སྤྱིར་རྩོམ་རིག་གིས་མི་རྣམས་ཀྱི་འཚོ་བ་ཞིབ་འབྲི་བྱེད་པ་གཙོར་འཛིན་ཞིང་། མི་སྣའི་སྣང་བརྙན་ལ་བརྟེན་ནས་སྤྱི་ཚོགས་འཚོ་བ་མཚོན་བཞིན་ཡོད་པས། རྩོམ་རིག་བརྩམས་ཆོས་ཁྲོད་མི་སྣའི་སྣང་བརྙན་བཞེངས་བསྐྲུན་བྱ་རྒྱུ་ནི་བརྩམས་ཆོས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཏུ་གྱུར་ཡོད། དེ་མིན་རྩོམ་རིག་བརྩམས་ཆོས་གང་ཡིན་རུང་མི་རྣམས་ཀྱི་སེམས་ཁོངས་སུ་གསོན་པོར་གནས་ཤིང་ཡིད་འགུགས་ཀྱི་ནུས་པ་གཞལ་མེད་ཅིག་ཡོད་ཐུབ་མིན་ཡང་བརྩམས་ཆོས་ནང་གི་མི་སྣའི་སྣང་བརྙན་ལ་རག་ལས་ཡོད། དེ་བས་མི་སྣའི་སྣང་བརྙན་བཞེངས་བསྐྲུན་ནི་རྩོམ་རིག་བརྩམས་ཆོས་ཤིག་ལེགས་འགྲུབ་ཡོང་བའི་རྒྱུ་རྐྱེན་གཙོ་བོར་གྲུབ་ཡོད། བོད་ཀྱི་ལོ་རྒྱུས་སྙན་རྩོམ་རིང་མོ་འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་དུ་མི་སྣའི་སྣང་བརྙན་བཞེངས་བསྐྲུན་བྱས་པ་ངོ་མཚར་ཞིང་ཁྱད་པར་དུ་འཕགས་པ་ཞིག་ཡིན་ཏེ། རྒན་སྟོབས་རྒྱལ་ལགས་ནས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་དུ་མི་རྣམས་ཀྱིས་དགའ་ཞེན་དང་སྤྲོ་སེམས་རབ་ཏུ་འཕེལ་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་བརྩམས་སྒྲུང་དེའི་ནང་མི་སྣའི་སྣང་བརྙན་གསར་བསྐྲུན་བྱེད་རྒྱུའི་ཐད་གྲུབ་འབྲས་གཟེངས་སུ་ཐོན་པ་ཞིག་བྱུང་ཡོད་པ་དེ་ཡིན་ཞེས་གསུངས་ཡོད། གླིང་སྒྲུང་ལས་དཔེ་མཚོན་ཅན་གྱི་མི་སྣ་སྤྱི་དཔོན་རོང་ཚ་ཁྲ་རྒན་ལ་མཚོན་ན། གེ་སར་རྒྱལ་པོའི་ཕྱོགས་བཞིའི་དགྲ་བཞི་དང་། རྫོང་ཆེན་བཅོ་བརྒྱད། རྫོང་ཕྲན་གྲངས་མེད་ཆམ་ལ་ཕབ་པར་མེད་དུ་མི་རུང་བའི་གླིང་གི་དཔའ་རྟུལ་སུམ་ཅུའི་ཡ་གྱལ་ཞིག་ཡིན། གླིང་སྒྲུང་དུ་ཁོང་གི་མི་གཤིས་སྟེང་སྤྱི་དོན་ཁུར་ལེན་གྱི་འདུ་ཤེས་ཡོད་པ་དང་དཔའ་མཛངས་རྟུལ་ཕོད་ལྡན་པ། ཐབས་དང་ཤེས་རབ་འཛོམས་པ་བཅས་ཀྱི་སྣང་བརྙན་ཞིག་མངོན་ཡོད།
