དཀར་མཛེས་བེ་རི་དགོན་ནས་གསར་བརྗེའི་ལས་དོན་ལ་ཕྱིར་དྲན་བྱེད་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-09


སྔོན་འགྲོའི་གཏམ།

前言

ཀྲུང་གོ་གསར་པ་དབུ་བརྙེས་ནས་བགྲང་བྱ་70འཁོར་བའི་སྐལ་བཟང་དུས་ཡག་གི་ཉིན་མོ་འདིར། སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་ངོ་70ཡི་རིང་གི་འོད་སྟོང་ལྡན་པའི་ལོ་རྒྱུས་མངོན་པ། ཀྲུང་གོ་གསར་པའི་སྲིད་བཟང་གི་ཉི་འོད་ཁྲོད། སི་ཁྲོན་བོད་ཁུལ་ནི་དཔའ་ངར་ཆེན་པོའི་ངང་མདུན་དུ་བསྐྱོད་ཡོད་ལ། མེས་རྒྱལ་གྱི་གོམ་སྟབས་དང་བསྟུན་ནས་མཉམ་དུ་དུས་རབས་གསར་པའི་ཕྱོགས་སུ་བསྐྱོད།

ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན། ཀྲུང་དབྱང་གི་བོད་ལྗོངས་ལས་དོན་གྱི་བཞུགས་མོལ་གྲོས་ཚོགས་ཐེངས་དྲུག་པ་འཚོགས་རྗེས། སི་ཁྲོན་བོད་ཁུལ་གྱིས་ཁྱོན་ཡོངས་ནས་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་ཆོས་ལུགས་སྲིད་ཇུས་ལག་བསྟར་བྱས་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་གྱི་མཛུབ་སྟོན་འོག །དེ་རིང་གི་བོད་ཁུལ་ནི་གསར་གཏོད་ལས་གཏོད་དང་ཕུགས་བསམ་མངོན་འགྱུར་འབྱུང་སའི་བདེ་སྐྱིད་ཀྱི་ཁྱིམ་གཞིས་ཆེན་པོ་ཞིག་ཏུ་གྱུར་དང་འགྱུར་བཞིན་མཆིས། མ་ཟད་གནའ་ནས་ད་བར་གྱི་བོད་མི་རིགས་དང་དམར་དམག་བར་གྱི་ཡིད་སེམས་འགུགས་པའི་ངོ་མཚར་བའི་གཏམ་རྒྱུད་དུ་མ་ལས་སི་ཁྲོན་དཀར་མཛེས་རྫོང་གི་བེ་རི་དགོན་དང་འབྲེལ་བའི་དམར་དམག་རྒྱང་སྐྱོད་ཀྱི་དཀའ་སྡུག་གི་ལོ་ཟླའི་ཁྲོད་ནས་རྒྱ་བོད་ཁྱིམ་ཚང་གཅིག་གི་རླབས་ཆེའི་བྱ་བཞག་ལ་ཕྱིར་དྲན་དང་ཕྱིར་མཇལ་བྱེད་བཞིན་ཡོད། 

དཀར་མཛེས་སུ་དམར་དམག་རྒྱང་སྐྱོད་བྱས་པ། 

红军长征在甘孜

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ནི་ཀྲུང་གོའི་བོད་རིགས་ས་ཁུལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། རང་རྒྱལ་གྱི་ནང་ལོགས་ས་ཁུལ་དང་བོད་ལྗོངས་སྦྲེལ་མཐུད་བྱེད་པའི་སྒྲོག་ཐག་ལྟ་བུ་ཞིག་ཏུ་གྱུར་ཡོད། མ་ཟད་རྒྱ་བོད་མི་རིགས་མཛའ་མཐུན་འགྲོ་འོང་གི་སྦྲེལ་ཟམ་ལྟ་བུ་ཞིག་ཡིན་ལ། གནས་འདིའི་དམིགས་བསལ་ས་ཁམས་གནས་བབ་ཀྱིས་གནའ་སྔ་མོ་ནས་བཟུང་། གནས་འདི་དམག་དཔུང་གིས་བརྩོན་ལེན་བྱེད་པའི་ས་ཆ་ཞིག་ཡིན་པས་འཐབ་ཇུས་ཀྱི་གོ་གནས་གལ་ཆེན་ལྡན།

ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཀྲུང་གོའི་བཟོ་ཞིང་དམར་དམག་གིས་1934ལོའི་ཟླ་10པ་ནས་1936ལོའི་ཟླ་10པའི་དུས་ཡུན་ལོ་གཉིས་ཀྱི་རིང་། རྒྱང་ཐག་ལེ་དབར་ཉིས་ཁྲི་ལྔ་སྟོང་གི་རྒྱང་སྐྱོད་ལམ་དུ་དཀར་མཛེས་བོད་རིགས་ས་ཁུལ་ནས་ཟླ་བ་15ལྷག་ལ་བྱེད་སྒོ་སྤེལ་ཡོད། 

