མགར་ཕ་བུ་གསུམ་གྱི་སྐོར་གླེང་བ།
ཤེལ་དཀར་ཚེ་སྒྲོན རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-09
ལོ་རྒྱུས་རྒྱབ་ལྗོངས་དང་མགར་ཕ་བུ་གསུམ་ངོ་སྤྲོད་མདོར་བསྡུས།
དུས་རབས་བདུན་པར། བཙན་པོ་སྲོང་བཙན་སྒམ་པོས་ཕ་ཤུལ་བུ་འཛིན་གྱིས་ཡབ་མེས་ཀྱི་བྱ་བཞག་རྒྱུད་འཛིན་བྱས་ཏེ། དབུས་གཙང་གི་ཡུལ་གྲུ་ཁག་ཡོངས་སུ་གཅིག་གྱུར་བྱས། ཕྱི་ནང་གི་ཆོས་སྲིད་འབྲེལ་ལམ་གསར་དུ་བཙུགས། བཀའ་ཁྲིམས་ཐུ་མོ་ཆེས་རྒྱལ་ཁམས་བདེ་བར་བསྐྱངས། ཤར་ཕྱོགས་རྒྱ་དང་མི་ཉག་ནས་བཟོ་དང་རྩིས་ཀྱི་དཔེ་རྣམས་བླངས། དུས་དེ་ཤེད་དུ་བོད་ཐང་གཉིས་དམག་ཤུགས་སོགས་གང་གི་ཐད་ནས་ཀྱང་དོ་ཟླ་མཉམ་པོར་ཆགས་པས། འ་ཞ་གཙོ་བྱས་པའི་མཐའ་མཚམས་གྱི་རྒྱལ་ཕྲན་དག་ཐང་བོད་གཉིས་ཀྱི་རྩོད་གཞིར་གྱུར། ནང་གི་ཁབ་སོ་བདེ་བར་འཁོད་པ་ཙམ་མ་ཟད། ཕྱི་རུ་དམག་དྲངས་ནས་མངའ་ཁོངས་རྒྱ་བསྐྱེད་རྒྱུ་ནི་སྐབས་དེའི་རྒྱལ་ཁབ་འཕེལ་རྒྱས་ཀྱི་འགྲོ་ཕྱོགས་ཡིན་པས། མགར་ཕ་བུ་གསུམ་གྱི་དབང་ཤུགས་ཀྱང་དེ་དང་བསྟུན་ནས་ཇེ་ཆེར་གྱུར།
བློན་ཆེན་པོ་གསུམ་གྱི་མཛད་པ་གླེང་བ།
མགར་ཕ་བུ་གསུམ་སྟེ། མགར་སྟོང་བཙན་ཡུལ་ཟུང་དང་། མགར་བཙན་སྙ་ལྡོམ་བུ། མགར་ཁྲི་འབྲིང་བཙན་བྲོད་གསུམ་སོ་སོས་སྲོང་བཙན་སྒམ་པོའི་སྐབས་ནང་བློན་དང་། བཙན་པོ་མང་སྲོང་མང་བཙན་དང་། འདུས་སྲོང་མང་པོ་རྗེ་གཉིས་ཀྱི་རིང་ལ་བློན་ཆེན་གྱི་འགན་ཁུར་བ་དང་བསྟུན་མགར་ཚང་གི་དབང་ཤུགས་ཀྱང་ཇེ་ཆེར་ཆགས་ཏེ། མཐར་བཙན་པོའི་དབང་ཆར་སྟངས་འཛིན་བྱེད་པའི་ཚད་དུ་སླེབས་རྐྱེན། བློན་ཆེན་གྱི་དབང་ཆར་འགྱུར་བ་གཏོང་འགོ་བརྩམས། ཡིན་ཡང་། ཁོང་ཕ་བུ་གསུམ་གྱིས་ནང་གི་ཁབ་སོ་དང་ཕྱིའི་དམག་དོན་གང་ཐད་ནས་བྱས་རྗེས་བླ་མེད་བཞག་ཡོད་པ་ནི་ལོ་རྒྱུས་ཡིག་ཚང་ཚང་མར་གསལ་བ་སྨོས་མ་དགོས།
1.མགར་སྟོང་བཙན་ཡུལ་ཟུང་གི་མཛད་པ་གླེང་བ།
