆུང་ལ་ལྟ་བ་ལས་དོན་གྱི་བསེད་བཀྲོལ་ལ་མི་ལྟ་བ་སོགས། སྔོན་གྱི་རང་ལུགས་རང་སོར་འབྲི་བ་ལས་གཅིག་མཐུན་གྱི་འབྲི་ཐབས་ཤིག་ཆགས་པ་ལ་ཕན་ཐོགས་མེད་པས། དེ་ལ་བདག་བློས་དཔོག་ཚོད་ཀྱིས་ཅུང་དཔྱད་པར་བྱ་བ་ལ། གནད་དོན་འདོན་པ། གནད་དོན་དབྱེ་ཞིབ། གནད་དོན་མཐའ་དཔྱོད་ཀྱི་གོ་རིམ་གསུམ་གཙོ་བོར་བཟུང་ནས་གླེང་བར་འདོད་དོ། །
དང་པོ། གནད་དོན་འདོན་པ།
གཅིག །བརྡ་དག་གི་གཞུང་ལས་བསྟན་ཚུལ།
འ་འགོ་དང་མ་མགོའི་ཐད་ལ་མཁས་པའི་དགོངས་ཚུལ་སོ་དྲུག་ཙམ་མཇལ་རྒྱུ་ཡོད་ཀྱང་། འདིར་དཔེ་མཚོན་དུ་རེ་ཟུང་དགོད་པར་བྱས་ན། རྔོག་ལོ་ཙཱ་བ་མཆོག་གིས། མ་མགོ་ཡན་ལག་དམ་པ་སྟེ། །འ་འགོ་ནད་དང་སྐྱོན་ལ་སོགས། །[5]ཞེས་དང་། ས་པཎ་མཆོག་གིས། མགོ་མཇུག་མགོ་ནི་མ་མགོ་ལ། །ནད་སོགས་འགོ་བ་འ་འགོ་ཡིན། །ཞེས་དང་། མ་མགོ་ཡན་ལག་དམ་པ་སྟེ། །འ་འགོ་ཐོག་མའམ་འཕེལ་བའི་སྒྲ། །[6]ཞེས་དང་། ཞ་ལུ་ལོ་ཙཱ་བ་མཆོག་གིས། འཆི་བའི་འགུམ་མ་ར་ཎ་དང་ཐོག་མའི་འགོ་པྲ་མུ་ཁ། །ཞེས་དང་།[7]དཔལ་ཁང་ལོ་ཙཱ་བ་མཆོག་གིས། མགོ་མགུར་མགུལ་མགྲིན་མགར་མགོན་མགུ།།་་་།།ཡ་མགལ་མ་མགལ་མས་འཕུལ་གའོ།།་་་།།བརྩོན་འགྲུས་འགོ་མའི་ཆུ་འགྲེམས་འགྲུབ། །འགོ་འགེམས་རིགས་འགྲེ་ཆོས་ཀྱི་འགྲིབ། །འཐབ་མོ་འགྱེད་སོགས་འས་འཕུལ་གའོ། །ཞེས་དང་།མགོ་བོ་ནི་ཡན་ལག་གི་དང་པོ། འགོ་ནད་ནི་འགོ་བའི་རིམས་ནད་ཚད་པ་སོགས།[8]ཞེས་དང་། ཅོ་ནེ་གྲགས་པ་བཤད་སྒྲུབ་མཆོག་གིས། འ་འགོ་ནད་འགོ་ཐོག་མའི་འགོ་བ་སྟེ། །མ་མགོ་ལུས་ཀྱི་མགོ་སོགས་རྩེ་མོའི་དོན། །[9]ཞེས་དང་། ངག་དབང་མཐུ་སྟོབས་ཚུལ་ཁྲིམས་བསྟན་འཛིན་མཆོག་གིས། མགོ་གནོན་མགོ་ཁྲིད་པ་སྣ་བོ།།ཐུ་བོ་གཙོ་བོ་རྗེ་བོ་དང་། །བཙད་པོ་དཔོན་པོ་རྣམས་དོན་མཐུན།།་་་།།འགོ་ནན་ཐོག་མ་སྔ་མ། །དང་པོ་འགོ་མ་སོགས་འཇུག་མཚུངས། །ཞེས་དང་། བརྙིངས་དང་བརྙེས་པ་དང་ཚུགས་པ། །འགོ་བརྩམས་པ་རྣམས་འཇུག་པ་གཅིག །ཅེས་དང་། བྱང་དྲངས་མགོ་དྲངས་ཐོག་དྲངས་རྣམས། །ཐོག་མར་སྣ་ཁྲིད་བྱས་པའི་དོན། །ཞེས་དང་།ཐགས་ཀྱི་སྤུན་དང་མགོ་ཚུགས་སོགས། །ཞེས་དང་། མགོ་བཀད་ནི། སྐྲ་ལྷས་མའམ་བྱ་བ་སོགས་ཀྱི་མགོ་འཛུགས་པ།་་་། །མགོ་ལྡོག་ནི། མགོ་མཇུག་ལོག་པའམ་ཕྱིན་ཅི་ལོག་པ། མགོ་གནོན་ནི། མང་པོའི་ནང་གི་མགོ་ཁྲིད་ལྟ་བུ། མགོ་རེག་ནི། སྐྲ་བྲེག་པའི་མགོ་ཟླུམ། མགོན་པོ་ནི། གཙོ་བོ་སྟེ། དེ་སོགས་ནི་མས་འཕུལ་བའི་ག་ཡིག་གོ །འགོ་མ་ནི། དག་ཡིག་འགར། བྱ་བའི་འགོ་དང་ལུས་ཀྱི་མགོ་ཞེས་ཐོག་མའི་དོན་དུ་བཤད་མོད། ཁ་མིག་ལྡན་པའི་གོང་བུ་ལས་གཞན་ལ་མས་འཕུལ་མི་བྱེད་ན་ཁྱབ་ཆུང་བར་འགྱུར་ཞིང་བྱ་བའི་འགོ་མཇུག་དང་ལུས་ཀྱི་མགོ་མཇུག་ཅེས་ཁྱད་འབྱེད་དོན་ཡང་མི་རྙེད་དོ། །དེའི་ཕྱིར་འ་འགོ་ནད་འགོ་བ་དང་རི་ལ་འགོ་བ་ལྷ་སྲུང་འགོ་བ་ཞེས་པ་ལས་བྱ་བའི་མགོ་མཇུག་ཆུའི་མགོ་རྔ། ཞེས་ཁྱད་མེད་པར་བྲིས་ན་དཔེ་དག་པ་རྣམས་དང་མཐུན་ནམ་སྙམ་མོ། །ཞེས་དང་། ཐོག་མ། མགོ་མ།ཞེས་དང་།[10]དམུ་དགེ་བསམ་གཏན་མཆོག་གིས། ནད་སོགས་འགོ་བ་འ་འགོ་ལ། །ལུས་ཀྱི་མགོ་ནི་མ་མགོ་ཡིན། །[11]ཞེས་དང་། དཔལ་ཚེ་ཏན་ཞབས་དྲུང་མཆོག་གིས། འགོ་བརྩམས། བྱ་བའི་མགོ་བཟུང་བ་སྟེ་མས་འཕུལ་གྱི་མགོ་བྱས་ན་ལེགས། རྒྱུ་མཚན་ནི་བྱ་བའི་འགོ་དང་ལུས་ཀྱི་མགོ་ཞེས་ཁྱད་པར་འབྱེད་པའི་རིགས་པ་དེས་ཆུ་མི་ཐུབ་སྟེ། ལུས་ཀྱི་མགོ །རི་མགོ །ཆུ་མགོ །བྱ་བའི་མགོ་མཇུག་བར་གསུམ་དང་། ཞེ་ས་སྦྱོར་བའི་སྐབས་སུ་མཛད་པའི་དབུ་ཚུགས་ནས་མཇུག་གྲུབ་ཀྱི་བར། ཞེས་པ་རྣམས་ཀྱི་སྟེང་ནས་བསམ་བློ་ཐོངས་དང་། དེ་དག་ལ་སྡེབ་གཅིག་ཏུ་མ་མགོ་བྱས་ན་འཐད་པ་དང་། འ་འགོ་ཅན་ནི་རི་ལ་འགོ་བ་དང་ནད་འགོ་བའི་སྐལ་བར་བཞག་ན་སྐྱོན་ཕྲ་མོས་ཀྱང་རེག་པར་མི་འགྱུར་རོ་སྙམ་དུ་སེམས་སོ། །དེ་མིན་ཁྱོད་ལྟར་ན་བྱ་བའི་འགོ་འཇུག་ཅེས་འས་འཕུལ་གྱི་འཇུག་འབྲི་དགོས་པར་འགྱུར་ཞིང་། ཞེ་ས་བྱེད་པའི་སྐབས་སུ་བྱ་བའི་དབུ་ཞེས་པ་ལ་ཡང་སྔ་ན་མེད་པའི་ཡི་གེ་གསར་པ་ཞིག་བཟོ་དགོས་པར་འགྱུར་རོ། །[12]ཞེས་དང་། དཔའ་རིས་སངས་རྒྱས་མཆོག་གིས། དག་ཡིག་ལ་ལར་ལུས་ཀྱི་མགོ་ནི་མ་མགོ་ལ། །དུས་ཀྱི་འགོ་ནི་འ་འགོ་ཡིན། །ཞེས་པ་བདེན་པར་མ་མཐོང་སྟེ། ཡན་ལག་ལྔ་བོ་ལས་མཆོག་ཏུ་གྱུར་པ་མགོ་ཡིན་པར་དཔེ་བླངས་ནས། ཚོགས་པའི་གཙོ་བོ་ལ་མགོ་བ་དང་། སེམས་ཅན་ཀུན་གྱི་སྐྱབས་མཆོག་ལ་མགོན་པོ་ཞེས་པ། དེ་མ་ཟད་མགོ་ཡི་ཞེ་ས་ལ་དབུ་དང་། མགོ་འདྲེན་གྱི་ཞེ་ས་དབུ་འདྲེན་ཟེར་བ་མ་ཡིན་ནམ། དེས་ན་མགོ་ནི་དངོས་པོའི་མིང་དང་། འགོ་ནི་བྱ་བའི་མིང་སྟེ། འབྱར་བའི་དོན་ཡིན་པས། འགོ་འདྲེན་ལྟར་བྲིས་པ་མ་དག་པའོ། །[13]ཞེས་དང་། བཤེས་གཉེན་རྡོ་དགོན་གསང་བདག་རྡོ་རྗེ་ཡིས། དེ་ཡང་སྲོག་ཆགས་ཀྱི་མགོ་ལ་མ་མགོ་དང་། །སྲོག་མེད་ཀྱི་དངོས་པོ་སྐྱེས་དངོས་སོགས་ཀྱི་འགོ་རྩ་ལྟ་བུ་དང་། ཞིང་གི་རྐ་འགོ་རྐ་གཞུག །གྲལ་འགོ་གྲལ་གཤམ། བྱ་བའི་ལས་ཀྱི་འགོ་སྟེ། ལས་འགོ་བརྩམས་པའམ་ལས་འགོ་ཚུགས་པ། དེ་བཞིན་ལས་ཀྱི་སྣེ་མོ་འཛིན་པ་སྟེ། འགོ་གཙོའམ་འགོ་དཔོན། གཞིས་འགོ །འགོ་ཁྲིད་ལྟ་བུ་ནི་སྔོན་འཇུག་འ་ཡིག་ཁོ་ན་འབྲི་བ་ཡིན་ལ། དོན་ལའང་འཁྲུལ་གཞི་མེད་ཅིང་། སྔར་ནས་ད་བར་དེ་ལྟར་འབྲི་མུས་མ་ཟད། དེའི་ཐད་གླེང་སློང་ཙམ་བྱེད་མཁན་ཡང་མེད་པའི་རྩོད་མེད་ལྟ་བུ་ཡིན་ཀྱང་། ཉེ་ལམ་ཞིག་ནས་ཚིག་མཛོད་རེ་ཟུང་ལ་མགོ་ཁྲིད་དང་འགོ་ཁྲིད་བཅས་པར་གདམ་ང་ཡིན་ཚུལ་འཁོད་ཡོད་པ་རྒྱུ་མཚན་དུ་བྱས་ནས། མགོ་ཁྲིད་བཅས་བྲིས་པ་མཐོང་རྒྱུ་འདུག་ལ། དེ་ལྟར་འབྲི་དགོས་པའི་གླེང་སློང་ཡང་བྱེད་མཁན་ཡོད་པ་ནི་བཞད་གད་ཀྱི་ཡུལ་ལས་མ་འདས་ཏེ། ཞིང་པ་ཚོས་བ་ཕྱུགས་ཀྱི་མགོ་ལ་ཐག་པ་བརྒྱབ་སྟེ་ཁྲིད་སྲོལ་ཡོད་པས་འགོ་ཁྲིད་ལ་མགོ་ཁྲིད་བཅས་བརྗོད་ན་མགོ་ལ་ཐག་པ་བརྒྱབ་ཏེ་ཁྲིད་པའི་དོན་དུ་འཁྲུལ་སྲིད་པ་མ་ཡིན་ནམ།[14]ཞེས་གསུངས་སོ། །
གཉིས། མཁས་པའི་ཕྱག་སྲོལ་ལས་མངོན་ཚུལ།
དེ་ཡང་། ལོ་རྒྱུས་ཤེས་རམས་ཞིབ་འཇུག་སློབ་མ་བསྟན་འཛིན་མཚུངས་མེད་ཀྱིས་དཔྱད་གཞི་མང་དག་ཅིག་མཁོ་འདོན་བྱས་པ་ལ་གཞིགས་ན། བརྡ་དག་གི་གཞུང་དེ་དག་ལས་མངོན་པའི་དོན་དམ་པའི་ཕྱག་སྲོལ་ལ་འདི་འདྲ་འགའ་སྣང་སྟེ།
བྲག་གཡབ་རི་མདའ་ལྡན་མའི་བྲག་བརྐོས་ཡི་གེར། དམ་དང་ཞང་འབྲོའ་ཁྲྀ་གཟུའ་རམ་ཤགས་དང་ནང་བློན་དབའས་བློན་ཁྲི་སུམ་བཞེར་མདོའ་བརྩན་ལ་སྩོགས་པ་ཆབ་སྲིད་ལ་བཀའ་སྩལ་ཏེ། རྒྱ་དང་མཇལ་དུམ་ཀྱྀ་མགོ་བརྩམས་པའྀ་ལས་ལ་྾མཁན་པོ་དགོར་ཡེ་ཤེས་དབྱངས་དང་། དགེའ་སློང་སྟག་ལོ་གཐན་དང་། གད་ནམ་ཀའྀ་སྙིང་པོ་དབྱངས་ཀྱིས། བཙན་པོའི་སྐུ་ཡོན་དང་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་སུ།[15] ཞེས་མས་འཕུལ་བྲིས་པ་དང་། མངའ་རིས་སྟོད་ཀྱི་རྒྱལ་རབས་སྐོར་གྱི་རྩ་ཆེའི་ཡིག་རྙིང་དུ། ས་རིན་པོ་ཆེ་རྒྱ་མདུད་ཀྱི་སྟེང་། གནམ་གྱི་དཀྱིལ་། སའི་སྒལད་པ་། གླིང་བཞིའི་སྙིང་པོ་། གངས་རི་འཁྱུད་འཁོར་གྱི་ར་བ་། ཆུ་བོ་ཆེན་པོ་བཞིའ་མགོའ་། ཞེས་དང་། སྐོལ་བོད་ཀྱི་རྒྱལ་ཁམས་མུན་རུབ་དང་འདྲ་བ་ལས་འདོད་ཀི་དང་པོ་ལྷ་མཐོ་དོ་རེ་སྙ་བཙན་གྱི་སྐུ་རིང་ལ་དམ་པའི་ཆོས་ཀྱི་མགོ་བརྙེས་སྟེ།[16]ཞེས་ཆུ་མགོ་དང་མགོ་བརྙེས་ཞེས་མས་འཕུལ་བྲིས་འདུག་པ་དང་། ཁྲི་ལྡེ་གཙུག་བརྟན་རྗེ་འབངས་ཀྱིས་བླངས་པའི་མགུར་དུ། རྒྱ་རྗེ་ནྀ་བསམ་ལང་ལ། དགྲའ་བཞེར་ནི་གཡུལ་སྤྲད་ཅིང་། །དགྲ་ཟྀན་ནྀ་གསར་སྤངས་པས། །སྲྀད་ཀྱི་ནི་མགོ་བཟུང་ཞྀང་། །ཕ་སྐྱབས་ནྀ་སྡུག་བཙལ་པའ། །ལྷ་སྲས་ནི་བཙན་ལ་བཙལ། །[17]ཞེས་མགོ་བཟུང་གི་མགོ་ལ་མས་འཕུལ་བྲིས་འདུག་པ་ལྟ་བུ་དང་། ཕུ་ནུའི་མདོ་ལས། ནུ་ན་རེ། བྱའོ་ཆོག་ལ་གྲོསུ་མྱི་བྱར་མྱི་རུང་ན།གྲོས་ཀྱི་ཐབས་ཆི་ལྟར་བྱ། ཕུ་ན་རེ། གྲོས་ཀྱི་མགོ་རྩིངས་ལ། བཆོས་པའི་རྣམས་མང་དང་། འཚལ་ཆེས་བྱའོ། །ཞེས་གྲོས་ཀྱི་ཐོག་མའི་དོན་དུ་མ་མགོ་བྲིས་པའོ། །[18]འོན་ཀྱང་། ཆབ་སྤེལ་ལགས་ཀྱིས་གནང་བའི་འགྲེལ་པའི་ནང་།གྲོས་ཀྱི་འགོ་རྩིང་ལ་ཞེས་འ་འགོར་བཅོས་འདུག །བརྡ་གསར་རྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང་དུ། མགོ་ནན་ནི་ཐོག་མ། ཞེས་པ་དེ། རྣམ་རྒྱལ་ཚེ་རིང་ལགས་ཀྱིས་རྒྱ་ཡིག་ཏུ་བསྒྱུར་ཅིང་། ཀ་ཁའི་གོ་རིམ་ལྟར་བསྒྲིགས་པ་དེར། མགོ་ནན(འགོ་ནན)ཐོག་མ།[19]ཞེས་གསལ་བཤད་འདྲ་མོ་ཞིག་མཛད་གནང་མོད། ༢༠༠༣གྱི་ས་སྐྱ་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་གིས་བསྒྲིགས་པའི་ལི་ཤིའི་གུར་ཁང་ནང་དུ། མགོ་ནན་ནི་ཐོག་མ་ཞེས་མ་མགོ་རང་བྲིས་པ་དང་། སྲོང་བཙན་དཔེ་མཛོད་ཁང་གིས༢༠༠༩ལོར་པར་སྐྲུན་མཛད་པའི་ལི་ཤིའི་གུར་ཁང་དེ་ནི། སཾ་བོད་སྐད་གཉིས་ཤན་སྦྱར་གྱི་མ་དཔེ་ཡིན་ཞིང་། དེ་སྔོན་པར་དུ་འཁོད་མ་མྱོང་བ། རུ་སུའི་བོད་རིག་པའི་མཁས་དབང་ཞིང་བཤེགས་དམ་པ་འབྱོ་རྗེ་རོ་རིག(GEORGEROERICH)རང་གི་སྒེར་གྱི་ཡིག་ཚགས་ཁོངས་ནས་ཐོབ་པ་ཞིག་ཡིན་ཞེས་གསུངས་པ་དེའི་ནང་དུ། མགོ་ནན༼ =པྲཐམ= ༽ ཞེས་མས་འཕུལ་ཡོད་པས་ཕྱག་སྲོལ་གང་ཉིད་ཕྱིས་སུ་བཅོས་པ་ཙམ་ལས། མས་འཕུལ་ཡིན་དགོས་འདུག་སྙམ། བརྡ་ཡིག་མིང་དོན་གསལ་བར་བྱེད་པའི་ཟླ་བའི་འོད་ཟེར་ཞེས་པར། ཨ་ལག་ཤ་ལྷ་རམས་པ་ངག་དབང་བསྟན་དར་གྱིས་དགུང་ལོ་བརྒྱད་ཅུའི་ཐོག་སྟེ། རབ་བྱུང་བཅུ་བཞི་པའི་ས་ཕོ་ཁྱིའི་ལོར་མཛད་པའི་གང་དེའི་ནང་། འགོ་ནན། འགོ་མ་བཅས་འས་འཕུལ་བྲིས་ཤིང་། མགོ་ཕུར། མགོ་སྙོམས། མགོ་བཀང་། མགོ་ལྕོག མགོ་མི་ཐོན། མགོ་བཙུགས། མགོ་བསྒྲེས། མགོ་ཐོན། མགོ་འདྲེན། མགོ་མཇུག་ལོག །མགོ་རེག །མགོ་ཐོམས།[20] བཅས་པར་མས་འཕུལ་བྲིས་འདུག་གོ །བཀའ་གདམས་རིན་པོ་ཆེའི་གླེགས་བམ་ཕ་ཆོས་སུ། དེའི་ཚེ་ཁོ་བོས་ཀྱང་གླང་པོ་ཆེ་གཉིས་ལ་མཐུན་པའི་རྐྱེན་རྣམས་བཀལ་ཏེ། དགེ་བསྙེན་བཞིས་ཡོ་བྱད་ཐམས་ཅད་མགོ་འདོན་དུ་བཅུག་གོ །ཞེས་ཐོག་མའི་དོན་དུ་མ་མགོ་བྲིས་པ་དང་། གཞན། ཆོས་ཀྱི་མགོ་མི་རྟག་པ་ནས་འཛུགས།[21]ཞེས་པར་ཡང་མ་མགོ་བྲིས་འདུག །ཇོ་སྲས་བསོད་ནམས་དཔལ་གྱིས་མཛད་པའི་བླ་མ་རིན་པོ་ཆེ་རི་ཁྲོད་པའི་རྣམ་པར་ཐར་པའི་ནང་དུ། དེ་ནས་ཚོགས་པའི་མགོ་བཙུགས་སོ། །འགྲོ་དོན་གྱི་མགོ་བཙུགས་པའི་ལེའུ་སྟེ་བརྒྱད་པའོ། །[22]ཞེས་མས་འཕུལ་བྲིས་པ་དང་། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་པའི་དྲུག་ཅུ་པའི་གཏོར་བཟློག་སོགས་ཀྱི་དམོད་བཅོལ་མགོ་འདྲེན་སྦྱོར་རྒྱུ་བཞུགས་སོ། །ཞེས་པའི་མཛད་བྱང་དུ་། མགོ་འདྲེན་ཞེས་མས་འཕུལ་རང་དུ་བྲིས་གནང་མཛད་པ་དང་།[23]ཨ་ཀྱཱ་སྤྲུལ་པའི་སྐུ་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་འབྱུང་རྩིས་ཀྱི་ལོ་མགོ་འཛིན་ཚུལ་སོགས་ཞེས་པར། ལོ་མགོ་འཛིན་ཚུལ་སོགས་ད་ལྟའི་རྒྱ་རྩིས་དང་མཐུན་པར་མཛད་པ་མ་ཡིན་ཏེ།[24]ཞེས་ལོ་ཡི་ཐོག་མའི་དོན་དུ་འགྲོ་བའི་མགོ་གང་མས་འཕུལ་རང་དུ་བྲིས་འདུག །དཀར་ལེབས་དྲུང་ཡིག་པད་མ་རྡོ་རྗེ་ལགས་ཀྱིས་མཛད་པའི་དཀར་ལེབས་སུམ་རྟགས་དཀའ་འགྲེལ་ནང་དུ། གཉིས་པ་འདྲ་དཔེ་ནི། སངས་རྒྱས་ལ་སྟོན་པར་ཤེས། ཆོས་ལ་སྐྱོབ་པར་ཤེས། དགེ་འདུན་ལ་ཚོགས་མཆོག་ཏུ་ཤེས། དཔོན་པོ་ལ་མགོ་འདྲེན་དུ་ཤེས་ཞེས་མགོ་འདྲེན་གྱི་མགོ་མས་འཕུལ་བྲིས་གནང་མཛད་འདུག །[25]དམུ་དགེ་བསམ་གཏན་མཆོག་གིས་མཛད་པའི་རང་གི་བྱུང་བ་བརྗོད་པ་རང་གསལ་ཨཱ་དར་ཤ་ཞེས་བྱ་བར། སྐྱེ་འགོའི་བུ་ཡིན་སྟབས་འབུལ་ཐག་མི་ཆོད་ཞུས་པར། ཞེས་པ་དང་། ཡང་ཚོ་བའི་འགོ་བ་རྣམས་ཨུ་ཡོན་དུ་བསྐོས། ཞེས་པ་གཉིས་སུ་འས་འཕུལ་བྲིས་ཀྱང་། ཁོང་གི་མདུན་ནས་ཀ་ཁ་སློབ་པའི་མགོ་བཟུང་སྟེ་ཞང་པོ་བདེ་ཆེན་དང་།[26]ཞེས་མས་འཕུལ་བྲིས་གནང་མཛད་པ་ལ་གཞིགས་ན། བདག་གིས་མ་དཔེ་དངོས་མཇལ་མ་ཐུབ་པས་རེ་ཞིག་གང་བདེན་གང་རྫུན་གྱི་ས་མཚམས་ཤིག་མ་ཆོད་ཀྱང་། འདི་ལ་གཞིགས་ན་འདམ་ངའི་ཚུལ་དུ་བྲིས་པ་མིན་ནམ་སྙམ། གུང་ཐང་སློབ་གཉེར་བསླབ་བྱ་ལས། སྒོ་གསུམ་དགེ་ལ་སྦྱར་ཕྱིར་མིང་དང་དོན། །མཐུན་པའི་བཤེས་ཤིག་རང་གི་དགེ་རྒན་དུ། །བསྟེན་ནས་ཆོས་ཀྱི་བྱ་བ་མ་ལུས་པའི། །རྩ་བར་མཐོང་སྟེ་བཀའ་བཞིན་བསྒྲུབས་པ་ཡིས། །རྟེན་འབྲེལ་མགོ་ནས་འགྲིགས་པར་གྱིས་ཤིག་ཨང་། །[27]ཞེས་མས་འཕུལ་བྲིས་པ་དང་། དེ་མིན། མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མཛད་པའི་རྒྱུད་སྡེ་སྤྱིའི་རྣམ་གཞག་གི་སེར་གཙུག་པར་མའི་ཤོག་ངོས་དང་པོར། ཚོགས་ཀྱི་ལམ་ལ་ཞུགས་ཤིང་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་གསོག་པའི་མགོ་བརྩམས་སོ། །ཞེས་མ་མགོ་བྲིས་པ་དང་། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མི་ལ་རས་པའི་རྣམ་མགུར་གྱི་ཤོག་ངོས་ཉིས་བརྒྱ་བཅུ་བདུན་ནང་། ཡོས་བུའི་ལོ་ཡི་ལོ་མགོ་ལ་ཞེས་ལོ་ཡི་ཐོག་མའི་དོན་ཅན་གང་དེར་མ་མགོ་བྲིས་པ་སོགས་མང་དུ་ཡོད་མོད་འདིར་རེ་ཞིག་ཡིག་ཚོགས་བསྐྱུང་ཕྱིར་དྷཱིཿ ལྷ་ལྡན་གྱི་གཏམ་ཞིག་དྲངས་པར་བགྱིས་ཚེ། སྣར་ཐང་ནས་བྱུང་བའི་དཔེ་རྙིང་དང་། འབྲས་སྤུངས་གནས་བཅུ་ལྷ་ཁང་ནས་བྱུང་བའི་དཔེ་རྙིང་། གཞན་སྡེ་དགེ་དཔར་མ་དང་། སྣར་ཐང་དཔར་མ་སོགས་ལས་བྱུང་བའི་བཀའ་བསྟན་གསུང་འབུམ་རྣམ་ཐར་སོགས་སུ་ཡང་ཕལ་ཆེར་འདི་ལྟར་བེད་སྤྱད་གནང་ཡོད་དེ། དཔེར་ན། སེམས་བསྐྱེད་ཀྱི་མགོ་དེ་ནས་བཟུང་། སྦྱིན་པའི་མགོ་དེ་ནས་བརྩམས། ཡི་གེའི་མགོ་ནས། ཤིང་ཏ་ལའི་མགོ །ཞེས་པ་སོགས་ཤིན་ཏུ་མང་བ་དེ་གས་འཐུས་པས་རྒྱས་པར་མི་གླེང་ངོ་། །ཞེས་ཐོག་མའི་མགོ་ལ་འས་འཕུལ་ལས་མས་འཕུལ་འབྲི་བ་མེད་གསུང་མཁན་ཀུན་ལ་འདི་ལུགས་ཀྱི་མངོན་སུམ་དཔེ་ཆའི་ལུང་ཞིག་དྲངས་པ་དང་། ཡང་། དཔེ་རྙིང་དུ་ཡོད་དོ་ཅོག་མཁས་པ་རང་གི་བཞེད་དགོངས་ཡིན་པའི་ངེས་པ་མེད་དེ། པར་ཁང་སོ་སོ་ནས་ཀྱང་མི་འདྲ་བ་ཐོན་ཡོང་བ་ལ། ལམ་རིམ་ཆེན་མོའི་ནང་དུ། མངལ་དུ་ཞུགས་པ་ནས་མགོ༼ འགོ ༽ བཟུང་སྟེ་སྐད་ཅིག་ཙམ་ཡང་མི་སྡོད་པར་འཇིག་རྟེན་ཕ་རོལ་དུ་ཁ་བལྟས་ནས་འགྲོ་བ་ཡིན་ནོ། །ཞེས་པར། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས་པའི་ལམ་རིམ་ཆེན་མོའི་ཤོག་གྲངས༡༠༦ཏུ་འགོ་བཟུང་སྟེ། ཞེས་འ་འགོ་བྲིས་ཡོད་ཀྱང་། བླ་བྲང་པར་མའི་སྣ་རིང་ཤོག་ངོས༡༢༩ རུ་མགོ་བཟུང་སྟེ་ཞེས་མ་མགོ་བྲིས་པ་དང་། དེ་བཞིན་སྡེ་དགེ་པར་མའི་སྣ་རིང་ཤོག་གྲངས༡༤༠ཡི་ནང་དུ་ཡང་མ་མགོ་བྲིས་པ། དེ་མིན་བཀྲ་ཤིས་ལྷུན་པོའི་པར་མ་ལྡིར་ལིར་དཔར་བ་ཞིག་དང་། དྷ་སར་དཔར་བ་ཞིག་བཅས་གཉིས་ཡོད་པ་ལས། ལྡིར་ལིར་དཔར་བའི་བཀྲས་ལྷུན་པར་མའི་སྣ་རིང་ཤོག་ངོས༡༢༧གྱི་ནང་དུ་མ་མགོ་བྲིས་ཡོད་ཀྱང་། དྷ་སར་པར་བའི་པར་མའི་སྣ་རིང་ཤོག་ངོས༡༧༢ཀྱི་ནང་དུ་འ་འགོ་བྲིས་འདུག །དེ་བཞིན་སྐུ་འབུམ་པར་མའི་སྣ་རིང་ཤོག་ངོས༡༤༢ཀྱི་ནང་དུའང་འ་འགོ་བྲིས་སོ། །མདོར་ན། དེ་འདྲའི་བློ་ལྡན་དག་གི་དཔྱད་ཡུལ་དུ་ཡིག་ཚོགས་ལ་ཆེར་མ་འཛིན་པར་ཁུ་བསྡུ་བསྡུ་པོས་རོབ་ཙམ་ཞིག་དྲངས་རྗེས། འས་འཕུལ་གྱི་ཐད་ལའང་རེ་ཞིག་ལུང་འདྲེན་བགྱི་བའི་དགོས་པ་དང་ལྡན་མོད། བཤེས་གཉེན་གླིང་དབོན་པདྨ་སྐལ་བཟང་མཆོག་གིས་དྲྭ་རྩོམ་སྟེ། འ་འགོ་དང་མ་མགོའི་དོན་ཐོབ་འཇུག་ཡུལ་སྐོར་གྱི་དཔྱད་བརྗོད་ཐུང་ངུ་ཞེས་པའི་ནང་དུ་འས་འཕུལ་གྱི་སྐོར་མང་དུ་བཏུས་ཡོད་ཕྱིར། འདི་ནས་བསྐྱར་དུ་འགོད་པའི་དགོས་པ་མ་མཆིས་སོ། །
གསུམ། གནད་དོན་ངོས་བཟུང་བ།
དེ་ལྟར། དགོངས་པའི་བཞེད་ཚུལ་དང་ཕྱག་སྲོལ་གྱི་ཁྱད་པར་གཉིས་ལ་བལྟས་ནས་བསམ་གཞིག་ཅིག་བྱས་ཚེ། འ་འགོ་དང་མ་མགོ་གཉིས་ལས། འགོ་ཁྲིད་ཡིན་ནམ་མགོ་ཁྲིད་ཡིན། འགོ་བརྗོད་ཡིན་ནམ་མགོ་བརྗོད་ཡིན་སོགས་ཐོག་མའི་དོན་དུ་འ་འགོ་འབྲི་དགོས་སམ་མ་མགོ་འབྲི་དགོས་མིན་ནི་རྩོད་པའི་གཞི་དེ་ཡིན་ལ། གདོན་པར་བྱ་རྒྱུའམ་ངོས་གཟུང་དགོས་པའི་གནད་དོན་ཡང་འདི་རང་ངོ་། །རེའུ་མིག་ལས་བསྟན་ན་འདི་ལྟར་ཏེ།
གཉིས་པ། གནད་དོན་དབྱེ་ཞིབ།
གཅིག །རྩོད་གཞིའི་རྐྱེན།
རྩོད་གཞིའི་རྐྱེན་གཅིག་ནི་བསྡུས་ཀློག་བྱེད་སྐབས། ཇི་སྐད་དུ། ལུང་སྟོན་པ་རྟགས་ཀྱི་འཇུག་པའི་རྩ་བ་ལས། འཇུག་པ་བཅུ་ཡི་ནང་ནས་ནི། །སྔོན་འཇུག་ཡི་གེ་ལྔ་དབྱུང་བྱ། །སྔོན་འཇུག་ཡི་གེ་ལྔ་པོ་ལ། །ཕོ་དང་མ་ནིང་མོ་དང་ནི། །ཤིན་ཏུ་མོ་དང་བཞི་རུ་དབྱེ། །[28]ཞེས་སྔོན་འཇུག་རྣམས་མིང་གཞི་དང་འཕྲད་ནས་ཀློག་སྐབས་རྟགས་ཀྱི་དབྱེ་བ་བཞིར་ཕྱེས་པ་དང་། རྟགས་ཀྱི་དབྱེ་བ་བཞི་པོ་དེ་ཡང་། ཕོ་ནི་དྲག་པོའི་ཚུལ་གྱིས་ཏེ། །མ་ནིང་རན་པར་འཇུག་པ་ཡིན། །མོ་ནི་ཞན་པའི་ཚུལ་གྱིས་ཏེ། །ཤིན་ཏུ་མོ་ནི་མཉམ་པས་སོ། །[29]ཞེས་སྔོན་འཇུག་ཀློག་སྐབས་མས་འཕུལ་དང་འས་འཕུལ་ལ་སྒྲ་ཤུགས་ཆེ་ཆུང་གི་ཁྱད་པར་ཡོད་པ་ཡིན་ཡང་། རྒན་སྤེན་པ་རྒྱ་མཚོས། མིང་གཞི་མོ་ཡིག་ག་ཇ་ད་བ་ཛ་རྣམས་ལ་སྔོན་འཇུག་གི་མོ་ཡིག་འ་དང་ཤིན་ཏུ་མོ་མ་ཡིག་ཞུགས་པའི་ཚེ་སྒྲ་ཞན་པར་འགྱུར་བའི་ཁྱད་པར་བསྟན་པའི་ཕྱིར།[30]ཞེས་སྔོན་འཇུག་མ་དང་འ་གཉིས་མིང་གཞི་ག་ཇ་ད་བ་ཛ་དང་བཅས་པར་འཕྲད་སྐབས་སྒྲ་དེ་ཞན་པར་འགྱུར་བ་ལ། དོན་དངོས་འཚོ་བའི་ནང་དུ་ཡང་། འགོ་ཁྲིད་དང་མགོ་ཁྲིད་ལྟ་བུར་སྒྲའི་ཐོག་ནས་དབྱེ་བ་འབྱེད་རྒྱུ་ནི་ཤིན་ཏུ་ནས་དཀའ། ལྷག་པར་མི་རིགས་མང་པོའི་སྐད་དང་འབྲེལ་འདྲིས་བྱེད་པའི་རྒྱུད་རིམ་ཁྲོད། དུས་ཀྱི་རླབས་དང་བསྟུན་ནས་ས་ཆ་མང་ཆེ་བར་སྔོན་འཇུག་གི་སྒྲ་ཉམས་ཡོད། དེའི་ཕྱིར། སྐབས་འདིའི་འ་འགོ་དང་མ་མགོའི་རྩོད་གཞིའི་རྐྱེན་ཡང་ཀློག་སྐབས་ཀྱི་སྒྲའི་སྐྱེ་གནས་སྤྱིར་མཐུན་པ་ལས་བྱུང་བར་སྙམ་མོ། །
གཉིས། རྩོད་སྤོང་གི་རིགས་པ།
༼ ༡ ༽
གདོང་ཐོག་རིན་པོ་ཆེས། འགོ་ཁྲིད་དང་འགོ་འཛིན་འབྲི་བ་མི་འཐད། མགོ་ཁྲིད་དང་མགོ་འཛིན་ཞེས་འབྲི་དགོས་ཏེ། དེ་དག་གི་ཞེ་སའི་ཚིག་ལ་དབུ་ཁྲིད་དང་དབུ་འཛིན་འབྲི་བས་སོ། །དེ་མིན་ཞེ་སའི་ཚིག་ཀྱང་གཞན་པ་ཞིག་དགོས། ཞེས་བོད་ཀྱི་བང་ཆེན་དྲྭ་བ་ཞེས་པ་ཞིག་ཏུ་གསུངས་པ་ལ། ཁ་ཅིག་ན་རེ།ཕོ་བྲང་གི་དབུ་རྩེ་དང་དབུ་བླ་སོགས་ཞེ་ས་ཡིན་པས་དེ་དག་ཀྱང་ཕལ་ཚིག་ཏུ་ཕོ་བྲང་གི་མགོ་རྩེ་དང་མགོ་བླ་སོགས་སུ་བརྗོད་དགོས་པར་འགྱུར་ཞེས་བསྒྲུབས་མོད། བསམ་བྱ་འདི་འདྲ་འགའ་ཡོད་དེ། ཐོག་མར། གཞི་གང་རུང་ཞིག་ཆེས་མཐོའི་མཚོན་རྟགས་སུ་གྱུར་པ་དེར། ཞེ་ས་གང་ཉིད་ཁོའི་རྒྱུན་སྤྱོད་ཐ་སྙད་རང་དུ་གྲུབ་ཟིན་པས། ཕལ་སྐད་བཤད་ན་རྒྱུན་སྤྱོད་མ་ཡིན་པའི་རྒྱུ་མཚན་གྱིས་དོགས་མི་བདེ་བ་ཡོད་པ་ལས་མི་རུང་བ་མ་ཡིན་ཏེ། དབུ་ལྷ་ལ་མགོ་ལྷ་ལྟ་བུ་བྲིས་ཀྱང་མི་འགྲིག་པར་མ་མཐོང་ལ། ལྷག་པར་དབུ་རྩེ་ནི་མགོ་རྩེ་རུ་ངག་རྒྱུན་དུའང་བརྗོད་སྲོལ་ཡོད་ལ། ཁ་སྐད་དུ་རྩེ་ཞེས་པའི་མགོ་ཅན་ར་ཡིག་མགོ་དང་མཉམ་དུ་ཀློག་སྟེ། མགོར་ཙེ་ལྟ་བུ་ཀློག་པ་མང་དུ་ཡོད་པས་སོ། །ཡང་ཁ་ཅིག་ན་རེ། ཞེ་ས་གཅིག་པ་ཡིན་ཚད་ཕལ་སྐད་དག་ཆ་གཅིག་པ་ཡིན་མི་དགོས་པར་མ་ཟད། ཞེ་ས་ཡིན་ཚད་ཀྱི་དོད་ཀྱང་དགོས་དོན་མེད་དེ། དཔེར་ན། སྐུ་མགྲོན་ལ་མགྲོན་པོ་དང་། གསུང་བཤད་ལ་གཏམ་བཤད། ཐུགས་འགན་ལ་ལས་འགན་ཞེས་བརྗོད་པ་ལས། དེ་དག་ལ་སྐུ་གསུང་ཐུགས་གསུམ་གྱི་དོད་རེ་བཙལ་ནས། སྐུ་མགྲོན་ལ་ལུས་མགྲོན། གསུང་བཤད་ལ་ངག་བཤད། ཐུགས་འགན་ལ་ཡིད་འགན་ནམ་སྙིང་འགན་ལྟ་བུ་འབྲི་དགོས་ཀྱི་མེད། གལ་སྲིད་ཞེ་ས་ལ་ཐུགས་འགན་འགྲོ་བའི་རྒྱུ་མཚན་གྱིས་ཡིད་འགན་ཞེས་འབྲི་དགོས་པ་ལས། ལས་འགན་ཞེས་འབྲི་བ་མ་དག་ཟེར་རྒྱུ་ཡིན་ན་མ་གཏོགས། ཞེས་དབུ་ཁྲིད་འབྲི་བའི་རྒྱུ་མཚན་གྱིས་འགོ་ཁྲིད་ལ་མ་མགོ་འབྲི་དགོས་པའི་རྒྱུ་མཚན་སྤུ་ཙམ་ཡང་བསྟན་རྒྱུ་མེད་དོ། །ཅེས་འདྲ་ཆགས་མདོག་ཁ་པོར་འགྲེལ་བརྗོད་ཅིག་གནངས་ཡོད་ཀྱང་། དེ་ནི། སྐད་ཆ་ཞིག་ཁོར་ཡུག་གི་དཀྱིལ་དུ་གནས་དགོས་དུས། གང་ནས་ཀྱང་འགྱུར་བའི་ཆོས་ཉིད་ལ་བསྟུན་དགོས་ཤིང་། སྐད་ཆའི་བབས་དང་མཐུན་དགོས་པའོ། །ཞེ་ས་དང་ཕལ་སྐད་བར་ན་འབྲེལ་བ་སྣ་རིགས་སྤུ་ཚོགས་སུ་ཡོད་པ་ལས། ཞེ་ས་གང་ཞིག་གིས་གྲུབ་པའི་མིང་ཡིན་ན། ངེས་པར་དུ་དེའི་ཕལ་སྐད་རང་ཡིན་པའི་དགོས་པ་མེད་ལ། དེ་ཡང་། འདིར་ནི་འགོ་ཁྲིད་དང་མགོ་ཁྲིད་གཉིས་ལས་དབུ་ཁྲིད་དང་ཐག་ཉེ་བ་གང་དེ་བཙལ་དགོས་པ་ཡིན་གཤིས། མགོའི་ཞེ་ས་དབུ་ཡིན་པའི་གཏན་ཚིགས་དེས་ཡི་གེ་གཉིས་ཀྱི་འདྲ་བའི་ཚད་བསྡུར་བ་ཡིན་ཡང་མ་མགོ་འདྲ་ཆ་མཐོ་བར་ངེས་གཤིས། འགོ་དང་མགོ་རང་སྟེང་ནས་ལྟ་བ་ལས་གཞན་གྱི་ཆོས་ཉིད་ཅིག་གིས་འདི་ལ་འགྲེལ་ན་ར་མགོ་ལུག་སྦྱར་ལྟར་འགྱུར་ཉེན་ཡོད་དོ། །ཡང་ཆེ་གེ་མོ་ན་རེ། དོན་མི་གཅིག་ཀྱང་སྒྲ་འདྲ་བ་ཙམ་གྱིས་ཞེ་ས་གཅིག་པ་སྦྱར་བ་མང་པོ་ཡོད་དེ། ཟ་བྱེད་ཀྱི་ཁ་དང་། ཁ་ཁ་སོ་སོའི་ཁ། ཁ་གྲངས་ཀྱི་ཁ། ཁ་བྱང་གི་ཁ་རྣམས་དོན་མི་གཅིག་ཀྱང་། ཞེ་ས་ཚང་མར་ཞལ་ཞེས་གཅིག་མཚུངས་ཡིན་ཚུལ་ལ་སོགས། མང་པོ་ཞིག་གིས་རིགས་པ་སྣ་ཚོགས་ཀྱིས་བསྒྲུབས་པར་གནངས་ཀྱང་། གཞི་དོན་ལ་དབབ་རྒྱུ་ཡོད་པ་ནི། དབུ་ཁྲིད་ཅེས་པ་ལ་ཕལ་སྐད་མ་མགོ་མིན་ཡང་འ་འགོ་ཡོད་སྲིད་པ་དེ་ཙམ་དུ་ཟད་ལ། དེ་ཡང་། གོང་སོང་གསུང་གིས་ཁྱབ་པ་མེད་པའི་གནད་དོན་ཙམ་ལས་ཐག་གཞན་གང་ཡང་མི་ཆོད་ཅིང་། གལ་སྲིད་སྔར་བཞིན་ཁྱབ་པ་མེད་པའི་རྒྱུ་མཚན་གྱིས་མགོ་གང་འ་འགོ་ཡིན་པར་ལུང་དང་བཅས་བསྒྲུབ་དགོས་དུས། ཞོར་ནས་གནད་དོན་འདི་འདྲ་ཞིག་ཀྱང་ངེས་པར་དུ་ཁས་ལེན་དགོས་ཏེ། དབུ་བྱ་བ་ནི་མིའི་ཡན་ལག་གི་མགོའི་ཞེ་ས་ཡིན་པ་གང་ཞིག །འགོ་ཡི་ཞེ་སའང་ཡིན་སྲིད་པ་དེའང་ཁས་ལེན་དགོས་པས། ཚིག་མཛོད་མང་ཆེ་བར་བསྐྱར་དུ་ཁ་སྣོན་བགྱི་དགོས་པ་སོགས་ལས་ཀ་འཐེབ་པ་ཉིད་དུ་ཟད་དོ། །
༼ ༢ ༽
རྒྱའི་སྐད་དུ། དོས་ལིང་། ཧྲུའུ་ནའོ། ཁེའེ་དོས།(头领 首脑 开头)སོགས་མགོ་ཁྲིད་དང་མགོ་འཛུགས་དོན་ཅན་གྱི་ཡི་གེ་གང་ཉིད་མིའི་ཡན་ལག་མཆོག་གི་མགོའི་ཡི་གེ་རང་དུ་བྲིས་པ་དང་། དབྱིན་སྐད་ཀྱི་མགོའི་དོན་ཅན།(head)ཞེས་པར(er)བསྣོན་ནས།(header)ཡི་གཟུགས་སུ་གྲུབ་ཟིན་ན་མགོ་ཁྲིད་མཁན་གྱི་གང་ཟག་ལ་གོ་བར་གསུངས། སྤྱིར་དབྱིན་སྐད་དང་རྒྱ་སྐད་གཉིས་ལ་དེ་ལུགས་ཡིན་པའི་རྒྱུ་མཚན་གྱིས་ངེད་ཅག་ཀྱང་དེ་ལུགས་ཡིན་དགོས་པའི་ངེས་པ་མེད་མོད། མིའི་རིགས་ཀྱི་ཐུན་མོང་གི་ཁྱད་ཆོས་སུ་གྲུབ་པའི་ཐ་སྙད་ཀྱི་འདོགས་སྟངས་ཤིག་ཡོད་ངེས་ཏེ། སྨྲ་ཤེས་ཤིང་དོན་གོ་བ་གང་ཞིག་མིའི་རིགས་སུ་རྟོགས་པ་གཅིག་མཚུངས་ཡིན་པས་སོ། །
༼ ༣ ༽
དག་ཡིག་གསར་བསྒྲིགས་ལས། མགོ་བོ་སྟེ། མི་དང་སྲོག་ཆགས་ཀྱི་དབང་པོ་ལྔ་གནས་སའི་ཡན་ལག་གི་མིང་། ཞེས་འགྲེལ་ཡོད་ལ། དེ་ཡང་། འགྲོ་བ་མིའི་རིགས་ཟླུམ་གཟུགས་ཀྱི་གོ་ལ་འདི་རུ་གདོད་མ་ནས་གཞིས་ཆགས་སྐབས། ཐོག་མར། ས་ཆུ་མེ་རླུང་སོགས་རང་བྱུང་གི་སྣང་གནས་ཉུང་ཤས་ཤིག་ལ་འདོད་རྒྱལ་གྱི་མིང་བཏགས་པ་དང་། རིམ་བཞིན་མགོ་དང་སྐྲ། མིག་དང་གདོང་སོགས་རང་གི་ཡན་ལག་བཅས་པར་མིང་རེ་བཏགས། དུས་རིམ་གཉིས་པའི་ནང་དུ། ཟས་གནས། གཡག་གཉན། སྟག་གཟིག་དང་དོན་ལྔ་སྣོན་དྲུག་སོགས་ལ་མིང་བཏགས་པ་དང་། དུས་རིམ་གསུམ་པར་ཁྱད་ཆོས་བརྗོད་པའི་མིང་སོགས་བཏགས་པ་སོགས། མདོར་ན། འགྲོ་བ་མིའི་འཕེལ་རྒྱས་ཀྱི་རྒྱུད་རིམ་དུ་མིའི་མགོ་ལ་སོགས་པ་ནི་མིང་རང་ངོས་ནས་འདོད་རྒྱལ་གྱི་མིང་ལྟ་བུར་གྲུབ་ཀྱང་། ཕྱིས་སུ་རིམ་བཞིན་མིའི་རིག་པ་ཇེ་འཕེལ་དང་མིང་འདོགས་ལུགས་ཀྱང་ཇེ་མཁས་སུ་སོང་བས། འབྲེལ་བ་མང་དག་ལ་བརྟེན་ནས་རྗེས་གྲུབ་ཀྱི་མིང་འདོགས་ཤིང་། གཙོ་བོ་འདོད་རྒྱལ་མིང་གང་རུང་གི་གཞི་དག་ཕན་ཚུན་འབྲེལ་བ་བྱས་ནས་རྗེས་གྲུབ་ཀྱི་མིང་དུ་གྲུབ་པ་ནི་ངེད་ཅག་གིས་ཚོད་བགམ་བྱེད་ཐུབ་པ་ཞིག་ཡིན། དེས་ན། མགོ་ཞེས་པའང་དེ་འདྲའི་རྒྱུ་མཚན་ལས་མ་འདས་ཏེ། ལུང་པ་ལ་མགོ་ཁྲིད་མཁན་གྱི་མི་བོ་གང་དེ་ནི་ཐོག་མའི་སྣ་འདྲེན་མཁན་ལྟ་བུའམ། ཆེས་བྱིངས་ལས་གནས་བབ་མཐོ་བ་ལ་སོགས་པའི་རྟགས་ཀྱིས། མགོ་དེ་ཡན་ལག་གི་དང་པོ་དང་། ལངས་པའི་སྐབས་སུའང་ཡན་ལག་ཀུན་གྱི་མཐོ་ཤོས་སུ་གནས་པའི་འདྲ་ཆོས་དེས། མགོ་ཁྲིད་དམ་མགོ་བ་ཞེས་མིང་བཏགས་པ་ཡིན་ཤས་ཆེ་ལ། དེ་ཡང་། ཐོག་མའི་སྣེ་འདྲེན་པར་བྱེད་པའི་དོན་ལ། སྣ་འདྲེན་པ་དང་། གདན་འདྲེན་ཞུས་པའམ་སྤྱན་འདྲེན་པ། དེ་མིན། དམག་གི་ཐོག་མའི་འཐབ་མཁན་ནམ་ངོ་ལེན་མཁན་ལ་གདོང་ལེན་པ་ཞེས་དང་། དེ་བཞིན་མགོ་འདྲེན་པ་ལྟ་བུ་དང་། ཡང་ཐོག་མའི་མཛུབ་ཁྲིད་བྱེད་མཁན་གྱི་དོན་ཅན་ལ་སྣ་ཁྲིད་པ༼ སྣེ་ཡང་འབྲི༽ ཞེས་དང་། ད་དུང་ཐོག་མའི་མིག་ལྟོས་ཀྱི་སློབ་སྦྱོང་ཞུ་བ་ལ་མིག་ཁྲིད་བཟང་པོ་ཞེས་པ་དང་། གཞན་ཡང་། ཀླད་ཀྱི་གཏམ་དང་གཏམ་གྱི་མགོ་མ་སོགས་ཐོག་མའི་གླེང་གཞིའི་དོན་ཅན་དུ་ཀླད་དང་མགོ་གཉིས་ཀ་འཇུག་པ། དེ་མིན། ཐོག་མའི་གཞི་གང་རུང་ལས་ཡར་འཕར་ནས་དེ་བས་མཐོ་བའི་གནས་ཚད་ཅིག་ཏུ་བསླེབས་པའི་དོན་ལ། ཐོད་རྒལ་ཞེས་ཐོག་མའི་གཞི་གང་ཐོད་པ་ལ་སྦྱར་ནས་དེ་ལས་བརྒལ་བ་ལ་ཐོད་རྒལ་ཞེས་བཏགས་པ་སོགས། མདོར་ན། སྣ་དང་སྤྱན་དང་མིག །གདོང་དང་ཀླད་དང་ཐོད་དང་མགོ་དང་བཅས་པ་རྣམས། ཐོག་མའི་དོན་ཅན་དུ་གོ་རུང་ཡིན་པར་གཞིགས་ན། མིའི་འདུ་ཤེས་སུ་ཐོག་མའི་དོན་གང་ནི་རང་གི་ལུས་སྟེང་དུ་གཞི་འཛིན་དཔེ་བླངས་ཀྱིས་ཡན་ལག་གི་དང་པོའམ་མཆོག་དེས་མཚོན་པར་གནངས་འདུག་ཕྱིར། ཐོག་མའི་མགོ་ཁྲིད་པའི་དོན་ཅན་གྱི་དག་ཆ་དེ་ཡང་། མ་མགོ་རང་དུ་ཡིན་དགོས་པ་དཔོག་ཐུབ་བོ། །གསལ་ཁ་ཅུང་རེ་ཡོད་ཕྱིར་རེའུ་མིག་ལས་བསྟན་ཙ་ན།
༼ ༤ ༽
རིགས་མི་གཅིག་པའི་མིང་རྣམས་ནི། །རྟེན་ཅིང་འབྲེལ་བའི་འབྱུང་རྐྱེན་ལས། །རང་གི་ངོ་བོ་མི་སྟོན་པར། །གཞན་གྱི་ངོ་བོ་སྟོན་པ་འདི། །ལེགས་པར་རྟོགས་ན་བརྗོད་བྱེད་སྒྲར། །ཐོགས་པ་མེད་པའི་དབང་འབྱོར་རོ། །[31]ཞེས་བྱ་གྲངས་དངོས་ཁྱད་ཀྱི་མིང་ཕན་ཚུན་ཡང་། འགྱུར་བའི་རང་བཞིན་ནམ་རྟེན་ཅིང་འབྲེལ་བ་འབྱུང་བའི་རིགས་ཀྱིས་ལྷག་པར་སྤུད་པ་ཡིན་མོད། དེ་ལྟར་མིང་ཡོད་དོ་ཅོག་ལ་འགྱུར་བའི་རང་བཞིན་ལྡན་པའི་ཁྱབ་པ་ཡང་མེད། ལྷག་པར་བརྗོད་བྱར་གྱུར་པའི་མ་མགོ་དང་འ་འགོ་ལྟ་བུའི་རྣམ་གཞག་སྤྱད་པའི་དུས་སུའང་། བསམ་བྱ་འདི་འདྲ་འགའ་ཡོད་དེ། དེ་ཡང་། འས་འཕུལ་ག་ཡིག་ཅན་གྱི་ནང་། འགག །འགད། འགབ། འགམ། འགྲངས། འགྲན། འགྲས། འགྲིག །འགྲིབ། འགྲིམ། འགྲིལ། འགྲུབ། འགྲེ། འགྲེངས། འགྲོ། འགྲོགས། འགྲོང་། འགྲོལ། འགྲོས། འགྱངས། འགྱུར། འགྱིང་། འགྱུ། འགྱུར། འགྱེད། འགྱེལ། འགྱོགས། འགྱོད། འགུགས། འགུམས་སོགས་སྤྱིའི་ཆ་ནས་བྱ་བའི་མིང་དུ་འཇུག་པ་མང་བ་ལྟ་བུར་སྣང་ལ། གཞན། མགོ །མགལ། མགུར། མགུལ། མགྲིན། མགྲོན། མགྲེ་སོགས་མས་འཕུལ་ཅན་རྣམས་སྤྱིར་དངོས་པོའི་མིང་དུ་འཇུག་པ་མང་བས། ངག་རྒྱུན་དུ། བྱ་བའི་འགོ་ནི་འ་འགོ་ལ། །ལུས་ཀྱི་མགོ་ནི་མ་མགོའོ། །ཞེས་པ་ལྟར། བྱ་བའི་མིང་ཅན་གྱི་རི་ལ་འགོ་བ་དང་། ནད་འགོ་བ་སོགས་ལ་འ་འགོ་འབྲི་དགོས་པ་དང་། ལུས་ཀྱི་མགོ་ནི་མ་མགོ་ཞེས་གསུང་སྟངས་ལ་གཞིགས་ན། ལུས་ཀྱི་ཡན་ལག་ཏུ་གྱུར་པའི་མགུལ་ནི། དངོས་པོའི་མིང་ཡིན་པ་དང་། འགུལ་ཞེས་གཡོ་བའི་དོན་ཅན་གང་ནི། བྱ་བའི་མིང་ཡིན་པར་གཞིགས་ཏེ། འ་འགོ་ནི་བྱ་བའི་མིང་གི་འགོ་སྟེ། ནད་འགོ་བ་དང་རི་ལ་འགོ་བར་གོ་ན་ལེགས་ཤིང་། མ་མགོ་ནི་ཡན་ལག་གི་མགོ་དང་། དང་པོ་སྟེ་ཐོག་མའམ་ཀུན་གྱི་མཆོག་སྟེ་ཐོག་མའི་དོན་དུ་གོ་ནའང་སྐྱོན་ཆེར་མ་མཐོང་བས། བྱ་བའི་མགོ་ནི་འ་འགོ་ལ། །མ་མགོ་ཡན་ལག་དང་པོའོ། །ཞེས་འགྲེལ་ནའང་མི་འགྲིག་མི་འཐུས་པའི་ཆ་ཅི་ཡང་ཡོད་སྲིད་དམ་སྙམ་ཏེ། ཡན་ལག་གི་མཆོག་དང་གཙོ་བོ་དང་དང་པོ་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པའི་ཕྱིར་རོ། །
༼ ༥༽
རྗེ་རྔོག་བློས། འཁྲུལ་བ་འབྱུང་བ་མི་སྲིད་ཀྱང་། །འདྲའོ་སྙམ་ནས་ནོར་བ་བྲིས། །ཀློག་མཁན་རྣམས་ཀྱིས་ནོར་བ་ཀློག །རྟོག་དཔྱོད་མཁན་པོས་ལོག་པར་གོ །དེ་ནས་དོན་རྣམས་འཆུགས་པར་སྲིད། །དེ་ཕྱིར་འཁྲུལ་བ་བསལ་བའི་ཕྱིར། །ཉེར་མཁོའི་བསྟན་བཅོས་འདི་ཉིད་ནས། །དབྱེ་བ་སོ་སོར་བཤད་པ་རྣམས། །མ་འདྲེས་སོ་སོར་ཤེས་པར་བྱ། །ཞེས་གསུངས་པ་བཞིན། བརྡ་དག་གང་ནི་དོན་འཁྲུལ་མེད་འཛོལ་བྲལ་དུ་གོ་བའི་གཞི་རྟེན་དུ་གྱུར་བས། བརྡ་དག་གང་ཉིད་ཚིག་གི་བརྗོད་དུམ་ཞིག་ཏུ་གྲུབ་པའི་ཚེ། འདྲ་བའི་ཡི་གེ་ཕན་ཚུན་འཁྲུལ་བའི་རིགས་ཤིན་ཏུ་ནས་མང་ཞིང་། ལྷག་པར་འཁྲུལ་བ་འགའ་ཤས་ལ་བརྟེན་ནས་དོན་ཡང་ལོག་པར་གོ་བ་ངེས་གཤིས། ངེས་པར་རྩོད་གཞི་ཅན་གྱི་དག་ཆ་གང་གཉིས་ལས་གང་ལ་བསྟུན་ཞེ་ན། འཁྲུལ་བ་ཡོད་མེད་གཉིས་ནས་མེད་པ་དང་། ཡོད་ཡོད་དཀྱིལ་ནས་ཅུང་འཁྲུལ་བ་ཉུང་བ་དེ་བདམས་དགོས་པ་ནི་ཨ་ཅང་བརྗོད་མེད་ལགས། དེ་ཡང་། མགོ་དང་འགོ་གཉིས་ལ། ཐོག་མའི་དོན་དུ་འགོ་བྲིས་ན། འགོ་བ། ཞེས་དངོས་པོའི་མིང་དུ་ཀློག་རུང་ལ། དོན་ནི་འགོ་ཁྲིད་ཅེས་པའི་དོན་ཡིན་དགོས་ཤིང་། གཞན་བྱ་བའི་མིང་དུ་ཡང་ཀློག་རུང་ལ། དོན་ནི་ནད་སོགས་བསྒོ་བར་བྱ་བའི་དོན་དང་། རི་སོགས་གྱེན་ལ་འཛེགས་པའི་དོན་དུ་གོ་ངེས་ཤིང་། གལ་སྲིད་ཐོག་མའི་དོན་ཅན་གྱི་འགོ་བ་དེ་མ་མགོ་བྲིས་ན། ཡན་ལག་གི་མཆོག་བཅས་པ་དང་འཁྲུལ་བའི་ཉེན་ཁའང་མེད་པས། ཐོག་མའི་དོན་ཅན་དུ་མ་མགོ་བྲིས་ན་ལེགས་སོ་སྙམ། འོན་ཀྱང་། ཤིས་ཚང་མཁྱེན་རབ་རྒྱ་མཚོས། འགོ་བ་ཞེས་པའང་སྐབས་དོན་དང་ཚིག་གྲོགས་ལ་བལྟས་ན་མིང་དང་བྱ་ཚིག་གང་ཡིན་ལ་ནེམ་ནུར་བྱ་མི་དགོས་པར་སྙམ།[32]ཞེས་གསུངས་ཀྱང་། གུས་པས་བལྟས་ན་དེ་ནི་ཅུང་མི་འགྲིག་སྟེ། དེ་ཡང་། དོན་གོ་བའི་སླད་དུ་དཔེར་བརྗོད་ཅིག་བྲིས་ན། འགོ་བ་བཀྲ་ཤིས་ནད་འགོས་ནས། །གདོན་གྱིས་གནོད་པར་དོགས་པ་ཡིས། །འགོ་བ་བཀྲ་ཤིས་རི་ལ་འགོས། །རི་རྩེའི་ལ་བཙས་རླུང་རྟས་སྤུད། །ཅེས་པ་ལྟ་བུར་མཚོན་ན་དོན་གཉིས་སུ་འཁྲུལ་ཉེན་ཡོད་དེ། འགོ་བ་དེ་བྱ་བའི་མིང་དུ་གོ་ན་རྒྱན་གྱི་རྣམ་པ་ལྟ་བུར་འགྲོ་ཞིང་། དངོས་པོའི་མིང་དུ་གོ་ན་མགོ་ཁྲིད་བཀྲ་ཤིས་ཀྱི་དོན་རང་དུ་གོ་བས། ཤིས་ཚང་བའི་གསུང་ལའང་ཅུང་མི་འགྲིག་ཟེར་བའི་གཞི་ཡང་དེར་ཐུག་ཡོད། ད་དུང་དེ་མིན་སྐབས་བབ་ཀྱི་བརྗོད་བྱ་ལས་རྟོགས་མི་ཐུབ་པ་མང་དུ་ཡོད་སྲིད་ཀྱང་། དཔེ་ཀློག་གི་ཐོས་རྒྱ་ཉུང་བས་རང་གི་དཔེར་བརྗོད་ཙམ་ལས། དོན་གྱི་གསུང་རབ་བསྟན་བཅོས་སུ་འཁྲུལ་བའི་གཞི་གང་ཡོད་མེད་ནི་ཕྱིས་ཀྱི་འདུ་འགོད་འབའ་ཞིག་ཏུ་བཅོལ་དགོས་བྱུང་ངོ་། །དེ་མིན། རྒན་རྡོ་དགོན་མཆོག་གིས་མགོ་ཁྲིད་ཅེས་པའི་སྐབས་སུ་མགོ་ལ་ཐག་པ་བརྒྱབ་ནས་ཁྲིད་དགོས་ལུགས་སོགས་ཀྱི་གསུང་ནི་མཁས་པའི་བཞད་གད་ལྟ་བུའི་གསུང་རང་དུ་ངེས་དགོས་ཏེ། སྣ་འདྲེན་ཞེ་ན་སྣ་ལ་ཐག་པ་བརྒྱབ་ནས་མི་འདྲེན་ལ། སྤྱན་འདྲེན་ཞེ་ན་མིག་ལ་ལྕགས་ཀྱུ་བསྐོན་ནས་འདྲེན་གྱི་མེད་པས་སོ། །
༼ ༦༽
སྔོ་དང་སྔོན་ལྟ་བུ་ལ་ཆ་མཚོན་ན། སྔོ་ཞེས་པར་བདག་སྒྲའི་མིང་མཐའ་སྦྱར་དུས་དབྱངས་ཨོ་དང་མ་ལྡན་པ་སྦྱར་བ་དང་། སྔོན་ཞེས་པའི་སྐབས་སུ་དབྱངས་ཨོ་དང་ལྡན་པའི་བདག་སྒྲ་སྦྱོར་དགོས་ཏེ། དཔེར་ན། སྔོ་བ་དང་སྔོན་པོ། ལྟ་བུ་དང། དེ་བཞིན། དྲོ་བ་དང་དྲོན་པོ། རྣོ་བ་དང་རྣོན་པོ། མཐོ་བ་དང་མཐོན་པོ། སོགས་པར་གཞིགས་ན།[33] མགོན་ཞེས་པའང། ཐམས་ཅད་ཀྱི་སྣེ་ཁྲིད་མཛུབ་སྟོན་གནང་མཁན་ནམ། སྐྱབས་བཅོལ་ཞུ་འབོད་དང་བློ་གཏད་བཅོལ་སའི་མགོན་པོ་གང་ནི། ཐམས་ཅད་ཀྱི་མགོ་ཁྲིད་ལམ་སྟོན་གྱི་དོན་དུ་གོ་དགོས་པ། གོང་གི་རིགས་པས་སྒྲུབ་ནུས་པ་ལྟར། མགོ་བྱ་བར་པ་བ་མ་ཞེས་དབྱངས་ཨོ་དང་མ་ལྡན་པར་འཇུག་ཅིང་། པོ་བོ་མོ་སོགས་བདག་སྒྲ་དབྱངས་ཨོ་དང་ལྡན་པ་ཞིག་འཇུག་ཏུ་ཡོད་ན། རྗེས་འཇུག་ན་སྣོན་དགོས་པ་ལ། མགོན་པོ་ཞེས་དོན་དུ་གནས་པ་ལྟར་སྣང་ལ། མགོ་པ། མགོན་པོ། མགོ་བ། མགོན་བོ། མགོ་མ། མགོན་མོ་ཞེས་མགོན་བྱ་བའི་རིགས་པས་རྒྱ་བཀྲལ་ན། ཐོག་མའི་སྣེ་ཁྲིད་ཀྱི་མགོ་དེ་མ་མགོ་ཡིན་དགོས་སོ་སྙམ་མོ། །
༼ ༧༽
རྗེ་ངག་དབང་མཐུ་སྟོབས་ཚུལ་ཁྲིམས་བསྟན་འཛིན་གྱིས། མགོ་ནི། ལུས་ཀྱི་མགོ་བོ་དང་སྐར་མ་བྱེ་བྲག་པ་ཞིག་གི་མིང་། ཞེས་གསུངས་པ་བཞིན། ཇི་སྐད་དུ། མགོའི་མིང་ལ། མྲི་ག་ཤྲི་རཱ་རི་དགས[དྭགས]མགོ་ཞེས་བྱ་སྟེ། སྐར་མ་འདི་རི་དྭགས་ཀྱི་མགོའི་དབྱིབས་དང་རྗེས་སུ་མཐུན་པར་གནས་པའོ། །སྐར་མ་དེ་ཉིད་ལ་ཨ་གྲ་ཧཱ་ཡ་ཎཱི། ལོ་ཡི་དང་པོ་ཞེས་བྱ་སྟེ། སྐར་མ་མགོ་ལ་ཟླ་བ་ཉ་བ་དེ་ལོའི་དང་པོར་བརྗོད་པའི་ཉེ་བར་སྤྱོད་པ་ལས་སོ། །ཨཱི་ལ་ཞེས་པ་འགྲོ་ལྡན་དེ་ཤིན་ཏུ་ཆུང་བའི་སྐར་མ་ལྔ་དེའི་ཕྱོགས་སུ་གནས་སོ། །[34]ཞེས་པ་ལས་རྟོགས་ནུས་པ་ནི། ཡན་ལག་གི་ཐོག་མའི་དོན་ཐོབ་སྟེ་རི་དྭགས་ཀྱི་མགོ་ལྟ་བུར་དང་པོའི་དོན་དུ་རྗེས་སུ་མཐུན་པར་གཞིགས་ན། མགོ་ཡང་དང་པོའམ་ཐོག་མའི་དོན་ཡིན་པས། མགོ་ཁྲིད་ཀྱང་མ་མགོ་ཡིན་དགོས་སྙམ། གཞན་ཡང་། སྒྲ་ལ་བརྟེན་ནས་ཚིག་འབྱུང་སྟེ། །ཚིག་ལ་བརྟེན་ནས་དོན་ངོ་ཤེས། །དོན་གྱི་དམ་པ་ཆོས་ཉིད་ཕྱིར། །ཀ་དག་སྒྲ་དོན་མཁྱེན་ལགས་སམ། །ཀ་ནི་མགོ་འམ་ཐོག་མའི་མིང་། །ཡི་གེའི་ཕྱི་མོ་གཉིས་ཀྱིའང་སྤྱི། །དེ་བཞིན་ཞིང་གི་ཆུ་མགོ་ལའང་། །ཀ་ཞེས་འཇིག་རྟེན་ངེས་པར་སྒྲོག །[35]ཅེས་གསུངས་པ་ལྟར་ཕྱོགས་ཡོངས་ནས་ཞིབ་མོས་དཔྱད་ན་ཐོག་མའི་དོན་དུ་མ་མགོ་དག་གོ་སྙམ་མོ། །
གསུམ་པ། གནད་དོན་གྱི་མཐའ་དཔྱོད་པ།
དེ་ཡང་། བརྡ་དག་གཞུང་ལུགས་ཀྱི་སྟེང་ནས་གླེང་ན། ཆོས་རྗེ་ས་པཎ་ནས་དབུ་བརྩམས་ཤིང་། དཔལ་ཁང་ལོ་ཙཱ་བ་ནས་རྒྱུན་བསྐྱངས་ཏེ་ཡང་དག་ཏུ་གསུངས་ཡོད་པ་ནི་འས་འཕུལ་ཅན་གྱི་འགོ་དེ་ཡིན་ལ། ཕྱིས་ཀྱི་མཁས་དབང་ཨ་ལགས་ཚེ་ཏན་ཞབས་དྲུང་དང་། རྗེ་ངག་དབང་མཐུ་སྟོབས་ཚུལ་ཁྲིམས་བསྟན་འཛིན་མཆོག །རྒན་དཔའ་རིས་སངས་རྒྱས་བཅས་ནས་མས་འཕུལ་ཤུགས་ཆེ་བར་གསུངས་ཡོད་པ་བློ་ལྡན་དག་གིས་མཇལ་བ་ཙམ་གྱིས་ཤེས་རུང་ལྟ་བུ་ཡིན་ཀྱང་། སྔོན་གྱི་ཕྱག་སྲོལ་ལས་མངོན་པར་གཞིགས་ན། རྡོ་རིང་བྲག་བརྐོས་ཀྱི་ཡི་གེ་དང་དཔེ་རྙིང་དག་ལས་མ་མགོ་མང་བར་གསལ་ཞིང་། ས་པཎ་རྗེས་སུའང་མ་མགོ་འབྲི་མཁན་ཤིན་ཏུ་ནས་མང་པོ་ཡོད་པས་དངོས་སྟོབས་ཀྱི་རིགས་པར་མ་བརྟེན་ན། དེ་ལུགས་སུ་བདེན་སུ་རྫུན་དད་པའི་རྗེས་སུ་འབྲངས་རྒྱུ་མ་གཏོགས་བརྡ་དག་གི་བཞེད་པ་དང་ཕྱག་སྲོལ་གྱི་མངོན་ཚུལ་ཙམ་ལས་རྟོགས་པར་དཀའ་བའོ། །ཇི་སྐད་དུ། སྤྱིར་རིག་པའི་གཞུང་ལུགས་ཀྱི་ལེགས་ཉེས་ནི་དངོས་པོའི་གནས་ཚོད་དང་མཐུན་མི་མཐུན་གྱི་སྟེང་ནས་ཕྱེ་བ་ཡིན་པས། བོད་ཀྱི་བརྡ་སྤྲོད་ཀྱི་དཔེ་ཁྲིད་གནང་བའི་དགེ་རྒན་རྣམ་པ་དང་། བོད་ཡིག་འབྲི་རྩོམ་བྱེད་པའི་མཁས་པ། ན་གཞོན་སློབ་གཉེར་བ་རྣམས་ཀྱིས་བོད་ཡིག་གི་བརྡ་སྤྲོད་ཀྱི་གོ་བ་དང་ཡི་གེའི་བྱ་བའི་ལག་ལེན་ལ་སྦྱར་ནས་བལྟས་ན། བདེན་རྫུན་ལེགས་ཉེས་ཀྱི་གསལ་ཁ་དོད་པར་འགྱུར་བས། ལེགས་ན་བེད་སྤྱོད་བྱེད་པ་དང་། ཉེས་ན་ཤོག་ལུད་ཀྱི་ཁྲོད་དུ་གཤེགས་གསོལ་བྱེད་པར་རིགས་སོ། །[36]ཞེས་གསུངས་ཤིང་། དེ་མིན། ལུང་རིགས་གཉིས་ལས་རིགས་པ་འགངས་ཆེ་ཚུལ་གསུངས་པའི་ལུང་ནི་གངས་ཅན་གསུང་རབ་ཀུན་ན་མཐོང་རུང་དུ་ཡོད་ཅིང་། ངེད་ཅག་གི་མཁས་པ་དག་གིས་ཀྱང་སྔར་ནས་ད་བར་རིགས་པས་བརྡར་ཤ་བཅད་ནས་རིག་གནས་འདི་བསྐྱངས་པ་ཡིན་གཤིས། རིགས་པས་དཔྱོད་པ་ལས་མཁས་པ་གང་རུང་ལ་མོས་པའི་རྒྱུ་མཚན་གྱིས་དེ་རྩ་བ་ནས་ཡང་དག་ཏུ་འཛིན་པ་ནི་རིག་གཞུང་དཔྱོད་འཇུག་གི་ཆོས་ཉིད་ལས་རིང་དུ་གྱེས་པ་ཡིན་སྲིད།
མདོར་དྲིལ་ན། ཐོག་མའི་མགོ་དེ་མ་མགོ་བྲིས་པ་ཡིན་ན། ས་པན་གྱི་བཞེད་པ་དང་དེ་ཕྱིས་བརྡ་སྤྲོད་མཁན་པོ་མང་པོའི་གསུང་སྒྲོས་དང་མ་མཐུན་པའི་གནད་གཅིག་ཡོད་མོད། བཙན་པོའི་དུས་དང་དེ་ཕྱིས་ཀྱི་མཁས་པའི་ཕྱག་ལེན་གྱི་སྲོལ་མང་པོ་དང་མཐུན། ལྷག་པར་དུ། རིགས་པ་དང་མཐུན་ཞིང་འཁྲུལ་བའི་གཞི་དང་བྲལ་བ་ལྟ་བུར་སྣང་བས་མ་མགོ་བྲིས་ན་ལེགས་སོ། །དེའི་ཕྱིར། ཐོག་མའི་དོན་དུ་རིགས་པར་བསྟུན་ནས། མགོ་ཁྲིད་མགོ་ནི་མ་མགོ་ལ། །ནད་སོགས་འགོ་བ་འ་འགོའོ། །ཞེ་ན་དོན་ལ་གནོད་པ་གང་ཡང་མི་འདུག་སྙམ་ཞིང་། འ་འགོ་དང་མ་མགོའི་རྣམ་གཞག་ལས་ཐོག་མའི་དོན་ཅན་གྱི་དག་ཆ་ནི་མ་མགོར་ངེས་སོ། །དགེ་ལེགས་འཕེལ།
༈ ཞར་བྱུང་ཕྱག་སྲོལ་གྱི་མ་དཔེ་རེ་འགའ།
ལམ་རིམ་ཆེན་མོ། ༼ བླ་བྲང་པར་མ༽
ལམ་རིམ་ཆེན་མོ།༼ སྡེ་དགེ་པར་མ༽
ལམ་རིམ་ཆེན་མོ།༼ ལྡིར་ལིར་དཔར་བའི་བཀྲས་ལྷུན་པར་མ༽
ལམ་རིམ་ཆེན་མོ།༼ དྷ་སར་དཔར་བའི་བཀྲས་ལྷུན་པར་མ༽
ལམ་རིམ་ཆེན་མོ།༼ སྐུ་འབུམ་པར་མ༽
༼ བརྡ་ཡིག་མིང་དོན་གསལ་བར་བྱེད་པའི་ཟླ་བའི་འོད་ཟེར༽
༼ ཇོ་སྲས་བསོད་ནམས་དཔལ་གྱིས་མཛད་པའི་བླ་མ་རིན་པོ་ཆེ་རི་ཁྲོད་པའི་རྣམ་པར་ཐར་པ༽
༼ དྲུག་ཅུ་པའི་གཏོར་བཟློག་སོགས་ཀྱི་དམོད་བཅོལ་མགོ་འདྲེན་སྦྱོར་རྒྱུ་བཞུགས་སོ༽
༼ཨ་ཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་འབྱུང་རྩིས་ཀྱི་ལོ་མགོ་འཛིན་ཚུལ༽
༼ གློ་བོ་མཁན་ཆེན་གྱིས་མཛད་པའི་མགོ་སྔོན་གྱི་མཇུག་གི་ཤིས་བརྗོད་བྱ་བ༽
༼ དཀར་ལེབས་སུམ་རྟགས་དཀའ་འགྲེལ༽
[1]བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་བོད་སྐད་ཡིག་རྩོམ་རིག་ཆེད་ལས་སུ་སློབ་གཉེར་བྱེད་བཞིན་ཡོད། ཕ་ཡུལ་འདམ་གཞུང་།
[2]ཚེ་ཏན་ཞབས་དྲུང་གིས་མཛད་པའི<<ཐོན་མིའི་ཞལ་ལུང>>【M】ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་ཕྱི་ལོ༢༠༠༥ལོར་པར་ཐེངས་དང་པོ་དཔར། ཤ ༡༤
[3]ནང་ཆེན་ཨ་ལྡེའུ་གྲུབ་རིགས་ཁྱུ་མཆོག་གི<<བོད་ཀྱི་བརྡ་དག་ལ་བརྟེན་ནས་ཤེས་བྱ་ཀུན་ལ་འཇུག་པའི་སྒོ་རྣམ་པར་དབྱེ་བའི་རྩ་བ་དང་འགྲེལ་བ་ཀེ་ཏ་ཀའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ>>【M】སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༡༢ལོའི་ཟླ་བ༡༢པར་པར་ཐེངས་དང་པོ་དཔར།གསལ་བཤད་ཀྱི་ཤོག་ངོས༢པར་གསལ།
[4]རྒན་བཀྲ་ཤིས་ཟླ་བ་ལགས་ཀྱི་བོད་ཀྱི་ཐ་སྙད་ལས་ཆེ་དང་ཆེན་གཉིས་ཀྱི་འབྲི་ཚུལ་བཤད་པ། བོད་ལྗོངས་སློབ་ཆེན་གྱི་རིག་དེབ།【J】༢༠༡༨ལོའི་དུས་དེབ་བཞི་པ། ཤ༥༨
[5]རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི<<དག་ཡིག་ཉེར་མཁོ་བསྡུས་པ>> དེ་ཡང<<བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་བཞུགས་སོ>>【G】༼ པོད་བཅུ་དགུ་པ༽སི་ཁྲོན་དུས་དེབ་ཚོགས་པ་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༡༤ལོའི་ཟླ་བ༡༢པར་པར་ཐེངས་དང་པོ་དཔར།ཤ ༡༡
[6]ས་པཎ་ཀུན་དགའ་རྒྱལ་མཚན་གྱི<<དག་པར་བྱེད་པའི་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ>>དང<<དག་ཡིག་ཉེར་མཁོ་བསྡུས་པ་སྡེབ་སྦྱོར་ཡེ་ཤེས་ནོར་བུ>>དེ་ཡང<<བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་བཞུགས་སོ>>【G】༼ པོད་བཅུ་དགུ༽སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༡༤ལོའི་ཟླ་བ༡༢པར་པར་ཐེངས་དང་པོ་དཔར། ཤ༡༧ ཤ༢༩
[7]ཞ་ལུ་ལོ་ཙཱ་བ་རིན་ཆེན་ཆོས་སྐྱོང་བཟང་པོའི<<བོད་ཀྱི་བརྡའི་བསྟན་བཅོས་ལེགས་པར་བཤད་པ་རིན་པོ་ཆེའི་ཟ་མ་ཏོག་བཀོད་པ>>དེ་ཡང <<བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་བཞུགས་སོ>>༼ པོད་བཅུ་དགུ་པ༽སི་ཁྲོན་དུས་དེབ་ཚོགས་པ་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༡༤ལོའི་ཟླ་བ༡༢པར་པར་ཐེངས་དང་པོ་དཔར།ཤ ༥༨ ཤ༦༡
[8]དཔལ་ཁང་ལོ་ཙཱ་བའི<<བོད་ཀྱི་བརྡའི་བྱེ་བྲག་གསལ་བར་བྱེད་པའི་བསྟན་བཅོས་ཚིག་ལེའུར་བྱས་པ་མཁས་པའི་ངག་གི་སྒྲོན་མ>>དང<<བོད་ཀྱི་བརྡའི་བྱེ་བྲག་གསལ་བར་བྱེད་པའི་བསྟན་བཅོས་ངག་གི་སྒྲོན་མའི་འགྲེལ་བ་བདུད་རྩིའི་དགའ་སྟོན>>དེ་ཡང<<བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་བཞུགས་སོ>>【G】༼ པོད་ཉི་ཤུ་པ༽སི་ཁྲོན་དུས་དེབ་ཚོགས་པ་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༡༤ལོའི་ཟླ་བ༡༢པར་པར་ཐེངས་དང་པོ་དཔར།ཤ ༦༥ ཤ༦༦ ཤ༦༧
[9]ཅོ་ནེ་བཤད་སྒྲུབ་རྒྱ་མཚོ་ཡི<<དག་ཡིག་བློ་གསར་གཞོན་ནུ་དགའ་བསྐྱེད>>དེ་ཡང<<བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་བཞུགས་སོ>> 【G】༼ པོད་ཉེར་གཅིག་པ༽སི་ཁྲོན་དུས་དེབ་ཚོགས་པ་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༡༤ལོའི་ཟླ་བ༡༢པར་པར་ཐེངས་དང་པོ་དཔར།ཤ ༡༡༨ ཤ༡༤༣
[10]ངག་དབང་མཐུ་སྟོབས་ཚུལ་ཁྲིམས་བསྟན་འཛིན་གྱི<<གངས་ཅན་པའི་བརྡ་སྤྲོད་མིང་ཚིག་དཔེར་མཚོན་ཅུང་ཟད་བཀོད་པ་བློ་གསར་དགྱེས་པའི་རོལ་མཚོ>>དང<<བོད་ཀྱི་བརྡ་དག་ལ་བརྟེན་ནས་ཤེས་བྱ་ཀུན་ལ་འཇུག་པའི་སྒོ་རྣམ་པར་བཀྲལ་བ་ཀེ་ཏ་ཀའི་ཕྲེང་བ>>དེ་ཡང<<བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་བཞུགས་སོ>>【G】༼པོད་ཉེར་གཉིས་པ ༽སི་ཁྲོན་དུས་དེབ་ཚོགས་པ་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༡༤ལོའི་ཟླ་བ༡༢པར་པར་ཐེངས་དང་པོ་དཔར།ཤ༤༥ ཤ༤༩ ཤ༥༦ ཤ༦༧ ཤ༡༤༢ ཤ༡༤༣ ཤ༢༠༣