1935ལོར། ཀྲུའུ་ཏའེ་ཡིས་སྤྱི་ཁྱབ་དམག་སྤྱི་དང་ཕིན་ཏེ་ཧེ་ཡིས་སྤྱི་ཁྱབ་དམག་སྤྱི་གཞོན་པའི་འགན་ཁུར། མའོ་ཙེ་ཏུང་དང་ཀྲོའུ་ཨེན་ལའེ་གཉིས་ཀྱིས་སྔ་རྗེས་སུ་སྤྱི་ཁྱབ་ཆབ་སྲིད་ཨུ་ཡོན་གྱི་འགན་བཞེས་པའི་ཀྲུང་གོའི་བཟོ་ཞིང་དམར་དམག་ངོས་ཕྱོགས་དཔུང་ཚོགས་དང་པོ་དང་། ཧོ་ལུང་གིས་སྤྱི་ཁྱབ་བཀོད་འདོམས་པ་དང་རིན་པི་ཧྲིས་ཆབ་སྲིད་ཨུ་ཡོན་གྱི་འགན་བཞེས་པའི་ཀྲུང་གོའི་བཟོ་ཞིང་དམར་དམག་ངོས་ཕྱོགས་དཔུང་ཚོགས་གཉིས་པ། ཞུས་ཞང་ཆན་གྱིས་སྤྱི་ཁྱབ་བཀོད་འདོམས་པ་དང་ཁྲིན་ཁྲང་ཧའོ་ཡིས་ཆབ་སྲིད་ཨུ་ཡོན། ལིའུ་ཧྲོ་ཆིས་ཆབ་སྲིད་པུའུ་ཀྲུའུ་རེན་གྱི་འགན་ཁུར་པའི་ཀྲུང་གོའི་བཟོ་ཞིང་དམར་དམག་ངོས་ཕྱོགས་དཔུང་ཚོགས་བཞི་པ་སྔ་རྗེས་སུ་དཀར་མཛེས་ཁུལ་གྱི་རྫོང་16ཏུ་བཅའ་སྡོད་བྱས། ངལ་དུབ་གྱིས་མནར་བའི་དམག་དཔུང་འདི་མི་མེད་ས་སྟོང་ཁུལ་དང་ཐོན་ཁུངས་ཉུང་ལ་གནམ་གཤིས་སྡུག་པའི་གནས་འདི་རུ་ཡོང་ནས་ངལ་གསོ་དང་བཟའ་བཅའ་སོགས་ཁ་གསབ་བྱས་ཏེ་བྱང་ཕྱོགས་སུ་འགྲོ་བར་གྲ་སྒྲིག་བྱས། སྐབས་དེར་དམར་དམག་ཁྲི་ཕྲག་ལྷག་གི་འབྲུ་རིགས་དང་དངོས་ཟོག་ཚང་མ་དཀར་མཛེས་བོད་རིགས་ས་ཁུལ་གྱི་མི་དམངས་ཀྱིས་མཁོ་སྤྲོད་བྱེད་ལ་དེ་ནི་དབུལ་ཞིང་ཕོངས་བའི་དཀར་མཛེས་བོད་རིགས་ས་ཁུལ་གྱི་མི་དམངས་ལ་མཚོན་ན་ལས་འགན་ཧ་ཅང་ལྕི་མོ་ཞིག་རེད།

འོན་ཀྱང་དཀར་མཛེས་བོད་རིགས་ས་ཁུལ་གྱི་མི་དམངས་རྣམས་ཀྱིས་ཛ་དྲག་གི་གནས་བབ་དེར་ངོ་རྒོལ་བྱས་ནས་དམར་དམག་ལ་རྒྱབ་སྐྱོར་བྱེད་ཆེད་རང་ཉིད་ཀྱི་ནུས་པ་ཡོད་ཚད་ཕུལ། ཁོ་ཚོས་ཀྲུང་གོའི་གསར་བརྗེའི་ཆེད་དུ་རང་སྲོག་བློས་གཏོང་གི་ལེགས་སྐྱེས་སྣ་ཚོགས་ཕུལ་ཡོད་པ་དང་། ལོ་རྒྱུས་རང་བཞིན་ལྡན་པའི་བྱས་རྗེས་བཞག་ཡོད་ལ་གསར་བརྗེའི་མཛད་རྗེས་དེ་དག་ལོ་རྒྱུས་དེབ་ཐེར་དུ་བཀོད་ཡོད། 

