ལྷ་སའི་སྐུ་དྲག་གི་རྒྱན་ཆ་རགས་བཤད།
བསྟན་འཛིན་ནོར་སྒྲོན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-09
རྒྱན་ཆ་ནི་རིག་གནས་ཤིག་གི་ཆེས་ཐད་ཀར་གྱི་མཚོན་སྟངས་ཤིག་ཡིན་ཕྱིར་དེས་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པོ་ཞིག་མཚོན་ཡོད་ལ། མི་རིགས་ཤིག་གི་དངོས་པོའི་རིག་གནས་མཚོན་སྟངས་ཐད་ལ་ནུས་པ་གལ་ཆེན་ཐོན་ཡོད། བོད་ཀྱི་སྐུ་དྲག་གི་རྒྱན་ཆ་ནི་མིག་ལ་མཛེས་ཤིང་མཛེས་སྤྱོད་ཀྱི་སྤྲོ་སྣང་དང་ལྡན་ལ། གནའ་ཉམས་ལྡན་ཞིང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དུ་མ་མངའ། དེ་ཡང་རྒྱན་ཆའི་རྒྱུ་ཆ་སོགས་གཅིག་མཚུངས་ཡིན་རུང་འདོགས་མཁན་མི་འདྲ་བས་དེའི་བཟོ་ལྟ་དང་གྲངས་ཚད། ནུས་པ་དང་མཚོན་སྟངས་སོགས་མི་འདྲ་བ་མང་པོ་ཡོད།
གཅིག །ལྷ་སའི་སྐུ་དྲག་གི་རྒྱན་ཆའི་རིགས་ངོ་སྤྲོད།
རྒྱན་ཆའི་རིགས་ལ་དབྱེ་ན་མགོ་རྒྱན་དང་རྣ་རྒྱན། སྐེ་རྒྱན། སྐེད་རྒྱན་སོགས་ཡོད་པས་དང་པོ་སྐྱེས་པའི་རྒྱན་ཆ་ལ་རིམ་པ་བཞིན་དུ་འདི་ལྟར་ཏེ།
སྐྱེས་པའི་མགོ་རྒྱན་ནི་སྐྲ་ལོའི་ཐོག་གི་གསེར་གྱི་གའུ་དང་། རྣ་རྒྱན་ལ་རྣ་གཡོན་དུ་འདོགས་བྱེད་ཨ་ཚར་སྦ་རིལ་གཡུ་ཁྲས་བརྒྱན་པ་དེའི་མིང་ལ་སོག་བྱིལ་དང་། རྣ་གཡས་ལ་འདོགས་བྱེད་གསེར་ལས་གྲུབ་པའི་ཀོང་སྣ་པད་འདོགས་ཞེས་པར་གཡུའི་ཕྲ་བརྒྱན་རྒྱག་ཅིང་། སྐེད་རྒྱན་ལ་གཞོགས་གཡོན་མར་འདོགས་བྱེད་གོས་ཚོན་ཁྲའི་ཁུག་ཁྲ་ཐིག་ཤུབས་ཞེས་པ་དེ་ཁ་བཏགས་འཇུག་སྣོད་ཡིན་པ་དང་སི་རིལ་སྨྱུག་ཁྲོག་ཅེས་སྨྱུ་གུ་དང་སྣག་བུམ་འཇུག་སྣོད། གཡས་ལ་སྐ་རགས་ཕོར་ཤུབས་ཞེས་ཕོར་པ་ཕྱིས་རས་དང་ཕོར་པ་བླུགས་ཡོད་པ་དང་། རྒྱབ་ཕྱོགས་སུ་གྲི་རྩེ་སག་གཟེར་བ་དང་མདུན་ཕྱོགས་གཡས་གཡོན་ལ་མདུན་ཆབ་ཅེས་རྟའི་རྣ་ཅོག་འདྲ་བ་ཆ་གཅིག་བཅས་ཡོད།