སྤྱི་དོན་ཁུར་ལེན་གྱི་སྣང་བརྙན།
རང་གཤིས་ཅན་གྱི་མི་སྣའི་སྐད་ཆ་ནི་གེ་སར་སྒྲུང་གི་མི་སྣའི་སྣང་བརྙན་བཞེངས་བསྐྲུན་གྱི་ཐབས་ལམ་གལ་ཆེན་ཞིག་ཡིན་ཟེར་བ་ལྟར། གླིང་སྒྲུང་གི་དཔེ་མཚོན་མི་སྣ་ཕལ་ཆེར་གྱི་སྣང་བརྙན་མི་སྣའི་སྐད་ཆར་བརྟེན་ནས་མཚོན་བཞིན་ཡོད་དེ། རོང་ཚ་ཁྲ་རྒན་གྱི་སྤྱི་དོན་ཁུར་ལེན་གྱི་སྣང་བརྙན་བཞེངས་བསྐྲུན་ཡང་གཙོ་བོ་མི་སྣའི་སྐད་ཆ་དང་བྱ་བྱེད་ལ་བརྟེན་ཡོད། དཔེར་ན། གླིང་སྒྲུང་ལས་མི་ང་འདྲ་རྩ་བ་བཤད་པས་ན། །སྤྱི་དཔོན་རོང་ཚ་ཁྲ་རྒན་ཟེར། །རྫོང་མི་འགྱུར་ཁྲ་མཁར་ཁྱུང་རྫོང་རེད། །ང་ཁྲ་དང་འདྲ་བའི་ཁྲ་རྒན་ཟེར། ཤར་རོང་ཚ་སྡེ་ཡི་འགོ་འཛིན་བྱས། །དོན་བསམ་པ་སྤྱི་ཡི་དོན་དུ་བསམ། །དགྲ་ཕར་རྒོལ་སྤྱི་ཡི་དོན་དུ་རྒོལ། །གཉེན་ཚུར་སྐྱོང་སྤྱི་ཡི་དོན་དུ་སྐྱོང་། །གཏམ་ཚིག་གསུམ་སྤྱི་ཡི་དོན་དུ་བཤད། །ཟས་ཁམ་གསུམ་ཡོད་ན་སྤྱི་ཟས་བྱས། །སྤྱི་དཔོན་ཟེར་བ་དེ་ནས་ཐོགས། །ཞེས་མི་སྣའི་རང་གཤིས་ཅན་གྱི་སྐད་ཆར་བརྟེན་ནས་ཁོ་རང་གི་སྤྱི་དོན་ཁུར་ལེན་གྱི་སྣང་བརྙན་དེ་མངོན་གསལ་དུ་བཏང་ཡོད། དེ་མིན་འཁྲུངས་སྐོར་དུ་འགོག་གླིང་དམག་འཁྲུག་པའི་ནང་སྤྱི་དཔོན་གྱི་བུ་ཆེ་བ་གླེན་པ་ཆོས་རྒྱལ་འགོག་གིས་བཀྲོངས་པར། སྤྱི་དཔོན་ནས་སྤྱི་ཡོངས་ལ་བསམ་གཞིགས་ཀྱིས་དགྲ་ཤ་མི་ལེན་པར་རྒྱ་ཚ་ལ་གསང་བ་དང་། ལྷག་པར་མི་གཅིག་གི་དགྲ་ཤའི་གླིང་འབངས་ཡོངས་སྡུག་ལ་སྦྱོར་བར་མ་བཟོད་པར་དགྲ་ཤ་ལེན་མི་དགོས་པའི་བསླབ་བྱ་གནང་བ་ལྟ་བུ་དང་། ཧོར་གླིང་གཡུལ་འགྱེད་དུ་ཁྲོ་ཐུང་གིས་གཡོ་ཐབས་ལ་བརྟེན་ནས་སྤྱི་དཔོན་གྱི་བུ་ཆུང་བ་སྣང་ངུ་གཡུ་སྟག་དགྲ་ཁར་བརྫངས་ཏེ་ཧོར་གྱིས་བཀྲོངས་པར་སྤྱི་དཔོན་ནས་བུ་དགྲ་ལག་ཏུ་ཤོར་བའི་སྡུག་བསྔལ་རྣམས་རྒྱབ་ཏུ་བསྐྱུར་ཞིང་། དམག་དཔོན་གཞན་རྣམས་ལ་སེམས་གསོ་གང་མང་བྱས་ཏེ་རྒྱ་ཚ་དང་མཉམ་དུ་ཧོར་དམག་ལ་འགོག་རྒོལ་བྱས་པ་དེར། ཕྱི་ཚུལ་ནས་བལྟས་ན་སྤྱི་དཔོན་གྱི་བུ་རྣམས་དགྲ་ལག་ཏུ་ཤོར་ནས་སྤྱི་དཔོན་ནི་ཆེས་སྙིང་རྗེ་བའི་ཡུལ་ཞིག་ཏུ་གྱུར་ཡོད་ནའང་། སྒྱུ་རྩལ་བརྩམས་ཆོས་ཤིག་གི་སྣང་བརྙན་བཞེངས་བསྐྲུན་གྱི་ཐད་ནས་བལྟས་ན། དེ་ནི་ཚད་མཐོ་བའི་སྒྱུ་རྩལ་སྣང་བརྙན་བཞེངས་བསྐྲུན་བྱེད་ཐབས་དང་རོང་ཚ་ཁྲ་རྒན་གྱི་སྤྱི་དོན་ཁུར་ལེན་གྱི་འདུ་ཤེས་མངོན་གསལ་དུ་གཏོང་བའི་མཐུན་རྐྱེན་ཞིག་ཏུ་གྱུར་ཡོད། གཏམ་རྒྱུད་དེ་དག་ལ་ཞིབ་ཏུ་གསན་རྗེས་ང་ཚོ་ལ་ཐེ་ཚོམ་མེད་པར་རོང་ཚ་ཁྲ་རྒན་ནི་སྒེར་དོན་བསྐྱུར་ནས་འབངས་མིའི་བདེ་སྡུག་ལ་བསམ་བློ་གཏོང་མཁན་ཞིག་དང་། རང་དོན་ལས་གཞན་དོན་གལ་ཆེ་བར་འཛིན་པའི་ལྷག་བསམ་ཅན་ཞིག་ཡིན་པ་ང་ཚོའི་སྣང་ངོར་དེ་མ་ཐག་མངོན་ཐུབ།
ཐབས་དང་ཤེས་རབ་འཛོམས་པའི་སྣང་བརྙན།
གླིང་སྒྲུང་དུ་སྤྱི་དཔོན་ནི་དགུང་ལོ་མཐོ་ཙམ་དུ་བསླེབས་ཡོད་ཀྱང་གླིང་གི་གཡུལ་འཁྲུག་གང་ལའང་ཁོང་ནི་མེད་དུ་མི་རུང་བ་ཞིག་ཏུ་ཆགས་ཡོད། དེ་ནི་གཙོ་བོ་ཁོང་གི་ཐབས་དང་ཤེས་རབ་ལ་རག་ལས་ཡོད། ཧོར་གླིང་གཡུལ་འགྱེད་དུ་གེ་སར་གྱིས་ལྷ་རྟ་རྐྱང་ངེ་གླིང་དམག་འབོད་དུ་བཏང་བའི་འཕྲིན་ཡིག་ནང་ཧོར་གུར་དཀར་འདུལ་བའི་དུས་ལ་བབས། སྤྱིའི་དམག་དཔོན་དགྲ་ལྷ་རྩེ་རྒྱལ་ཤོག