1950ལོར་གསར་བརྗེ་པ་རྒན་གྲས་བློ་མཐུན་ཏེང་ཞའོ་ཕིང་གིས་དཀར་མཛེས་བོད་རིགས་ས་ཁུལ་གྱི་མི་དམངས་ཀྱིས་དམར་དམག་གི་སྟོབས་ཤུགས་སྲུང་སྐྱོང་བྱེད་ཆེད། རང་ནུས་ཡོད་ཚད་ཕུལ་ཡོད་པའི་གདེང་འཇོག་གནང་པར་མ་ཟད་ད་རུང་གླེང་རིན་ཡོད་པ་ཞིག་ནི་རྒྱལ་ཁབ་དབུ་བརྙེས་པའི་དམག་སྤྱི་ཆེན་མོ་བཅུ་དྲུག་ལས་དམག་སྤྱི་ཁྲིན་དབྱི་ལས་གཞན་ཚང་མ་རྒྱང་སྐྱོད་སྐབས་སུ་དཀར་མཛེས་བོད་རིགས་ས་ཁུལ་དུ་སླེབས་མྱོང་།

དམར་དམག་རྒྱང་སྐྱོད་སྐབས་སུ་བོད་རིགས་ས་ཁུལ་དུ་གསར་བརྗེའི་ས་བོན་མང་དུ་བཏབ་པ་དང་ཆབས་ཅིག་དཀར་མཛེས་བོད་རིགས་ས་ཁུལ་དུ་གྲུབ་འབྲས་གཟེངས་སུ་ཐོན་པའི་ས་གནས་ཀྱི་ལས་དོན་རབ་དང་རིམ་པ་ཧུར་ཐག་གིས་སྤེལ་ཡོད་ལ། ཏང་གི་མི་རིགས་དང་ཆོས་ལུགས་སྲིད་ཇུས་འཚོལ་ཞིབ་དང་ལག་ལེན་བྱས་པ་སྟེ། བོད་རིགས་ས་ཁུལ་གྱི་གྲངས་ཉུང་མི་རིགས་ས་གནས་ཀྱི་ཏང་དང་ཚོགས་པ། མང་ཚོགས་ཀྱི་རྩ་འཛུགས་དང་དེ་བཞིན་ས་གནས་ཀྱི་གྲངས་ཉུང་མི་རིགས་རང་སྐྱོང་སུའུ་ཝེ་ཨེད་སྲིད་དབང་(དེ་ནི་1936ལོའི་ཟླ་5པར་དཀར་མཛེས་སུ་བཙུགས་པའི་བོད་པ་སྲིད་གཞུང་དང་ས་གནས་ཀྱི་དྲག་དཔུང་སོགས་)བཙུགས་པ་དང་། གསོ་སྦྱོང་འཛིན་གྲྭ་སྣ་ཚོགས་གཉེར་ནས་བོད་རིགས་ལས་བྱེད་པ་གསོ་སྐྱོང་ཤུགས་ཆེན་བྱས་པ་དང་བོད་རིགས་ལས་བྱེད་པ་མི་ཉུང་བ་ཞིག་རྗེས་སུ་དམར་དམག་གི་རྐང་འཛིན་པར་གྱུར་ཡོད། ། 
དམར་དམག་རྒྱང་སྐྱོད་ལམ་གྱི་བེ་རི་དགོན། 


红军长征路上的白利寺


དཀར་མཛེས་བེ་རི་དགོན། 甘孜县生康乡白利寺全景图 

བེ་རི་དགོན་ནི་དཀར་མཛེས་རྫོང་གི་ནུབ་ཕྱོགས་ཀྱི་སྤྱི་ལེ་10ཡོད་པའི་གསེར་ཁང་གྲོང་ཚོ་ལྔ་པ་དང་ཡར་ཀླུང་གཙང་པོའི་བྱང་ངོས་ཀྱི་རི་སྐེད་དུ་གནས་ཡོད་ལ། འགྲམ་དུ་ཁྲོན་བོད་གཞུང་ལམ་ཡོད་པ་དང་དགོན་པའི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་1.9ཡོད།