གཉིས་པ་བུད་མེད་ཀྱི་མགོ་རྒྱན་གཙོ་བོ་སྤ་ཕྲུག་སྟེ། དེ་ལ་མུ་ཏིག་སྤ་ཕྲུག་དང་གཡུ་རྐྱང་བྱུར་རྐྱང་། མུ་ཏིག་ཐུག་ཁོག་བཅས་ཡོད། མུ་ཏིག་སྤ་ཕྲུག་ནི་ནམ་རྒྱུན་དུ་འདོགས་པ་དང་། གཡུ་རྐྱང་བྱུར་རྐྱང་ནི་དུས་ཆེན་གལ་ཆེན་ཐོག་མུ་ཏིག་ཐུག་ཁོག་དང་མཉམ་དུ་འདོགས། མུ་ཏིག་ཐུག་ཁོག་དང་མུ་ཏིག་སྤ་ཕྲུག་མཉམ་དུ་འདོགས་ན་མི་འགྲིག །རྣ་རྒྱན་ལ་ཨེ་ཀོར། སྐེ་རྒྱན་གཙོ་བོ་གའུ་དང་སྐེ་ཕྲེང་བྱུ་རུའི་འཛོམས་བཀག་ཡིན། གའུའི་ནང་ལའང་གའུ་གསུམ་སྒྲོན་མ་ཞེས་གསེར་གྱིས་བཟོས་པའི་སྒམ་ཆུང་གསུམ་མཉམ་དུ་སྦྲེལ་བ་ཞིག་ཡོད། སྐུ་དྲག་རྣམས་ཀྱིས་གའུའི་ཐོག་ཏུ་གླ་བའི་སོ་འགེལ་ཏེ་སོ་བསྔོགས་ཆས་བྱེད་པ་དང་ཡང་དེ་མིན་གྱི་རུས་པ་སོགས་འགེལ་ནས་རྣ་ཅོག་བསྔོགས་ཆས་བྱེད། སྐེ་ཕྲེང་བྱུ་རུའི་འཛོམས་བཀག་ཅེས་པ་གསེར་དང་མུ་ཏིག །ཕ་ལམ་སོགས་ཀྱིས་བཟོས་པའི་འདོགས་ཆས་ཤིག་ཡིན་ཏེ་ཆེད་དུ་གའུར་མཛེས་རྒྱན་སྤྲོད་ཆེད་ཡིན། སྤྱིར་བཏང་དུ་བྲང་གི་གཡོན་ཕྱོགས་སུ་འགེལ་སྲོལ་ཡོད། སྐེད་རྒྱན་ལ་ནོར་བུ་དགའ་འཁྱིལ་དང་སྐྲ་འཁྱིག་བྱུ་རུའི་བཀག་བཅད་ཅེས་དཀྱིལ་དུ་གཡུ་ཡིས་ཕྲ་རྒྱན་བརྒྱབ་པ་མཐའ་རུ་མུ་ཏིག་གིས་དྲ་བ་འཐེན་པའི་རྒྱན་ཆ་སྤུས་ལེགས་པ་ཞིག་ཡོད་པ་དེ་ནི་སྐྲ་གཉིས་པོ་འབྲེལ་ཆེད་ཡིན། སྡིག་རྭ་བློ་འཕྲེང་ལ་ཐག་པ་ཧ་ཅང་རིང་པོ་གཉིས་ཡོད་དེ་གཅིག་ནི་མུ་ཏིག་གིས་གྲུབ་ཡོད་ལ། གཅིག་པུ་དེ་བྱུ་རུས་གྲུབ་པ་བར་ལ་ནོར་རྡོ་བཅུག་ཡོད་ཅིང་། སྤྱིར་བཏང་སྐེད་པ་ནས་པུས་མོ་མན་ཆད་བར་ཡོད། འབའ་ཁུག་ཁབ་ཤུབས་ནི་གསེར་དང་དངུལ་ལས་གྲུབ་པ་དང་རིན་པོ་ཆེའི་ཕྲ་རྒྱན་བརྒྱབ་ཡོད་ཅིང་། དེ་ཐོག་མར་ཁབ་སྐུད་བླུགས་ས་ཡིན། རྒྱན་ཆའི་ཁྲོད་རྒྱུ་ཆ་འདྲ་མིན་གྱིས་གྲུབ་པའི་ཕྲེང་བའང་མེད་དུ་མི་རུང་བ་ཞིག་ཡིན།