བློ་གྲོས་ཡ་ཁུ་བོ་སྤྱི་དཔོན་ཤོག་ཅེས་དང་། འཇང་གླིང་གཡུལ་འགྱེད་དུ་སྤྱི་དཔོན་གྱིས་གཡུ་ལྷ་ཐོག་འགྱུར་བསླུ་བའི་དམག་ཐབས་ལ་ཧོར་སྡུག་ཤན་པ་རྨེ་རུ་རྩེ། ས་ཐམ་ཡུལ་ལ་འགྲོ་དུས་སུ། ཁྱོད་ཤན་པ་སྔོན་ལ་སོང་ནས་ཀྱང་། གཡུ་ལྷ་ཁ་བསླུས་དྲོངས་ལ་ཤོག སྡར་མའི་སྔོན་རྒྱུག་བཏང་ལེ་མིན། འགྲོ་ལུགས་ཅི་དགོས་རིམ་གྱིས་བྱེད་ཅེས་པ་ལྟ་བུ་ལས་སྤྱི་དཔོན་ནི་དམག་དོན་ལ་མཁས་པ་དང་། གེ་སར་རྒྱལ་པོ་གཙོ་བྱས་པའི་གླིང་གི་དཔའ་རྟུལ་རྣམས་ཀྱི་བློ་འདྲི་ས་ཞིག་ཏུ་གྱུར་ཡོད་པ་ཤེས། དེ་ནི་མཐར་ཐུག་ན་ཁོང་གི་ཐབས་དང་བློ་གྲོས་ལྡན་པའི་འཇོན་ནུས་ལ་རག་ལས། དེ་བཞིན་ཧོར་གླིང་གཡུལ་འགྱེད་དུ་ཉིན་མོ་བར་སྣང་ནས་ཐལ་ཆར་བབས། མཚན་མོ་གནམ་ལ་སྐར་ངན་དུ་བ་མཇུག་རིང་ཤར། རྨ་རི་བོ་བཞི་མདོ་ཕུའི་གངས་རི་ཆད། ཁྲ་སྟོད་རོག་པོའི་རྫ་རི་ཉིལ། རྨ་རྒྱལ་སྦོམ་རའི་ཞལ་དཀར་ལ་མེ་ཤོར། སྐུ་མཁར་སེང་འབྲུག་སྟག་རྩེའི་རྒྱལ་མཚན་འགྱེལ་བ་སོགས་གླིང་དཀར་ཕྱོགས་སུ་བཀྲ་མི་ཤིས་པའི་རྟགས་སྣ་ཚོགས་བྱུང་བར་སྤྱི་དཔོན་ནས་ཡང་ཡང་བརྟགས་ཏེ། གླིང་ལ་ཆགས་འཇིག་ཡོང་བར་དགོངས་པ་ཡང་ཁོང་གི་ཤེས་རབ་ཀྱི་རྩལ་ལས་རྟོགས་པ་རེད། གཞན་ནེའུ་ཆུང་ཐབས་ཀྱིས་འབྲུག་མོར་བརྫུས་ནས་ཧོར་ལ་མངགས་ཏེ་ཧོར་དམག་ལ་མགོ་སྐོར་བཏང་བ་ལྟ་བུ་དང་། དེ་མིན་གཡུལ་འཁྲུག་གང་གི་སྐབས་སུའང་གེ་སར་རྒྱལ་པོས་སྤྱི་དཔོན་ལ་བློ་འདྲི་བ་གླིང་སྒྲུང་ལས་མང་དུ་མཐོང་རྒྱུ་ཡོད་པ་སོགས་ལས་སྤྱི་དཔོན་གྱི་ཐབས་དང་ཤེས་རབ་འཛོམས་པའི་སྣང་བརྙན་དེ་ཟུར་སྣེ་མི་འདྲ་བའི་སྒོ་ནས་ང་ཚོའི་མིག་ལམ་དུ་མངོན་ཡོད།
འཐབ་འཛིང་གི་དཔའ་བོའི་སྣང་བརྙན།