བེ་རི་དགོན་པ་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དགེ་ལུགས་པའི་དགོན་པ་ཞིག་ཡིན། བོད་རབ་བྱུང་བཅུ་གཅིག་པའི་ས་བྱི་སྤྱི་ལོ་1648ལོར་བེ་རི་དཔོན་གྱི་གདུང་རྒྱུད་ངག་དབང་ཡེ་ཤེས་སམ་ཨེམ་ཆིས་ཕྱག་བཏབ། བོད་རབ་བྱུང་བཅུ་གཅིག་པའི་ཆུ་སྟག་སྤྱི་ལོ་1662ལོར། ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་རིན་པོ་ཆེས་ཁམས་ཕྱོགས་སུ་ཧོར་དགོན་སྡེ་བཅུ་གསུམ་ཕྱག་འདེབས་སྐབས་ས་ཆ་སྔ་མའི་རྨང་གཞིའི་ཐོག་རྒྱས་སྐྲུན་བྱས་ཏེ་བེ་རི་དཔལ་ལྡན་འགྲོ་ཕན་གླིང་ཞེས་པའི་མཚན་ཡང་གསོལ། བོད་རབ་བྱུང་བཅུ་དྲུག་པའི་མེ་བྱི་ལོ་སྤྱི་ལོ་1936ལོར། ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་བྱས་ནས་དཀར་མཛེས་སུ་སླེབས་སྐབས། དགེ་རྟག་སྐུ་ཕྲེང་ལྔ་པ་དང་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏའེ་རྣམ་གཉིས་མནའ་གྲོགས་སུ་གྱུར། དགེ་རྟག་སྤྲུལ་སྐུ་དང་ཁོང་གི་དགོན་པས་དམར་དམག་བྱང་སྐྱོད་རི་འགོག་བྱེད་པ་དང་ཕྱིས་སུ་བོད་ཞི་བས་བཅིངས་འགྲོལ་གཏང་ཆེད་བྱས་རྗེས་ཧ་ཅང་ཆེན་པོ་བཞག་ཡོད། རིག་གནས་གསར་བརྗེའི་སྐབས་སུ་དགོན་པའི་བཟོ་བཀོད་ཀྱི་སྒྲིག་ཆས་ལ་སྐྱོན་ཤོར་མོད། འོན་ཀྱང་འདུ་ཁང་དང་ལྷ་སྐུ། ལྡེབས་རིས་སོགས་སྔར་བཞིན་གནས་ཡོད་པས་རིག་རྫས་སྲུང་སྐྱོང་གི་རིན་ཐང་ཆེན་པོ་ལྡན་ཡོད། 

ད་ལྟ་མིག་གི་མཐོང་ཆོས་སུ་ཡོད་པ་ནི་བོད་ཁང་བཟོ་བཀོད་ཀྱི་རྣམ་པའི་སྟེང་གྱང་འདམ་བྱུགས་ཡོད་པའི་ཐོག་བརྩེགས་ཀྱི་ཁང་ཆེན་ཞིག་ཡིན། དགོན་པའི་ནང་དུ་ཆོས་ར་དང་བྱམས་པའི་ལྷ་ཁང་། མགོན་ཁང་སོགས་ཡོད། ཐོག་བརྩེགས་དང་པོ་ནི་ལྷ་ཁང་ཡིན་པ་དང་འཛུགས་སྐྲུན་གཙོ་བོ་ནི་དངོས་པོའི་འདུ་ཁང་དང་འདུ་ཁང་གཉིས་སུ་དབྱེ་ཡོད། བར་སྟོང་མཐོ་ལ་གྱང་ངོས་སུ་ལྡེབས་རིས་བྲིས་ཡོད་ལ་ཉར་ཚགས་བྱེད་པ་ཆ་ཚང་ལ་ཚོན་མདངས་རྣམ་པར་བཀྲ། ནུབ་ཀྱི་ལྷ་ཁང་དུ་མཐོ་ཚད་སྨི་5ཅན་གྱི་གསེར་སྦྱར་ལྷ་སྐུ་ཞིག་བཞེངས་ཡོད། ཐོག་བརྩེགས་གཉིས་པ་དང་གསུམ་པ་ཁང་པ་ཆུང་ལ་བར་སྟོང་ནི་ཅུང་ཙམ་རྒྱ་ཆུང་བ་དང་སྤྲུལ་སྐུ་དང་བླ་མའི་བཞུགས་གནས་ཡིན། །

བེ་རི་དགོན་ནི་དམར་དམག་རྒྱང་སྐྱོད་གནས་འདིར་བརྒྱུད་སྐབས་གསར་དུ་བཙུགས་པའི་དཀར་མཛེས་བོད་པའི་སྲིད་གཞུང་ (བོད་མི་སྲིད་གཞུང་)གི་གནས་ཡུལ་ཡིན་པ་དང་། འདུ་ཁང་མདུན་དུ་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏའེ་དང་དགེ་རྟག་སྐུ་ཕྲེང་ལྔ་པའི་དྲན་གསོ་ཁང་ཡོད། 1980ལོར་ཞིང་ཆེན་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པར་གྱུར་པ་དང་། 1983ལོར་དགེ་རྟག་སྤྲུལ་སྐུའི་དྲན་གསོ་ཁང་བཙུགས། དགོན་སྡེའི་རིག་གནས་དང་དམར་དམག་རིག་གནས་ཟུང་འབྲེལ་བྱས་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཡག་པོ་ཞིག་ཡིན་ལ། མཇལ་སྐོར་གནང་སའི་ས་ཆ་ཡག་པོ་ཞིག་ཀྱང་ཡིན། ཉེ་བའི་ལོ་ཤས་རིང་དགོན་པ་ཕྱོགས་ཡོངས་ནས་གསར་ཏུ་བཟོ་བཅོས་བྱེད་བཞིན་ཡོད།

སྔ་དུས་ཀྱི་1959ལོར་ནས་བཟུང་དཀར་མཛེས་ཁུལ་གྱི་གཙོ་གནད་སྲུང་སྐྱོང་བྱེད་པའི་དགོན་པའི་ཡ་གྱལ་ཞིག་ཏུ་བཞག་ཡོད་ལ། 1980ལོའི་ཟླ་7པར་སི་ཁྲོན་ཞིང་ཆེན་གྱི་རིམ་པ་གཉིས་པའི་གཙོ་གནད་རིག་རྫས་སྲུང་སྐྱོང་སྡེ་ཚན་དུ་བཞག 1983ལོར་དཀར་མཛེས་རྫོང་མི་དམངས་སྲིད་གཞུང་གིས་ཆོག་མཆན་གནང་ནས་ཆོས་སྒོ་ཕྱེས། 2006ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་ནས་རྒྱལ་ཁབ་རིམ་པའི་གཙོ་གནད་རིག་རྫས་སྲུང་སྐྱོང་སྡེ་ཚན་དུ་ཚུད། ། 
སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏའེ་དང་དགེ་རྟག་སྐུ་ཕྲེང་ལྔ་པའི་མཇལ་འཛོམས། 

朱德总司令与格达活佛的生死情谊

དམག་སྤྱི་ཀྲུའུ་ཏའེ་དང་དགེ་རྟག་སྐུ་ཕྲེང་ལྔ་པའི་དྲན་རྟེན་ཁང་།

朱德总司令和五世格达活佛纪念馆

ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་དུས་དེ་རིང་། གངས་ཅན་ཡུལ་དུ་གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བར་ཕྱིར་མིག་རེ་ལྟ་སྐབས། ང་ཚོས་དེ་སྔ་ཞི་བའི་བཅིངས་འགྲོལ་གྱིས་ས་ཆ་དེར་མཛད་རྗེས་སྐུ་དྲིན་ཆེ་བའི་མི་རྣམས་ནམ་ཡང་བརྗེད་མི་སྲིད། མི་དེ་དག་ཁྲོད་སི་ཁྲོན་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣ་ཞིག་ཡོད་པ་དང་ཁོང་ནི་དཀར་མཛེས་ཁུལ་དཀར་མཛེས་རྫོང་བེ་རི་དགོན་གྱི་དགེ་སྟག་སྐུ་ཕྲེང་ལྔ་པ་རེད། 

དགེ་སྟག་སྤྲུལ་སྐུ་ནི་དམར་དམག་རྒྱང་སྐྱོད་ཀྱི་དུས་སྐབས་སུ་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏའེ་དང་མཛའ་བརྩེའི་གྲོགས་སུ་གྱུར་པ་དང་། 1950ལོར་ཁོང་གིས་གངས་ལྗོངས་ཡུལ་དུ་སྔ་ཙམ་གསོན་ཤུགས་རྒྱས་ཐུབ་པ་དང་མེས་རྒྱལ་གཅིག་གྱུར་གྱི་བྱ་བཞག་ཆེན་པོའི་ཆེད་བློ་ཐག་ཆོད་པོས་བོད་དུ་ཕེབས་པས། སྐབས་དེའི་བོད་ས་གནས་སྲིད་གཞུང་གིས་བོད་ཞི་བས་བཅིངས་འགྲོལ་གཏང་ཆེད་ཚེ་སྲོག་བློས་གཏང་ལ་བོད་བརྒྱུད་ནང་བསྟན་གྱི་མི་རབས་ནས་མི་རབས་བར་གྱི་མིག་དཔེ་ལྟ་འོས་པའི་མི་སྣར་གྱུར་ཡོད། ལོ་ངོ་མང་པོའི་རིང་ང་ཚོས་བེ་རི་དགོན་གྱི་དགེ་སྟག་སྤྲུལ་སྐུ་དང་དམར་དམག་བར་ཏུ་བྱུང་པའི་བརྒྱུད་རིམ་འགའ་ལ་ཕྱིར་དྲན་བྱས།

1.དགེ་སྟག་སྤྲུལ་སྐུ་དང་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏའེ་

ཐོག་མར་བེ་རི་དགོན་དུ་མཇལ་འཛོམས་བྱུང་།

དགེ་སྟག་སྐུ་ཕྲེང་ལྔ་པ་1903ལོར་དཀར་མཛེས་རྫོང་བེ་རི་གྲོང་པ་བདེ་སྐྱིད་གྲོང་ཚོའི་ཞིང་པ་ཁྱིམ་ཚང་དབུལ་པོ་ཞིག་ཏུ་འཁྲུངས་ཤིང་། དགུང་ལོ་7ལ་ཕེབས་སྐབས་དཀར་མཛེས་ཁུལ་བེ་རི་དགོན་གྱི་སྤྲུལ་སྐུར་ངོས་འཛིན་བྱས་པ་དང་། དགུང་ལོ་17གྱི་སྟེང་ལྷ་སའི་དགའ་ལྡན་དགོན་དུ་ལོ་8ཙམ་ལ་དཔེ་ཆ་སྦྱངས་རྗེས། དགེ་བཤེས་ལྷ་རམས་པའི་མཚན་གནས་ཐོབ་པ་དང་སྦྲགས་ཕ་ཡུལ་དུ་ཕེབས་ནས་བེ་རི་དགོན་གྱི་མཁན་པོ་གནང་།

1936ལོའི་དཔྱིད་ཀར། དམར་དམག་རྒྱང་སྐྱོད་བོད་རིགས་ས་ཁུལ་དུ་སླེབས་པ་དང་གོ་མིན་ཏང་ལོག་སྤྱོད་ཤོག་ཁག་གིས་དམར་དམག་བྱང་ཕྱོགས་སུ་སྐྱོད་པར་འགོག་རྐྱེན་བཟོ་ཆེད། གུང་ཁྲན་ཏང་དང་དམར་དམག་ལ་འཛེམ་བག་མེད་པར་དཀྲོག་གཏམ་བཟོས་པ་དང་དམའ་འབེབས་བཏང་ནས་བོད་རིགས་ས་ཁུལ་གྱི་མང་ཚོགས་ལ། དམར་དམག་ལ་འབྲུ་རིགས་དང་གཟན་རྩྭ་མཁོ་འདོན་བྱེད་མི་ཆོག་པ་དང་དམར་དམག་ལ་རོགས་རམ་བྱེད་མི་ཆོག་པའི་བརྡ་ཁྱབ་སྤེལ་ཏེ་དམར་དམག་འུ་ཐུག་ཐབས་ཟད་ཀྱི་གནས་སུ་འགྱུར་དུ་འཇུག་རྒྱུའི་རེ་ངན་བཅངས།

དམར་དམག་དཀར་མཛེས་ལ་འབྱོར་རྗེས། བོད་རིགས་ཀྱི་ཆོས་དད་རང་མོས་དང་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག དམར་དམག་གང་དུ་སླེབས་ཀྱང་སྒྲིག་ཁྲིམས་ནན་ཞིང་། མང་ཚོགས་ལ་གནོད་པའི་བྱ་བ་གང་ཡང་མི་བྱེད་པའི་སྤྱོད་བཟང་དགེ་སྟག་སྐུ་ཕྲེང་ལྔ་པས་གཟིགས་རྗེས། དེ་ནི་མི་དམངས་ལ་བདེ་སྐྱིད་བསྐྲུན་མཁན་གྱི་དཔུང་སྡེ་ཞིག་ཡིན་པ་མཁྱེན་ནས་དམར་དམག་དང་འབྲེལ་འདྲིས་གནང་རྒྱུའི་ཐག་བཅད། ཁོང་གིས་རང་ཉིད་ཀྱི་དམིགས་བསལ་ཐོབ་ཐང་ཐོག་ནས་བོད་རིགས་ས་ཁུལ་གྱི་མི་དམངས་ཀྱི་སྣེ་ཁྲིད་དེ་དམར་དམག་ལ་འབྲུ་རིགས་དང་གཟན་རྩྭ་སོགས་ཀྱིས་རོགས་སྐྱོར་གནང་བར་མ་ཟད། ད་དུང་ནུས་ཤུགས་ཡོད་རྒུས་མང་ཚོགས་ལ་ཏང་དང་དམར་དམག་གི་སྲིད་ཇུས་དྲིལ་བསྒྲགས་ཀྱང་གནང་། ཁོང་གི་སྣེ་འཁྲིད་འོག་བོད་རིགས་སྤུན་ཟླ་མི་ཉུང་བ་ཞིག་གི་དོགས་གཞི་བསལ་ནས་ཕ་ཡུལ་དུ་ལོག་སྟེ་དམར་དམག་ལ་སྐད་སྒྱུར་དང་། ལམ་སྟོན་པ། རྨས་མ་སྐྱོབ་རོགས་སོགས་གསར་བརྗེའི་བྱ་བཞག་ཆེད་ལེགས་སྐྱེས་གལ་ཆེན་ཕུལ།

དགེ་སྟག་སྐུ་ཕྲེང་ལྔ་པས་དམར་དམག་ལ་རྒྱབ་སྐྱོར་བྱེད་པའི་སྤྱོད་བཟང་ལ་དམར་དམག་མཐོ་རིམ་མི་སྣའི་དོ་ཁུར་ཐོབ་པ་དང་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏའེ་བེ་རི་དགོན་དུ་བསམ་ཤེས་ཅན་གྱི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དེར་གཟིགས་པར་ཕེབས་མྱོང་ཡོད་པ་ དང་བྱམས་བརྩེའི་བཀའ་མོལ་ཐེངས་མང་གནང་བ་བརྒྱུད་ཁོང་གིས་དམར་དམག་དང་གསར་བརྗེའི་བྱ་བཞག་ལ་ངོས་འཛིན་སྔར་བས་ཟབ་ཏུ་ཕྱིན་ནས་གུང་ཁྲན་ཏང་ལ་ཡིད་ཆེས་དང་གསར་བརྗེར་ནམ་ཡང་རྒྱབ་སྐྱོར་བྱེད་པའི་ཆོད་སེམས་སྔར་བས་སྲ་བརྟན་དུ་སོང་བར་མ་ཟད། དམར་དམག་དང་མཛའ་གྲོགས་ཟབ་ཏུ་ཕྱིན་ཡོད། དུས་དེ་ནས་བཟུང་དགེ་སྟག་སྐུ་ཕྲེང་ལྔ་པས་དམར་དམག་ལ་རོགས་སྐྱོར་བྱེད་པར་ལྷག་པར་བརྩོན་པ་ཤུགས་ཆེན་བྱས། 

2.བེ་རི་དགོན་གྱིས་དམར་དམག་སྐྱོབ་ཆེད་དཀའ་ངལ་ལ་མ་འཛེམ་པར་མདུན་དུ་བསྐྱོད་པ། 

དམར་དམག་དཀར་མཛེས་དང་ཁ་བྲལ་རྗེས་ཀྱི་ཉིན་གཉིས་པར། གོ་མིན་ཏང་ལོག་སྤྱོད་ཤོག་ཁག་གིས་རྒྱབ་སྐྱོར་འོག་ཏུ། དཀར་མཛེས་བོད་པ་སྲིད་གཞུང་གི་ཁོངས་མི་དང་དམར་དམག་རྨས་མ་འཛིན་བཟུང་དང་དམར་གསོད་བྱ་རྒྱུ་ཁྱབ་བསྒྲགས་བྱེད་བཞིན་འདུག །དོན་དག་དེར་དགེ་སྟག་སྐུ་ཕྲེང་ལྔ་པ་ཧང་སངས་ཤིང་ཁོང་དང་བེ་རི་དགོན་གྱི་གྲྭ་པ་ཚོས་མཉམ་དུ་རྗེས་སུ་ལུས་ཡོད་པའི་དམར་དམག་རྨས་མ་གང་མགྱོགས་གནས་སྤོ་བྱས་པ་དང་སྔ་རྗེས་སུ་དམར་དམག་གི་འཐབ་འཛིང་པ་200ལྷག་ཙམ་གནས་སྤོ་བྱས་ནས་ཁོང་ཚོ་སླར་ཡང་རི་འགོག་གི་ལམ་བུའི་ཐོག་ཏུ་བསྐྱལ།

3.བེ་རི་དགོན་གྱི་གྲྭ་པ་100ཡིས་འབྲུ་རིགས་རྒྱ་མ་7000

ལྷག་ཙམ་གྱིས་དམར་དམག་ལ་རོགས་རམ་བྱས། 

དགེ་སྟག་སྐུ་ཕྲེང་ལྔ་པས་དམར་དམག་ལ་བརྩི་བཀུར་བྱེད་པ་ནི་སེམས་གཏིང་གི་ལྷག་བསམ་ཡིན། ཁོང་དམག་སྤྱི་ཀྲུའུ་ཏའེ་དང་མཇལ་འཛོམས་བྱུང་རྗེས་སུ་ཕན་ཚུན་ནང་སེམས་གཅིག་ཏུ་འདྲེས། སྐབས་དེར་ཁམས་བོད་ས་ཁུལ་གྱི་མི་འབོར་ཉུང་ལ་དབུལ་ཕོངས་ཡིན། དམར་དམག་དཔུང་སྡེ་བཞི་པའི་དམག་མི་ཁྲི་4ལྷག་གནས་དེར་ཟླ་འགའ་ལ་བཅའ་སྡོད་བྱས་པར་མ་ཟད་དམག་དཔུང་དང་པོའི་དམག་མི་ཁྲི་1ལྷག་དེ་གར་འགུལ་སྤྱོད་བྱས་པས། འབྲུ་རིགས་མཁོ་འདོན་བྱ་རྒྱུ་དེ་དཀའ་གནད་ཨང་དང་པོར་གྱུར་ཡོད། 