གཉིས། རྒྱན་ཆ་འདོགས་མཁན་གྱི་རིམ་པ་དང་
ལོ་ཚོད་མི་འདྲ་བའི་ཁྱད་པར།
དཔོན་གནས་མི་གཅིག་པར་ཕྱུ་པའི་ཁ་མདོག་དང་རྒྱུ་ཆ། ལྷམ་སོགས་གྱོན་གོས་ཀྱི་ཁྱད་པར་གཙོ་བོར་བྱེད་པ་མ་གཏོགས་རྒྱན་ཆའི་ཁྱད་པར་ཅུང་ཆུང་བ་ཡིན། ཡིག་ཚངས་མི་འདྲ་བས་དཔོན་གནས་མི་འདྲ་བ་མཚོན་ཏེ། ཡིག་ཚངས་ལ་དབྱེ་ན་འདིར་《 ཆོས་འབྱུང་མཁས་པའི་དགའ་སྟོན།》དུ་འཁོད་པ་ལྟར་ཡིག་ཚངས་ནི་རབ་གསེར་གཡུ་གཉིས་འབྲིང་དངུལ་དང་ཕྲ་མེན་ཐ་མ་ཟངས་ཡིག་དང་ལྕགས་ཡིག་སྟེ་དྲུག་པོ་རེ་རེ་ལ་ཆེ་ཆུང་གཉིས་སུ་ཕྱེ་ཡོད་པས་བཅུ་གཉིས་སོ། །དེ་ཡང་གུང་བློན་ཆེན་མོ་ལ་གཡུ་ཡིག་ཆེན་མོ་གནང་། གུང་བློན་འབྲིང་དང་ནང་བློན་ཆེན་པོ་ལ་གཡུ་ཡིག་ཆུང་ངུ་། གུང་བློན་ཐ་ཆུང་དང་ནང་བློན་འབྲིང་བཀའ་ཡོ་གལ་འཆོས་པ་ཆེན་པོ་གསུམ་ལ་གསེར་ཡིག་ཆེན་པོ། ནང་བློན་ཐ་ཆུང་དང་བཀའ་བློན་འབྲིང་ལ་གསེར་ཡིག་ཆུང་ངུ་། བཀའ་བློན་ཐ་ཆུང་ལ་ཕྲ་མེན་གྱི་ཡི་གེ་གནང་། དེ་མིན་དབང་བློན་རྣམས་ལ་དངུལ་ཡིག་ཆེན་པོ། མཐའ་སྲུང་དང་རྩེ་སྲུང་ལ་དངུལ་ཡིག་ཆུང་བ། རུ་དཔོན་སོགས་ལ་ཟངས་ཡིག །གཡུལ་དུ་དཔའ་བ་ལ་ལྕགས་ཡིག ། འབངས་ཕལ་པ་ལ་ཤིང་ཡིག་སོགས་མི་འདྲ་བ་ཡོད།
ཚེ་རིང་གཡང་འཛོམས་ལགས་ཀྱིས་《བོད་ཀྱི་སྐུ་དྲག་ཁྱིམ་བརྒྱུད།》ཅེས་པའི་ནང་དུ་སྐབས་དེའི་ས་གནས་སྲིད་གཞུང་གིས་གཏན་འབེབས་བྱས་པའི་ཁྲིམས་ཡིག་ཅིག་རྙེད་ཡོད་པ་དེ་རུ། བཀའ་བློན་དང་གུང་། སྐུ་དྲག་ཆེན་པོའི་ལྷ་ལྕམ་ཚོས་མི་རེའི་རྒྱན་ཆའི་ཚད་གཞི་ལ་བོད་དངུལ་སྲང་སུམ་བརྒྱ་ཡན་དང་ལྔ་བརྒྱ་མན་ཡིན་དགོས། སྐུ་དྲག་ཆེན་པོ་མན་དང་དཔོན་གནས་ལྔ་པ་ཡན་གྱི་སྐུ་ལྕམ་ཚོས་མི་རེས་བོད་དངུལ་སྲང་ཉིས་བརྒྱ་མན་དང་སྲང་བརྒྱ་མན་ཡིན་དགོས། རྩེ་དང་ཞོལ། ཕྱག་མཛོད། སྣང་རྩེ་ཤག །ཚོང་པ་སོགས་སྐྱེས་པ་དཀྱུས་མའི་སྐྱེས་དམན་གྱིས་གཡང་ཊི་དང་བྱུ་རུའི་སྤ་ཕྲུག་བཏགས་ཆོག །བུད་མེད་དཀྱུས་མས་གཡང་ཊི་སྔོན་པོ་དང་བྱུ་རུ་དམར་པོ་ལས་འདོགས་མི་རུང་། སྐུ་དྲག་ཚོས་ནོར་རྡོ་དཀར་པོ་འདོགས་ཆོག །དེ་དག་ལས་ཁྱད་པར་སྟོན་དགོས་ཞེས་འཁོད་འདུག །མུ་ཏིག་ཐུག་ཁོག་དང་གའུ་གསུམ་སྒྲོན་མ། སྐྲ་འཁྱིག་བྱུ་རུའི་བཀག་བཅད། སྡིག་རྭ་བློ་འཕྲེང་སོགས་རིན་གོང་ཧ་ཅང་ཆེ་བའི་རྒྱན་ཆའི་རིགས་རྣམས་ཡབ་གཞིས་ཁྱིམ་རྒྱུད་དང་སྡེ་དཔོན་ཁྱིམ་རྒྱུད་སོགས་གོ་གནས་ཧ་ཅང་མཐོ་བའི་ལྕམ་མོ་དག་གིས་དུས་རྒྱུན་ནམ་དུས་ཆེན་གལ་ཆེན་ཐོག་མ་གཏོགས་འདོགས་མི་ཆོག
སྐུ་དྲག་རྣམས་ཀྱིས་རང་ཉིད་ཀྱི་འཚོ་བའི་གོ་རིམ་ལྟར་རྒྱན་ཆ་བརྗེ་ལེན་བྱེད་ཆོག །སྐྱེས་པ་ལ་མཚོན་ན། དཔོན་གནས་ཡོད་ན་རྒྱ་ལུ་ཆས་གྱོན་པ་དང་ཡིག་ཚངས་འདོགས་པ། མེད་ན་རྒྱུན་གོས་གྱོན་ནས་ནར་སོན་རྗེས་སོག་བྱིལ་དང་སྐྲ་ལོའི་ཐོག་གསེར་གྱི་གའུ་སོགས་འདོགས་པ་ལས་གཞན་མི་འདྲ་བ་མང་པོ་མེད། བུད་མེད་ལ་མཚོན་ན་ཆང་ས་བརྒྱབ་ཡོད་མིན་པང་གདན་གཅིག་པུས་མི་མཚོན་པར་མགོ་རྒྱན་འདོགས་ལུགས་དང་སྐྲའི་ལན་བུའི་བཟོ་ལྟ་ལའང་བརྟག་དགོས། གལ་ཏེ་ཆང་ས་བརྒྱབས་ཟིན་པ་དང་ཕྲུ་གུ་ཡོད་ན། སྤ་ཕྲུག་དང་པང་གདན་འདོགས་དགོས་པ་མ་ཟད་སྐྲ་ལན་བུ་གཉིས་བསླ་དགོས། གལ་ཏེ་ཆང་ས་བརྒྱབས་ཟིན་ཀྱང་ཕྲུ་གུ་མེད་པ་དང་། ཡང་ན་ཆང་ས་རྒྱབ་མེད་ནའང་དགའ་གྲོགས་ཡོད་ན་པང་གདན་འདོགས་དགོས་པ་དང་། སྐྲ་ལན་བུ་གཉིས་བསླས་དགོས། མགོ་ཐོག་ཏུ་ཨ་ཚར་སྦ་རིལ་ཞེས་པའི་མགོ་རྒྱན་ཞིག་འདོགས་དགོས། དེ་ལ་སྤ་ཕྲུག་གི་སྒྲོམ་གཞི་མེད་ནའང་། སྤ་ཕྲུག་ཐོག་འགེལ་བའི་རྒྱན་ཆ་ཚང་མ་སྣམ་བུའི་ཐོག་ཏུ་འཚེམ་ནས་མགོ་ཐོག་ཏུ་དཀྲི་དགོས་སོ། །གའུ་ནི་གའུ་མཁལ་རིལ་མ་ཞེས་ཟེར། དེའི་གཟུགས་མཁལ་མ་ལྟར་ཆུང་ལ་སྤུས་དག་པས་དེ་ལྟར་བརྗོད། ཁེར་རྐྱང་ཡིན་ན་པང་གདན་འདོགས་མི་དགོས་པ་དང་སྐྲ་ལན་བུ་གཅིག་བསླ་དགོས། ལན་བུ་དེའི་མིང་ལ་ལྕང་ལོ་ཅན་པ་ཞེས་ཟེར། དཔྲལ་བའི་ཐོག་ཏུ་བྱུ་རུ་གཉིས་དང་གཡུ་གཅིག་ཡོད། དེ་ཕལ་ཆེར་སྐུ་དྲག་གི་མཚོན་བྱེད་ཙམ་ཞིག་ཡིན་པ་འདྲ།
གསུམ། རྒྱན་ཆས་མཚོན་པའི་སྤྱི་ཚོགས་ཀྱི་ནུས་པ།
དཔོན་གནས་ཀྱི་རིམ་པ་མི་འདྲ་བས་དེའི་ཡིག་ཚངས་ཀྱིས་མཚོན་པའི་སྤྱི་ཚོགས་ཀྱི་དབང་ཆ་མི་འདྲ་བ་ཡིན། དེ་དག་གིས་གོང་ཞུས་གོ་རིམ་ལྟར་དཔོན་རིམ་གསུམ་པ་ནས་བདུན་པའི་བར་རང་རང་ལ་དབང་བའི་གོ་གནས་དང་དབང་ཆ་གང་ཡོད་མཚོན་བཞིན་ཡོད། བུད་མེད་ལ་མཚོན་ན། ཚེ་རིང་གཡང་འཛོམས་ལགས་ཀྱི་《 བོད་ཀྱི་སྐུ་དྲག་ཁྱིམ་བརྒྱུད།》ཅེས་པའི་ནང་། གལ་ཏེ་སྤྱིར་བཏང་གི་སྐུ་དྲག་ཚོས་ཆབ་སྲིད་ལ་སྣང་བ་གཏོང་བ་དང་ཐོག་ལ་འཛེགས་རྒྱུའི་སེམས་ཤུགས་ཡོད་པའམ་རིམ་པ་མཐོ་བའི་སྐུ་དྲག་རྣམས་དང་གཉེན་སྒྲིག་གི་འབྲེལ་བ་འཛུགས་དགོས་བསམ་ན། སྐུ་དྲག་བར་གྱི་རྩེད་མོར་བརྟེན་ནས་སླ་མོར་གྲུབ་ཐུབ། དེ་མིན་ཁོ་ཚོའང་སྐུ་དྲག་ཆེན་པོ་དང་འདྲ་བར་གསེར་དངུལ་བུད་མེད་ཀྱི་རྒྱན་ཆའི་ཐོག་ཏུ་གཏོང་བཞིན་ཡོད། རྒྱུ་མཚན་ནི་བུད་མེད་ནི་སྐྱེས་པའི་གོ་གནས་ཀྱི་ཆེས་ཐད་ཀར་གྱི་མཚོན་སྟངས་ཤིག་ཡིན་པ་དང་། བུད་མེད་བར་ཕན་ཚུན་མཛེས་དཔལ་འགྲན་རྒྱུ་ནི་ཚད་ངེས་ཅན་ཞིག་གི་ཐོག་ནས་སྐྱེས་པའི་ནུས་པ་མཚོན་བཞིན་ཡོད། དེ་བཞིན་དུ། བུད་མེད་ཅིག་ལ་གདེང་འཇོག་བྱེད་པ་ནི་ཚད་ངེས་ཅན་ཞིག་གི་ཐོག་ནས་སྐྱེས་པ་ལ་གདེང་འཇོག་བྱེད་པ་དང་འདྲ། ཞེས་འཁོད་འདུག །ཁྱོ་གའི་ཐོབ་ཐང་གིས་ལྕམ་མོ་རྣམས་ལ་གཟི་བརྗིད་བླ་ན་མེད་པ་ཞིག་དང་རྒྱས་སྤྲོས་རྫོགས་མཐའ་མེད་པ་ཞིག་ལོངས་སྤྱོད་བྱེད་ཆོག་ཀྱང་། མཆོར་ཉམས་ལྡན་པའི་གྱོན་གོས་དང་རྒྱས་སྤྲོས་ལྡན་པའི་རྒྱན་ཆ་ནི་བུད་མེད་ཅིག་གི་མི་སྒེར་གྱི་དམིགས་ཡུལ་ཁོ་ན་མིན་པར། དེ་ནི་ཐོབ་ཐང་དང་གོ་གནས་ཀྱི་མཚོན་བྱེད་ཡིན་ལ་དེ་ཕལ་ཆེར་མི་གཞན་དང་དབྱེ་བ་འབྱེད་པའི་བརྡ་རྟགས་ཤིག་ཏུའང་འགྱུར་ཡོད།
བཞི། སྐུ་དྲག་གི་རྒྱན་ཆའི་གནས་སྟངས།
བོད་ཀྱི་རྒྱན་གོས་རིག་གནས་དེ་ལོ་ངོ་སྟོང་ཕྲག་རིང་འཕེལ་རྒྱས་དང་རིམ་འགྱུར། གསར་བཅོས་དང་གསར་གཏོད་སོགས་མང་པོ་བྱས་ཡོད། འོན་ཀྱང་། དེང་རབས་ཅན་དུ་འགྱུར་བའི་རྒྱུད་རིམ་ནང་། མི་རྣམས་ཀྱི་འཚོ་བ་ལ་འགྱུར་བ་ཤུགས་ཆེན་ཕྱིན་ཡོད་ལ་རྒྱན་གོས་ཀྱང་ཧ་ཅང་སྟབས་བདེར་གྱུར་ཡོད། བོད་ཀྱི་སྐུ་དྲག་གི་རྒྱན་ཆ་དེའང་དེང་རབས་ཅན་དུ་འགྱུར་བའི་རྒྱུད་རིམ་དང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་ཀྱི་གདོང་གཏུག་ཁྲོད། བླང་དོར་དང་འཕེལ་རྒྱས་ཀྱི་རྒྱུད་རིམ་ནང་དོ་མཉམ་འཚོལ་དགོས་པ་དེ་སྲོལ་རྒྱུན་གྱི་རྒྱན་གོས་རིག་གནས་ལ་འཕྲད་པའི་ཚོད་བགམ་ཆེན་པོ་ཞིག་ཡིན་པ་སྨོས་མི་དགོས། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པའི་ནང་ནས་འགོ་བཙུགས་སྟེ། དཔལ་འབྱོར་འཕེལ་རྒྱས་དང་འགྲིམ་འགྲུལ་སྟབས་བདེ། རིག་གནས་བརྗེ་རེས་སོགས་འཕེལ་རྒྱས་ཆེན་པོ་ཕྱིན་པས། རྒྱ་ནག་དང་ནུབ་ཕྱོགས་ཀྱི་སྟབས་བདེའི་ཆས་གོས་དར་སྲོལ་ཆེན་པོ་ཕྱིན་པ་དང་། བོད་མི་རིགས་ཀྱིས་དེང་རབས་ཅན་ལ་བཅངས་པའི་རེ་འདོད་སོགས་ཀྱིས་བོད་ཀྱི་སྲོལ་རྒྱུན་རྒྱན་གོས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ལ་རྡབ་རྡེག་ཡང་ཆེན་པོ་བྱུང་ཡོད། ད་ཞག་གཉེན་སྟོན་དང་དུས་ཆེན་གལ་ཆེན་དག་གི་ཐོག་སྐུ་དྲག་གི་རྒྱན་ཆ་ཕལ་ཆེར་མཐོང་རྒྱུ་མེད། ལྷ་མོའི་འཁྲབ་སྟོན་དུ་རྗེས་ཤུལ་ཅུང་ཟད་ཡོད་ཀྱང་མང་ཆེ་བ་འཁྲབ་སྟོན་གྱི་རྒྱན་གོས་ཡིན་པས་ཁྱད་ཆོས་ལྡན་པའི་སྐུ་དྲག་གི་རྒྱན་ཆ་ཧ་ཅང་དཀོན་པོ་ཡིན། དེ་དག་དངོས་མང་བཤམས་མཛོད་ཁང་ལ་སྟོན་རྒྱུ་ཡོད་པ་མ་གཏོགས་དངོས་ཡོད་འཚོ་བའི་ནང་ཕལ་ཆེར་ཤུལ་རྗེས་མེད་པ་ཡལ་ཟིན། སྐུ་དྲག་ཚོའི་རྒྱན་གོས་ཙམ་མ་ཟད་བོད་ཧྲིལ་པོའི་རྒྱན་གོས་ལ་ཞན་འགྱུར་མངོན་གསལ་དོད་པོ་བྱུང་འདུག །ལྷག་པར་དུ་དཔལ་འབྱོར་དར་རྒྱས་ཆེ་བའི་ས་ཁུལ་དག་དང་སློབ་གསོའི་ཚད་མཐོན་པོ་མྱོང་བའི་གཞོན་ནུ་དག་ལ་མཚོན་ན། སྲོལ་རྒྱུན་གྱི་གྱོན་གོས་ཀྱི་གནས་སྟངས་ནི་ཧ་ཅང་ཁ་སྐྱེངས་པོ་ཡིན། ཁོང་ཚོ་སྟབས་བདེ་དང་བརྩེ་དུང་གི་བར་གུས་ཞབས་ཀྱི་ཚུལ་ཙམ་ལས་རྩར་བཅར་མི་ནུས་པའི་གནས་སྟངས་ཤིག་ཏུ་ལྷུང་འདུག
དགའ་འོས་པ་ཞིག་ལ། ཉེ་བའི་ལོ་ཤས་རིང་དར་སྲོལ་ཆེ་བའི་ཆས་གོས་འགྲེམ་སྟོན་ནང་རྒྱན་ཆ་དེ་དག་གི་འདྲ་བཟོས་ཐོན་རྫས་མང་པོ་འགྲེམ་སྟོན་བྱེད་བཞིན་འདུག་ལ་གཉེན་སྟོན་མཛད་སྒོའི་ནང་གཉེན་པར་ལེན་རྒྱུ་དེའང་རིམ་བཞིན་ཚ་རླབས་ཤིག་ཏུ་འགྱུར་སྐབས། མི་རིགས་མི་འདྲ་བ་མང་པོས་སྐབས