[11]དམུ་དགེ་བསམ་གཏན་གྱི<<བྱིས་པའི་དག་ཡིག>>དེ་ཡང<<བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་བཞུགས་སོ>>【G】༼ པོད་ཉེར་གཅིག་པ ༽སི་ཁྲོན་དུས་དེབ་ཚོགས་པ་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༡༤ལོའི་ཟླ་བ༡༢པར་པར་ཐེངས་དང་པོ་དཔར།ཤ༤༧༦
[12]ཚེ་ཏན་ཞབས་དྲུང་གི<<ཐོན་མིའི་ཞལ་ལུང>>【M】ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་ཕྱི་ལོ༢༠༠༥ལོར་པར་ཐེངས་དང་པོ་དཔར།ཤ༣༣༣
[13]དཔའ་རིས་སངས་རྒྱས་ཀྱི་བྲི་ལ་ནོར་སླ་བའི་ཡི་གེ་སྐོར་ཞིག་གི་འབྱུང་རྐྱེན།【EB】ལུག་ཚང་དཔལ་ཡོན་གྱི་འཕྲིན་སྟེགས་ལས་དྲངས། ༢༠༡༨-༡༡-༠༤
[14]བཤེས་གཉེན་རྡོ་དགོན་གསང་བདག་རྡོ་རྗེ་ལགས་ཀྱིས་མཚོ་སྔོན་མི་རིགས་སློབ་ཆེན་དུ་གནངས་པའི་འཆད་ཁྲིད་སྒྲ་ཕབ་ལས་དྲངས།【MT】
[15]པ་ཚབ་པ་སངས་དབང་འདུས་ཀྱི<<སྤུ་རྒྱལ་བོད་ཀྱི་རྡོ་བརྐོས་ཡི་གེ་ཕྱོགས་བསྒྲིགས་ཀྱི་མ་ཡིག་དག་བཤེར་དང་དེའི་ཚིག་འགྲེལ་དྭངས་སང་གངས་ཆུ>>【M】བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་གིས༢༠༡༣ལོའི་ཟླ༤པར་པར་ཐེངས་གཉིས་པ་དཔར།ཤ ༩༥
[16]པ་ཚབ་པ་སངས་དབང་འདུས་ཀྱི<<གསར་དུ་རྙེད་པའི་སྤུ་རྒྱལ་བོད་དང་མངའ་རིས་སྟོད་ཀྱི་རྒྱལ་རབས་སྐོར་གྱི་རྩ་ཆེའི་ཡིག་རྙིང་མཚམས་སྦྱོར་དཔྱད་གླེང>>བོད་ལྗོངས་ཞིབ་འཇུག་གི༢༠༡༢ལོའི་དེབ་བཞི་པ།【J】ཤ༣༥ཤ ༣༦
[17]གཉའ་གོང་དཀོན་མཆོག་ཚེ་བརྟན་གྱི<<བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ>>【M】 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས༢༠༡༤ལོའི་ཟླ་བ༦པར་པར་ཐེངས་གསུམ་པ་དཔར།ཤ ༤༣༦
[18]ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་འབྲུ་འགྲེལ་བྱས་པའི<<ཏུན་ཧོང་གི་གནའ་ཡིག་ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་ཞེས་བྱ་བའི་རྩ་འགྲེལ>>མི་རིགས་དཔེ་སྐྲུན་ཁང་གིས༢༠༡༣ལོའི་ཟླ་བ་ལྔ་པར་པེ་ཅིན་དུ་པར་ཐེངས་གཉིས་པ་དཔར། ཤ༢༨ ཤ༣༠
[19]སྐྱོགས་སྟོན་རིན་ཆེན་བཀྲ་ཤིས་ཀྱི<<བོད་ཀྱི་སྐད་ལས་གསར་རྙིང་གི་བརྡའི་ཁྱད་པར་སྟོན་པ་ལེགས་པར་བཤད་པ་ལི་ཤིའི་གུར་ཁང>>【M】བོད་ལྗོངས་དཔེ་སྐྲུན་ཁང་གིས༢༠༡༥ལོའི་ཟླ༤པར་པར་ཐེངས་དྲུག་པ་དཔར། ཤ༣༥
[20]ཨ་ལག་ཤ་ལྷ་རམས་པ་ངག་དབང་བསྟན་དར་གྱི<<བརྡ་ཡིག་མིང་དོན་གསལ་བར་བྱེད་པའི་ཟླ་བའི་འོད་ཟེར>>བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས། ཤ༣༥ ཤ༣༤
[21]འབྲོམ་སྟོན་རྒྱལ་བའི་འབྱུང་གནས་སོགས་ཀྱི<<བཀའ་གདམས་ཕ་ཆོས>>【M】སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་ནས་བསྒྲིགས། ཤ ༣༣ ཤ ༣༡༥
[22]ཇོ་སྲས་བསོད་ནམས་དཔལ་གྱི<<བླ་མ་རིན་པོ་ཆེ་རི་ཁྲོད་པའི་རྣམ་ཐར>>དབུ་མེད་བྲིས་མ། བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་སྒྲིག་གླེགས་བམ། ༼ ཝི༽ ཤ༡༠༢
[23]ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི<<དྲུག་ཅུ་པའི་གཏོར་བཟློག་སོགས་ཀྱི་དམོད་བཅོལ་མགོ་འདྲེན་སྦྱོར་རྒྱུ>>བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས། ཤ ༢༥༤
[24]ཨ་ཀྱཱ་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི<<འབྱུང་རྩིས་ཀྱི་ལོ་མགོ་འཛིན་ཚུལ་སོགས>> བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས ༼འཕྲུལ་དེབ ༽ ཤ༤༡༤
[25]དཀར་ལེབས་པད་མ་རྡོ་རྗེ་ཡི<<དཀར་ལེབས་དྲུང་ཡིག་གི་སུམ་རྟགས་འགྲེལ་པ>>བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས། ༼འཕྲུལ་དེབ༽སྣ་རིང་ཤོག་ངོས ༢༦༥གསལ།
[26]དམུ་དགེ་བསམ་གཏན་གྱི<<རང་གི་བྱུང་བ་བརྗོད་པ་རང་གསལ་ཨཱ་དེ་ཤ>>རྔ་བ་ཁུལ་དཔེ་སྐྲུན་པར་འདེབས་ཁང་གིས༡༩༩༥ལོའི་ཟླ་བ་བཞི་པར་པར་ཐེངས་དང་པོ་དཔར། ཤ༦༦ ཤ༣༧ ༼ འཕྲུལ་དེབ༽
[27]གུང་ཐང་བསྟན་པའི་སྒྲོན་མེ་ཡི<<གུང་ཐང་སློབ་གཉེར་བསླབ་བྱ>>【M】 མི་རིགས་དཔེ་སྐྲུན་ཁང་གིས༢༠༡༦ལོའི་ཟླ༥པར་པར་ཐེངས༦པ་དཔར།ཤ༢
[28]ཐོན་མི་སམ་བྷོ་ཊ་ཡི<<ལུང་སྟོན་པ་རྟགས་ཀྱི་འཇུག་པ>>【M】གསེར་ཏོག་སུམ་རྟགས་ལས་དྲངས། མི་རིགས་དཔེ་སྐྲུན་ཁང་གིས༡༩༩༥ལོའི་ཟླ་བཅུ་པར་མཚོ་སྔོན་དུ་པར་ཐེངས་གཉིས་པ་དཔར།ཤ༦
[29]གོང་དང་མཚུངས།
[30]རྒན་སྤེན་པ་རྒྱ་མཚོ་ཡི<<བོད་ཀྱི་སྐད་གདངས་ཀྱི་གཞི་གདངས་གྲུབ་ཆ་དབྱེ་ཞིབ>>【M】མི་རིགས་དཔེ་སྐྲུན་ཁང་གིས༢༠༡༧ལོའི་ཟླ་བ༣པར་པར་ཐེངས༡པོ་དཔར། ཤ ༡༦༢
[31]དཔའ་རིས་སངས་རྒྱས་ཀྱི<<བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ>>【M】མི་རིགས་དཔེ་སྐྲུན་ཁང་གིས༢༠༡༠ལོའི་ཟླ་བ༣པར་པར་ཐེངས་གཉིས་པ་བཏབ།ཤ༡༥༡
[32]ཤིས་ཚང་མཁྱེན་རབ་རྒྱ་མཚོ་ཡི<<བརྡ་སྤྲོད་དོན་གནད་གསེད་བཀྲོལ>>【M】ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས༢༠༡༨ལོའི་ཟླ༡པོར་པར་ཐེངས༢པ་དཔར། ཤ ༡༢༧
[33]རྒན་འགྱན་སངས་ཀྱི་བརྡ་སྤྲོད་ལ་འཕོག་པའི་བཙའ་སད་ཐན་གསུམ་གྱི་དོན་ཚན་དྲུག་པ་དང་།རྒན་བཀྲ་ཤིས་ཟླ་བའི་གོང་བཀོད་དཔྱད་རྩོམ་ལས་བློ་སྐྱེད་ཐོབ།
[34]ཁྱུང་བདག་གིས་དག་སྒྲིག་མཛད་པའི<<མངོན་བརྗོད་འཆི་མེད་མཛོད་ཀྱི་རྒྱ་ཆེར་འགྲེལ་བ་འདོད་འཇོའི་བ་མོ་ཞེས་བྱ་བ>>【M】བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས ༢༠༡༣ལོའི་ཟླ༤པར་ཐེངས༢པ་དཔར། ཤ ༤༩
[35]རིག་འཛིན་འཇིགས་མེད་གླིང་པའི<<འཇིགས་མེད་གླིང་པའི་གཏམ་ཚོགས>>【M】བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས༢༠༡༨ལོའི་ཟླ་བ༩པར་པར་གཞི་གཉིས་པའི་པར་ཐེངས་དང་པོར་དཔར།ཤ༦༠༢
[36]དོར་ཞི་གདོང་དྲུག་སྙེམས་བློ་ཡི<<བརྡ་སྤྲོད་དོན་འགྲེལ་ཟབ་གནད་ཀུན་གསལ>>【M】 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས༡༩༩༩ལོའི་ཟླ་བ་བདུན་པར་པར་གཞི་གཉིས་པའི་པར་ཐེངས་དང་པོ། བསྐྱར་དཔར་གསལ་བཤད་ཀྱི་ཤོག་ངོས ༣པར་གསལ།