རོང་ཚ་ཁྲ་རྒན་ནི་གླིང་གི་དཔའ་རྟུལ་སུམ་ཅུའི་གྲས་སུ་ཡོད་པས་ཁོང་ལ་འཐབ་འཛིང་གི་དཔའ་བོའི་གཤིས་ཀ་ཞིག་ལྡན་པ་ནི་སྨོས་མ་དགོས་བ་ཞིག་ཡིན་ཏེ། ཧོར་གླིང་གཡུལ་འགྱེད་དུ་ཁྲ་རྒན་མི་རྟ་གཉིས་རྦབ་རྒོད་དགུང་ནས་འགྲིལ་བ་ལྟ་བུ་ཞིག་བྱས་ནས། ཧོར་སྒར་ནང་ལ་དགྲ་དར་འཚུབ་སེ་མཆོང་བྱུང་བ། སྒར་སྒོའི་ལྕགས་རིའི་ཤར་གྱི་ཟུར་ནས་རྩིག་ཀྱང་བཞི་མིག་ཙམ་ཞིག་ཐོག་འཕུལ་བརྒྱབ་ནས་བསྒྱེལ། སྒོ་ནང་དུ་རྗེས་མ་དཔུང་གནོན་གྱི་འགོ་བར་ཡོང་བའི་གྲས་ནས་ཤན་པ་ཁྲི་དགྲ་ལག་དམར་དེ་གྲི་འོག་ཏུ་བཏང་། གཡས་ལག་གཡོན་ལག་གིས་མདའ་ལྕགས་སྟོང་མ་དྲུག་ཅུ་ཐམ་པ་རེ་འཕངས་པས་དེ་གྲངས་ཀྱི་མི་ཁྲག་ལ་བསྒྲེས། སླར་རལ་གྲི་ཕྱར་ནས་གུར་མོ་ཆེ་ཁྲི་ཤོང་དཀར་མོར་བལྟས་ནས་བྱུང་བ། གུར་དཀར་རྒྱལ་པོ་དང་། སྟོངས་ཆེན་ཁྲ་འབར་གཉིས་གསེར་ཁྲི་ཁམས་གསུམ་ཟིལ་གནོན་གྱི་འོག་ཏུ་འཛུལ་ནས་གབ། ཤན་པ་འགའ་ཞིག་དང་། ཧོར་ཕྲུག་ག་མ་གཟིག་མགོ་སོགས་གར་ཐར་དུ་ཡིབས་པས་རྙེད་མ་བྱུང་བའི་ངང་དེར། གུར་ནང་དུ་ཐལ་ལེར་ཤོར་བྱུང་ནས། རྒྱལ་པོ་གུར་དཀར་གར་ཡོད་མ་ཤེས་པས་གཤེར་ཁྲི་དེར་གྲི་གསུམ་གཡུགས་པས་དུམ་བུ་གླེགས་ཤིང་འདྲ་བ་གསུམ་བླངས། ཁྲི་མདུན་དུ་ཅོག་ཙེ་བཀྲ་ཤིས་རྟགས་བརྒྱད་ཡོད་པ་བསྒྱེལ། རྒྱལ་པོའི་བཞེས་དཀར་གསོལ་ཕོར་མར་གད་བཅུད་འཛིན་དེ་དུམ་བུ་གསུམ་ལ་བཏང་། ཁྲི་ཐོག་ན་སྟག་ཐུལ་ཡོད་པ་གོང་བ་ནས་བཟུང་སྟེ་བླངས་ནས་ས་ཁར་བྲད་མ་དྲུད་ཀྱིས་ཁྲ་འཁྱིལ་ལེ་ནུབ་སྒོ་ནས་ཐོན་ལ་ཁད་དུ། ཡར་ལམ་དུ་མདའ་ལྕགས་ལྟོང་མ་ཉི་ཤུ་ཐམ་པ་འཕངས་ཏེ། དེ་གྲངས་དང་མཉམ་པའི་དམག་མི་བསྒྲིལ། ཧོར་མི་རྣམས་འུར་འབྲོས་བྱེད། སྒོ་ལམ་ནས་མི་ཐར་བས་ཐེམ་འགག་ནེམ་འགགས་ཀྱིས་ལུག་ཁྱུ་ར་བར་བཅུག་པའི་ནང་ལ་སྤྱང་ཀི་ཤོར་བ་དང་ཁྱད་མ་བྱུང་ཅེས་རོང་ཚ་ཁྲ་རྒན་གྱི་དཔའ་བོའི་སྣང་བརྙན་མིག་ལ་ཤར་བ་ཞིག་བཀོད་ཡོད་པ་དེས་ཁོང་གི་མི་གཤིས་ཀྱི་ཟབ་ས་ན་དཔའ་