་དེའི་བོད་ཀྱི་རྒྱན་གོས་གྱོན་ནས་འདྲ་པར་ལེན་པར་རེ་འདོད་བྱེད་པ་དང་། གཉེན་སྟོན་མཛད་སྒོ་ཚོང་ལས་རང་བཞིན་དུ་འགྱུར་བཞིན་པའི་དུས་སྐབས་འདིར། གནའ་ལུགས་ལ་དགའ་མཁན་མང་པོ་ཡོད་པ་མ་ཟད་དོ་སྣང་མ་ཐོབ་བའི་རིག་གནས་ཀྱི་གྲུབ་ཆ་མང་པོ་ཞིག་ལ་བེད་སྤྱོད་ལེགས་པོ་ཐུབ་འདུག ། དེ་བས་ད་དུང་ན་གཞོན་ཚོས་དེང་རབས་ཅན་གྱི་གྲུབ་ཆ་དང་སྲོལ་རྒྱུན་གྱི་གྲུབ་ཆ་མཉམ་དུ་བསྲེས་ནས་དེང་རབས་རིག་གནས་དང་མཐུན་པའི་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་རྒྱན་གོས་མང་པོ་ཞིག་གསར་བཟོ་བྱེད་བཞིན་པ་དེས་མི་རྣམས་ཀྱིས་སྣ་མང་རིག་གནས་དར་སྲོལ་བརྩོན་ལེན་ལ་སྐུལ་འདེད་བཏང་ཡོད། མ་གཞི་མི་རྣམས་གྱོན་གོས་སྟབས་བདེར་བརྩོན་ལེན་བྱེད་བཞིན་ཡོད་ལ་བོད་ཀྱི་རྒྱན་གོས་ཀྱང་ཧ་ཅང་ཕུན་སུམ་ཚོགས་པོ་ཡིན་མོད། དགེ་མཚན་ཆེན་པོ་ལྡན་པའི་རིག་གནས་དེ་སྲུང་སྐྱོབ་དང་དར་སྤེལ་བྱས་ན་གསེར་གཞོང་ནོར་བུས་བཀང་ཐུབ་ལ། ཟ་འོག་གོས་ལ་རི་མོ་དང་། རྨ་བྱའི་སྒྲོ་ལ་ཐིག་ལེ་ལྟ་བུ་ཡག་ཐོག་ཡག་བརྩེགས་ཡོང་ཐུབ་པས། བོད་ཀྱི་མཛེས་དཔྱོད་ཁྱད་ཆོས་སྟོན་ཐུབ་པའི་སྐུ་དྲག་གི་རྒྱན་ཆ་དེ་དག་ཀྱང་སྲུང་སྐྱོབ་དང་འཕེལ་རྒྱས་བྱེད་འོས་ལ་དེང་རབས་ཅན་དུ་འགྱུར་བའི་རྒྱུད་རིམ་ནང་མང་ཚོགས་ཅན་དུ་བསྒྱུར་དགོས། དུས་ཆེན་གལ་ཆེན་སོགས་ལ་འགྲེམ་སྟོན་དང་ཉར་ཚགས་གང་ལེགས་ཐུབ་ཚེ་སྲོལ་རྒྱུན་གྱི་རྒྱན་གོས་རིག་གནས་དབྱར་མཚོ་ལྟར་རྒྱས་སྲིད་དོ། །
བསྟན་འཛིན་ནོར་སྒྲོན། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་2018ལོའི་ཞིབ་འཇུག་སློབ་མ། 基金项目:本项目得到西南民族大学研究生创新型科研项目(硕士生一般项目CX2019SP280)资助。