ཐོག་མར། མགར་སྟོང་བཙན་ཡུལ་ཟུང་ནི་བཙན་པོ་སྲོང་བཙན་སྒམ་པོའི་སྐབས་ཀྱི་ནང་བློན་ཡིན་ལ། སྲོང་བཙན་གྱིས་ཁྲི་བཞེས་པ་དང་སྲིད་བསྐྱངས་པའི་བློན་པོ་ཡིན་ཏེ། ཡབ་འབངས་ནི་འཁུས་ཡུམ་འབངས་ནི་ལོག་པའི་སྐབས་སུ་རྒྱལ་ནང་བདེ་བར་བཀོད་མཁན་གྱི་བློན་ཆེན་བཀའ་དྲིན་ཅན་ཡིན། དེ་བཞིན་ཁྱུང་པོ་སྤུང་སད་ཟུ་ཙེས་གཡོ་ཐབས་ཀྱིས་བཙན་པོ་བཀྲོངས་རྩིས་བྱས་པའང་མགར་གྱིས་ཚོར་ནས་བཙན་པོའི་སྙན་དུ་གསོལ། དེ་ལྟར་ཐོན་མི་དང་མགར་སོགས་བློན་པོ་བཞི་མེད་ཐབས་མེད་པའི་བློན་ཆེན་བཞི་རུ་བགྲངས། བོད་ཡུལ་བདེ་བར་འགོད་པའི་བཀའ་ཁྲིམས་ཁོད་སོ་དྲུག་བཅའ་སྐབས། རུ་མཚམས་འབྱེད་པ་དང་། ཡུལ་འགོད་པ། རྒོད་གཡུང་གི་སྡེ་འབྱེད་པ་སོགས་ཞིབ་པར་མགར་སྟོང་བཙན་དང་དར་རྒྱལ་གྱིས་བཤམས་སྐད། དེ་མ་ཟད་མགར་སྟོང་བཙན་གཙོས་པའི་ཕོ་ཉས་བལ་བཟའ་ཁྲི་བཙུན་དང་། རྒྱ་བཟའ་ཀོང་ཇོ་བོད་དུ་བསུས་ཏེ་བོད་བལ་དང་བོད་ཐང་བར་གཉེན་འབྲེལ་གྱི་མཐུན་ལམ་བཙུགས། དེ་ནས་བཙན་པོ་མང་སྲོང་མང་བཙན་སྐུ་ན་ཕྲ་དུས་བློན་ཆེན་མགར་སྟོང་བཙན་ཡུལ་ཟུང་གིས་སྲིད་ཀྱི་གཉེར་ཁ་ཐམས་ཅད་བཟུང་སྟེ་ཁྲི་ལོ་བཅོ་ལྔ་ལྷག་གི་བར་ཆབ་སྲིད་བསྐྱངས། ཕྱི་རུ་འ་ཞའི་ཡུལ་དུ་དམག་དྲངས་ཏེ་སྐུ་ཚེ་གང་པོར་བཙན་པོ་ཡབ་སྲས་ཀྱི་དོན་དུ་སྐུ་ངལ་བསྐྱོན་པའི་སྐོར་དོན་ཆེན་གནད་བསྡུས་སུ་གསལ་བས་འདིར་སྤྲོས་པར་མི་བྱེད་དོ། །
2.མགར་བཙན་སྙ་ལྡོམ་བུ་གླེང་བ།
《 དེབ་ཐེར་དཀར་པོ》 ལས། དེ་ནས་བཙན་སྙ་ལྡོམ་བུས་ཕའི་གོ་ས་བཟུང་། བུ་གཞན་གསུམ་གྱིས་དམག་དཔོན་བྱས་ཏེ། ལོ་དེ་རིང་ལ་རྒྱའི་ས་མཚམས་སུ་དམག་དྲངས། འཇང་གི་རིགས་ཀྱི་ཞིང་ཆེན་བཅུ་གཉིས་བཅོམ། མགར་བཙན་སྙས་བཙན་པོ་མང་སྲོང་མང་བཙན་ལ་ནད་འབྲུམ་བུས་བསྙུངས་ནས་བཙན་པོ་ཁྲི་ལྡེ་གཙུག་བརྟན་དགུང་ལོ་བཅུའི་བར་དུ། སྤུར་རྒྱལ་བཙན་པོའི་རྒྱལ་རབས་ཀྱི་ནང་གི་ཁབ་སོ་གཙོ་བོ་བྱས་ནས་བསྐྱངས། ཞེས་དང་ཞིབ་གསལ་དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས་སུ་བཀོད་པར་གཟིགས་འཚལ། 《 སྲིད་སྐྱོང་མེ་ལོང་།》དུ་བྱའི་ལོ་(685)ལ་བབ་སྟེ། བཙན་པོ་ཉེན་ཀར་ན་བཞུགས་ཤིང་། བློན་ཆེན་པོ་བཙན་སྙ་དང་། མང་ཉེན་སྟག་ཙབ་གཉིས། དམེའ་བྱུང་ཤངས་གྱི་སུམ་ཆུ་བོར། བློན་ཆེན་པོ་བཙན་སྙ་གུམ། །ཞེས་མགར་བཙན་སྙ་ལྡོམ་བུས་ལོ་ངོ་བཅུ་ལྷག་གི་རིང་བློན་ཆེན་མཛད་ནས་མཐར་རྒྱལ་བློན་བར་གྱི་འགལ་བ་དང་བློན་པོ་ཕན་ཚུན་བར་གྱི་གོ་ས་འཕྲོག་རྩོད། རིགས་རུས་བར་གྱི་ནང་དམེས་བཀྲོངས།
མགར་ཁྲི་འབྲིང་བཙན་བྲོད།
བཙན་སྙས་བློན་ཆེན་ཀྱི་གོ་ས་བཟུང་རྗེས་མགར་ཁྲི་འབྲིང་བཙན་བྲོད་ཀྱིས་དམག་དཔོན་གྱི་གོ་ས་བཟུང་ནས། བོད་ཀྱི་ས་མཚམས་བསྲུངས་ཤིང་ཐང་ལ་དམག་དྲངས། དེའི་སྐོར་《སྲིད་སྐྱོང་མེ་ལོང་།》དུ། སྤྱི་ལོ་672པར། ཐུ་ལུ་ཧུན་གྱི་མངའ་ཁོངས་ཐམས་ཅད་བོད་ལ་དབང་བར་གྱུར། སྤྱི་ལོ་680པར། ཞི་ཨར་ས་ཆའི་མྱའི་ཚོ་བ་ཚང་མ་བོད་ལ་མགོ་བཏགས་ཤིང་། ཞང་ཞུང་། ཏང་ཞང་། ཚཱང་པ་བཅས་ཀྱི་ས་ཆ་ཚང་མ་བོད་ཀྱིས་བཟུང་། དེ་བས། སྤུར་རྒྱལ་མཐའ་སྐོར་གྱི་འཇང་གི་ས་ཆ། ཏང་ཞང་། འ་ཞ། ཨན་ཞི་དམག་སྡེ་བཞི་སོགས་བོད་ལ་དབང་རྗེས། མགར་ཁྲི་འབྲིང་གིས་བློན་ཆེན་གྱི་གོ་ས་བཟུང་བ་དང་མངའ་ཁོངས་ཀྱི་རྒྱ་སྐྱེད་ཡུལ་དྲུ་གུའི་ཡུལ་དུ་གཏད། ཅེས་དང་། ཁྱི་ལོ་(698)ལ་བབ་སྟེ། བཙན་པོ་དབྱར་བྱང་རོལ་དུ་གཤེགས། དགུན་བློན་ཆེན་ཕོ་ཁྲི་འབྲིང་གྱིས། ཙོང་ཀ་ཆེ་ཆུང་དུ་དྲངསྟེ། རྒྱའི་དམག་དཔོན་ཅེན་པོ་ཐུག་པུ་ཤུ་བཟུང་། དེའི་དགུན་མགར་ལ་བཀྱོན་ཕབ་སྟེ་བཙན་པོ་ཕར་དུ་གཤེགས་པར་ལོ་ཆིག །དེ་ལྟར་མགར་ཁྲི་འབྲིང་གིས་སྤྱི་ལོ་685ནས་698བར་ལོ་ངོ་བཅུ་གསུམ་ལྷག་ལ་བློན་ཆེན་གྱི་འགན་བཟུང་མཐར། བཙན་པོ་ཁྲི་འདུས་སྲོང་གིས་བཀྱོན་ཕབ་ནས་བཀྲོངས། དེ་ནས་བཟུང་མགར་ཚང་གི་དབང་ཤུགས་སྤུར་རྒྱལ་རྒྱལ་ནང་ནས་ཉམས།
ཕྱོགས་གསུམ་ནས་སྲིད་བློན་ཆེན་པོ་
གསུམ་ལ་གདེང་འཇོག་བྱེད་པ།