ཁོང་རང་ཉིད་ཀྱིས་གཙོ་སྐྱོང་གནང་བའི་བེ་རི་དགོན་དུ་བླ་མ་100ལས་མེད་ཅིང་། ད་ཡོད་ཀྱི་འཛིན་ཤོག་གཉིས་ལྟར་རྩིས་རྒྱབ་ན། དགོན་པ་དེས་དམར་དམག་ལ་རོགས་སྐྱོར་ཐེངས་གཉིས་བྱས་ལ་ཁྱོན་འབྲུ་རིགས་རྒྱ་མ་7000ལྷག་ཙམ་ཟིན་པར་མ་ཟད། ད་དུང་སྲན་མ་ཏུན་22དང་། རྟ་15 འབྲི་གཡག་19སོགས་ཀྱི་རོགས་རམ་རྒྱ་ཆེན་པོ་བྱས་ཡོད། 

1936ལོའི་ཟླ་4པའི་ཚེས་17ཉིན། དམར་དམག་དཔུང་ཁག་བཞི་པའི་ཆབ་སྲིད་ཨུ་ཡོན་ཁྲེན་ཁྲང་ཧའོ་ཡིས་བེ་རི་དགོན་གྱིས་དམར་དམག་ལ་རྒྱབ་སྐྱོར་བྱེད་པར་བཀའ་དྲིན་ཞུ་བའི་ཕྱིར་ཆེད་དུ་བཀའ་ཕབ་སྟེ། བེ་རི་དགོན་གྱིས་དམར་དམག་ལ་གཞོགས་འདེགས་བྱས་ནས་མཉམ་དུ་ཅང་ཅེ་ཧྲི་རྩ་མེད་དུ་བཏང་བར་བྱས་རྗེས་གཟེངས་སུ་ཐོན་པ་བཞག །རང་དམག་གིས་སྲུང་སྐྱོང་བྱ་རྒྱུ་དང་དམག་དཔུང་སུ་དང་གང་ཞིག་གིས་ཀྱང་བཙན་གནོད་བྱ་མི་ཆོག །དེ་དང་རྒྱབ་འགལ་བྱེད་མཁན་ལ་ཉེས་ཆད་དྲག་པོ་གཅོད་རྒྱུ་ཡིན་ཞེས་པའི་ཁྱབ་བསྒྲགས་ཡི་གེ་བྲིས་གནང་མཛད་ཡོད། 

དགེ་སྟག་སྐུ་ཕྲེང་ལྔ་པས་དམར་དམག་ལ་རོགས་སྐྱོར་བྱེད་པ་ལས་གཞན། ད་དུང་རང་ཉིད་ཀྱི་འབྲེལ་བ་བེད་སྤྱད་ནས་ཉེ་འཁོར་གྱི་ཡུལ་དཔོན་ལ་འཕྲིན་ཡིག་བསྐུར་ཏེ། ཁོ་ཚོར་དམར་དམག་གྱི་ཁ་གཏད་དུ་མི་ལངས་པར་སྐུལ་སློང་བྱས་ཏེ། ཉི་མཚོ་དགོན་དང་བྲག་འགོ་དགོན། དཀར་མཛེས་དགོན་བཅས་ཀྱི་བླ་ཆེན་གསུམ་གྱི་དང་ལེན་ཐོབ།

འདི་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར་70ལོན་པར་རྟེན་འབྲེལ་གྱི་ཚུལ་དུ་བེ་རི་དགོན་ནས་དགེ་སྟག་སྐུ་ཕྲེང་ལྔ་པས་དམར་དམག་ལ་རྒྱབ་སྐྱོར་བླ་མེད་བྱས་པའི་མཛད་རྣམ་ལས་འགའ་རེ་ཉུང་བསྡུས་ཀྱིས་བཀོད་ཡོད་ལ། དེ་དང་དེ་ལྟ་བུའི་ཡིད་དབང་འགུགས་ལ་སེམས་འགུལ་ཐེབས་པའི་གཏམ་རྒྱུད་གྲངས་ཀྱིས་མི་ལོན་པས་འདི་རུ་ཡིག་ཚོགས་ཀྱི་དབང་གིས་བྲིས་མེད། ། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1