ངར་གྱི་འོད་ལམ་ལམ་དུ་འཕྲོས་པ་ཤེས་ལ། དེ་མིན་གླིང་གི་མོ་ཡིག་ལུང་བསྟན་དུ་ལྷོ་ཡི་འབྲོང་ཁྲི་ཟི་ར་དར་རྒྱས་དང་སྤྱི་དཔོན་གཉིས་འཐབ་པར་ཕན་ཚུན་རལ་ཁ་ཇ་ཡུན་ཙམ་ལ་བྱས་རྗེས་སྤྱི་དཔོན་རབ་ཏུ་ཁྲོས་ནས་རལ་གྲི་ཀླད་ལ་ཕྱར་ནས་བཏབ་ཐེངས་གཅིག་གིས་འབྲོང་ཁྲིའི་མགོ་བོ་ཡུང་རྡོག་བྲེགས་པ་ལྟར་ས་ལ་འཕངས་ཏེ་མགོ་འཕྲུ་གོང་ལེན་བྱས་ནས་རྟའི་ཕྱི་ཤ་རུ་བཏགས་ཤིང་། སླར་དམག་ཁྲོད་དུ་མཆོངས་ནས་ལྕགས་འཕྲུ་ཅན་མང་པོ་ཆག་ཉེས་བཟོས་ཞེས་ཁོང་གི་འཐབ་འཛིང་གི་བརྒྱུད་རིམ་ཞིབ་ཅིང་ཕྲ་བར་བཀོད་ནས་སྤྱི་དཔོན་གྱི་འཐབ་འཛིང་གི་དཔའ་བོའི་སྣང་བརྙན་དེ་ང་ཚོའི་སེམས་ངོར་ཐེ་ཚོམ་མེད་པར་གྲུབ་ཏུ་བཅུག་ཡོད། སྤྱི་དཔོན་གྱིས་གེ་སར་རྒྱལ་པོ་མ་འཁྲུངས་གོང་རྒྱ་གར་ཆོས་ཀྱི་ཁ་ཡ་དང་རྒྱ་ནག་ཁྲིམས་ཀྱི་ངོ་ཡ། ལྷོ་གླིང་འཁྲུག་པའི་རྒྱལ་ཁ་བཅས་བླངས་ནས་ཀུན་གྱིས་འགྲན་ཡ་མ་བྱུང་བར་གླིང་ཡུལ་དར་ཞིང་རྒྱས་པར་མཛད་པ་ཡང་ཁོང་གི་འཐབ་འཛིང་གི་དཔའ་བོའི་གཤིས་དང་བྲལ་ཐུབ་མེད་དོ། །
མདོར་ན། གླིང་སྒྲུང་དུ་སྤྱི་དཔོན་རོང་ཚ་ཁྲ་རྒན་གྱི་སྣང་བརྙན་བཞེངས་བསྐྲུན་ཐད་མི་སྣའི་ཁ་བརྡ་དང་མི་སྣ་འགུལ་བསྐྱོད། བར་བཅུག་གི་གཏམ་བརྒྱུད་བཅས་ལ་བརྟེན་ནས་སྤྱི་དཔོན་གྱི་སྤྱི་དོན་ཁུར་ལེན་དང་ཐབས་དང་ཤེས་རབ་ཀྱིས་ཕྱུག་པའི་སྣང་བརྙན། འཐབ་འཛིང་གི་དཔའ་བོའི་སྣང་བརྙན་བཅས་ཆེས་ཕུལ་དུ་བྱུང་བ་དང་ངོ་མཚར་བར་བཞེངས་བསྐྲུན་བྱས་འདུག དེ་ཡང་མི་སྣའི་ཁ་བརྡ་དང་ངེས་པར་དུ་མི་སྣ་རང་གི་གཤིས་ཀ་དང་བསམ་བློའི་བརྩེ་དུང་གི་ཚུར་སྣང་ཡིན་དགོས་ཞེས་པ་བཞིན་རོང་ཚ་ཁྲ་རྒན་གྱི་སྐད་ཆ་དང་བྱ་བྱེད་ལས་ཁོང་གི་བསམ་བློའི་བརྩེ་དུང་དང་སྣང་བརྙན་མངོན་པར་མཚོན་ཐུབ། །