བཙན་པོའི་ཕྱོགས་ནས་གླེང་ན། སྲིད་དབང་དང་དམག་ཤུགས་ཀྱི་ཆེས་མཐའ་མཇུག་གི་དབང་ཆ་དེ་བཙན་པོ་གཅིག་པུའི་ཕྱག་ཏུ་བཟུང་ཡོད་ལ། བློན་འབངས་སུ་ཡིན་ཡང་རྒྱལ་པོར་རྩེ་གཅིག་ཏུ་སྙིང་ཉེ་དགོས་པ་མ་ཟད། བློན་འབངས་ཀྱི་འདུ་ཤེས་སུའང་རྒྱལ་པོ་ནི་ནམ་ཡང་ཆེས་གོང་ན་མེད་པ་དང་བླ་ན་མེད་པར་ངོས་འཛིན་པ་ཡིན། དེ་བས། མགར་ཕ་བུ་གསུམ་གྱིས་སྤུར་རྒྱལ་བཙན་པོའི་བློན་ཆེན་གྱི་གོ་གནས་བཟུང་བའི་ལོ་ངོ་བཞི་བཅུ་ལྷག་གི་རིང་ལ། རྒྱལ་ཁབ་ཀྱི་དབང་ཆ་ཆེ་ཤོས་དེ་བློན་ཆེན་སོ་སོས་བཟུང་ཞིང་བཙན་པོའི་དབང་ཤུགས་ལྟོས་བཅས་ཀྱིས་ཆུང་། དེ་མ་ཟད། བློན་ཆེན་གྱི་གོ་གནས་ཁྱིམ་རྒྱུད་གཅིག་གིས་རྒྱུན་མཐུད་ནས་བཟུང་བས། མགར་ཚང་གི་དབང་ཤུགས་བཙན་པོའི་རྒྱལ་རབས་སུ་བརྟན་བརླིང་གཡོ་མེད་དུ་གནས་པ་གང་ཞིག་ལ། བཙན་པོ་རིམ་བྱུང་གི་གོ་གནས་ལའང་གཡོ་འགུལ་ཐེབས་སྲིད་པས། མགར་ཕ་བུ་གསུམ་གྱི་མཛད་རྗེས་ཇི་ལྟར་ཆེ་ཡང་མཐར་ཐུག་མགར་ཚང་གི་དབང་ཤུགས་ཉམས་རྨས་སུ་བཏང་བ་སྟེ། གནས་ལུགས་ལྟར་ན། དབང་སྒྱུར་མཁན་སུ་ཡིན་རུང་དེ་ལྟར་བསྒྲུབ་སྲིད་པ་ཞིག་རེད། གཉིས་པ། མགར་ཕ་བུ་གསུམ་རང་སྟེང་ནས་གླེང་ན། མགར་ཚང་གི་བུ་རབས་ཚ་རྒྱུད་ཀྱི་ནང་། བློན་ཆེན་གྱི་འགན་ཁུར་བའི་མགར་སྟོང་བཙན་དང་། མགར་བཙན་སྙ། མགར་ཁྲི་འབྲིང་གསུམ་ཕུད་སྟོང་བཙན་གྱི་བུ་གཞན་གྱིས་སྤུར་རྒྱལ་ནང་ཁུལ་དུ་གོ་གནས་ངེས་ཅན་བཟུང་ཡོད་ལ། བཙན་པོའི་རྒྱལ་རབས་ཀྱི་དར་རྒྱས་དང་གོང་འཕེལ་ལའང་རང་ནུས་ཅི་ལྕོགས་བྱས་ཡོད་པས། མགར་ཚང་གི་དབང་ཤུགས་ནི་ཅིས་ཀྱང་སྟོབས་ཅན་དུ་འགྱུར་སྲིད་པ་ཞིག་ཡིན། གསུམ་པ། ཕྱི་རབས་ཀྱི་ལོ་རྒྱུས་སྦྱོང་མཁན་གུས་མོ་ང་རང་དུས་རབས་ཉེར་གཅིག་པའི་དུས་འདི་ནས་ལངས་ཏེ། སྤྱི་ལོ་དུས་རབས་བདུན་པའི་བར་སྐབས་ཀྱི་མེས་པོའི་ལོ་རྒྱུས་བཀླགས་པ་ན། ཆེ་ས་ནས་སྤུར་རྒྱལ་བཙན་པོ་ཡོངས་ཀྱི་དར་རྒུད་དང་། ཆུང་ས་ནས་མགར་ཚང་གི་ཁྱིམ་རྒྱུད་ཀྱི་དར་རྒུད་གང་ཡིན་རུང་། དར་བའི་ཐ་མ་ནི་རྒུད་པའི་ཆོས་ཉིད་ལས་མ་འདས་པར་སེམས་སོ། །
ཤེལ་དཀར་ཚེ་སྒྲོན། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་2017ལོའི་ཞིབ་འཇུག་སློབ་མ།