སྙན་ངག་ཚན་པ་ལྔ་།
ནག་པོ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-09
ནད་པའི་གཟུངས་སྔགས།
ཉི་འོད་འོག་ཏུ། མེ་ཏོག་དག་རྙིད་པར་གྱུར།
སེམས་ཀྱི་དྲི་བ་ཡོད་ཚད་སུ་ལ་འདྲི་དགོས་པའང་མ་ཤེས།
སྐྱ་རེངས་འཁྱུག་པ་དང་འདབ་ཆགས་འཕུར།
ཡུལ་གང་རུང་ཞིག་ཏུ། གནག་ཕྱུགས་འཚོས་ཤིང་རྨོ་ཞིང་འདེབས།
ཟླ་བ་མར་ངོའི་དུས་སུ། ཡི་ག་ཅི་ཡང་མེད་པར་གྱུར་སྟེ།
གངས་རི་ཁོ་ནར་ཁ་ཕྱོགས་ཏེ་ཅི་ཞིག་བཟླས།
བསླུ་བ་མེད་པའི་དཀོན་མཆོག ག་དུས་ཕེབས་ཡོང་།
ཁྱེད་རང་ཕྱིར་མ་བསླེབ་ཚེ་ང་ལ་ཞུ་བ་བྱེད་ས་མི་འདུག
ཅི་ཡང་མི་བསམ་པར་སྡོད་ག་ལ་རུང་།
ང་ལ་ཆུང་མ་དང་བྱིས་པ་ཡོད།
དེ་དག་ལའང་སྐྱབས་འཇུག་ཞུ་དགོས།
འདོར་མི་ཐུབ་པའི་འཁོར་བའི་མངར་སྐྱུར།
ཨུ་ཚུགས་ཀྱིས་གཅད་ཚེ།
མང་པོ་ཞིག་གིས་དྲན་ཀྱང་སྲིད།
རི་ལུང་གངས་ཀྱིས་གཡོག་པ་དང་།
ཉི་འོད་ཕྲན་བུ་སྤྲིན་གསེབ་ནས་ཐོན།
རྙིད་ཟིན་པའི་མེ་ཏོག་ལ་གསོན་ཤུགས་རྒྱས།
གོམ་འགྲོས་འཆར་འཆོར་གྱིས།
མིག་ཟུང་རབ་རིབ་ཀྱིས།
འཇིག་རྟེན་འདིའི་དཀར་གནས་མིག་གིས་འཚོས།
རྣམ་རྟོག་འཕོ་བའི་བག་ཆགས།
ས་བོན་གྱི་རྒྱུ་རུ་སྨིན།
རང་དབང་གི་དོན་སྙིང་རྙེད་པ་སུ་ལ་བཤད་དམ།
གངས་ཏི་སེའི་སྙན་ངག
ཞང་ཞུང་རྒྱལ་པོའི་མུ་ཏིག་གྲས་ཀྱི།
གངས་རི་འདྲ་བ་དེ།
སྙིང་འདྲ་བ་དེ།
ལྷ་སའི་ཟླ་བ།
ཞོགས་པའི་ནམ་མཁར་སྤྲིས་མ་བཞིན་ཆགས་པ་དེ།
རྒྱུ་སྐར་གྱི་ཁ་རླངས་མ་ཡིན།
ཉི་མས་བརྡར་ནས་ཟད་པའི་གཤོག་སྒྲོའི་ཁུ་བ་མ་ཡིན།
སྐད་གསེང་མཐོན་པོས་ཀི་རེ་བཏབ་པའང་།
རྐང་འོག་གི་ས་ཆེན་འདི་ཡོམ་ཡོམ་འགུལ་བས་མ་ཡིན།
དུས་ཚོད་ཀྱི་ཕུག་པའི་ནང་དུ་སྐུང་བའི་བྲག་ཅའི་ཨུ་ཚུགས་དེ་བས་ཀྱང་མ་ཡིན།
མཚན་དཀྱིལ་ཞིག་ལ།
ནོར་བུ་གླིང་ཀའི་མེ་ཏོག་སྣ་ཚོགས།
དཀར་ཁྲོམ་མེར་ཕན་ཚུན་ལ་ཅེར་འདུག
ཤ་དཀར་པགས་འཇམ།
ས་ཆུ་མེ་རླུང་གི་ལྡེ་མིག་གིས། ཚོར་བས་མི་ཟིན་པ་ཞིག་ལ་བསྣུན།
རེག་བྱ་མི་ཚོར་བ་དེས།
མཐོང་ལམ་གྱི་ཡུལ་ལྗོངས་མཛེས་པོ་དག
སྒྲོན་མེ་བཞིན་དུ་བཅིལ་པ་དང་།
འཁྲིས་ཀྱི་པདྨ་དག་ནི་གཡོ་འགུལ་བྱེད་བཞིན་པའི་སྤྲིན་པ་དང་འདྲ་བར།
ངའི་སྒལ་གཞུང་དུ་འཁྱུག་འགྲོས་བྱེད།
ངའི་གཅེར་བུར་ལུས་པའི་མིག ཚོད་ཚོད་དུ་ལྡོང་བར་གྱུར་ཏེ།
མཐོང་རེག་ཡོད་པའི་ཀུ་ཅོ་དེ་དག་སྐད་ཅིག་ལ་རྙེད་ཐབས་མེད་སོང་།
ངལ་བའི་སྙན་ཚིག
རལ་གྲི་རྟུལ་བོས་རླུང་གཤགས། རླུང་ལ་ཁྲག་བཞུར།
རླུང་དེ་ཉིན་སྲིབ་གཉིས་ནས་ཐོན།
སྤུར་འོས་པར་སྙམ་པའི་གསར་ཤོག་དག་རླུང་གིས་འཁྱེར།
ཆེ་ཆུང་མི་སྙོམས་པའི་སྡོད་ཁང་ཀྱང་དེ་བཞིན་ནོ།
བྱིས་པ་ཚོ་སྐྲག་ནས་བྲོས།
གྲིབ་མའི་ནང་དུ་མིག་ཅེར་ཚེ། ཚུར་འོངས་སྲིད་པ་དེ།
གདོང་འབག་ཕུད་ཚར་པའི་བཅོམ་ལྡན་འདས་ཡིན་ནམ།
རླུང་དེ་ངའི་སེམས་གཏིང་དུ་ཕེབས་དང་།
སྐད་ཅིག་མའི་ཞེད་སྣང་དག་ག་ལེར་དག་པར་སོང་ཚེ།
ངས་ཉིན་མོ་དེ་ནི་སྐྱེ་འཆིས་མི་ཁོགས་པའི།
རང་དབང་གི་དུས་ཚོད་ཅིག་ཏུ་ངོས་བཟུང་བ་ཡིན