རི་བོ་བྱ་རྐང་ནི་རང་རྒྱལ་གྱི་AAAAཅན་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཡིན་ལ། དེ་ལ་ཡ་གླིང་ལྷོ་མ་དང་ཡ་གླིང་ཤར་ལྷོའི་ནང་བསྟན་གྱི་གནས་མཆོག་ཅེས་འབོད་བཞིན་ཡོད་ཅིང་། རང་རྒྱལ་གྱི་མིང་དུ་གྲགས་པའི་ནང་པ་སངས་རྒྱས་པའི་གནས་རི་ཆེན་པོ་བཅུའི་ཡ་གྱལ་ཡིན། དེ་མ་ཟད་ཡུན་ནན་གྱི་ཡུལ་སྐོར་དར་ཡོད་སའམ་མཛེས་ལྗོངས་ཁུལ་ཆེས་མང་བའི་འཇང་གི་ས་ཆའི་ཡུལ་སྐོར་རྟེན་གནས་གཙོ་གྲས་ཤིག་ཡིན་ལ། ནང་པ་སངས་རྒྱས་པའི་མཇལ་སྐོར་དང་མཛེས་ལྗོངས། རིག་གནས་ཉམས་ཞིབ་སོགས་གཞི་གཅིག་ཏུ་འདུས་པའི་གནས་མཆོག་ཏུ་གྱུར་པ་ཞིག་ཡིན་པར་མ་ཟད། རི་བོ་བྱ་རྐང་ཞེས་པའི་མིང་དེ་ཅི་ལྟར་ཐོགས་པ་ཡིན་ཞེ་ན། རི་རྒྱུད་དེ་རི་རྒྱུད་གསུམ་དུ་གྱེས་ནས་མཁའ་ནས་བལྟས་པ་ཙམ་གྱི་བྱ་ཕོའི་རྐང་བ་དང་འདྲ་བས་མཚན་ལ་དེ་ཐོགས་ཤིང་། ཀྲུང་གོའི་ནང་ཁུལ་གྱི་རྒྱ་བརྒྱུད་ནང་བསྟན་དང་བོད་བརྒྱུད་ནང་བསྟན་གཉིས་མཉམ་གནས་བྱས་ཡོད་པའི་གདན་ས་ཆེན་པོ་ཞིག་ཡིན་ལ། བསམ་གཏན་པའི་མཆེད་ཁུངས་གཙོ་བོ་རེད།
རི་བོ་བྱ་རྐང་ཅིའི་ཕྱིར་སྐད་བརྒྱུད་མི་གཅིག་པའི་སངས་རྒྱས་ཆོས་ལུགས་པས་དད་བཀུར་བྱེད་པ་ཡིན་ནམ། ངོ་སྤྲོད་བྱས་པར་གཞིགས་ན། སྐད་བརྒྱུད་ཆེན་པོ་གསུམ་གྱི་སངས་རྒྱས་ཆོས་ལུགས་ཀྱི་གསུང་རབ་ཚང་མར་གསལ་པོར་ལུང་བསྟན་པ་ནི་སྟོན་པ་ཤཱཀྱ་ཐུབ་པའི་ཉེ་བའི་སྲས་ཆེན་འོད་སྲུང་གིས་རི་བོ་བྱ་རྐང་གི་“ཧྭ་ཧྲིག་མིན་”དུ་སངས་རྒྱས་ཀྱི་ན་བཟའ་དང་ལྷུང་གཟེད་མཆོད་འབུལ་བྱས་ཏེ་ཏིང་ངེ་འཛིན་དུ་བཞུགས་ཏེ། རྗེ་བཙུན་བྱམས་པ་མགོན་པོ་བྱོན་པར་རེ་སྒུག་བྱས། རི་བོ་བྱ་རྐང་གི་གསེར་ཏོག་མཆོད་རྟེན་དུ་ཤཱཀྱ་མུ་ནེའི་ཚ་བོའམ་སྲས་ཆེན་ཀུན་དགའ་བོའི་ན་བཟའ་ལྷུང་གཟེད་མཆོད་འབུལ་གནང་ཡོད། བཤད་རྒྱུན་ལ་ས་གནས་དེ་གར་དད་ལྡན་པ་ལ་དངོས་གྲུབ་ཆེན་པོ་ཐོབ་ཐུབ། མི་རིགས་རིག་གནས་མཉམ་འདྲེས་ཀྱི་ངོས་ནས་བལྟས་ན། ཡུན་ནན་ཏ་ལིའི་རི་བོ་བྱ་རྐང་དུ་གནས་པའི་ཡུན་ནན་ནུབ་ཀྱི་ཇ་རྟའི་གནའ་ལམ་གྱི་བསྣོལ་མཚམས་སུ། ཀྲུང་ཧྭའི་དབུས་རྒྱུད་རིག་གནས་དང་མཚོ་བོད་མཐོ་སྒང་གི་རིག་གནས། ཨེ་ཤེ་ཡ་ལྷོ་མ། ཨེ་ཤེ་ཡ་ཤར་ལྷོའི་རིག་གནས་བཅས་གནའ་ནས་བཟུང་འཆམ་མཐུན་མཉམ་འདྲེས། མཉམ་གནས་ཀྱི་རྣམ་པ་ཆགས་པས་ཐུན་མོང་གི་ངག་རྒྱུན་ཡོད་པ་ལ་ཡ་མཚན་སྐྱེ་དགོས་དོན་མེད། དཔེར་ན། རི་བོ་བྱ་རྐང་རྒྱུད་ཀྱི་པའེ་རིགས་ལ་བོད་ཀྱི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་པས་《 གསེར་བྱའི་གེ་སར་སྒྲུང་།》དར་ཁྱབ་བྱུང་ཡོད། གཙོ་རིའི་ལྷོ་ངོས་སུ་རང་བྱུང་གི་བྲག་ཕུག་ཆེན་པོ་ཞིག་ཡོད་པ་དེ་ནི་འོད་སྲུང་གིས་ན་གཟའ་གསོལ་ནས་སྒོམ་ལ་བཞུགས་གནས་ཡིན་པར་གྲགས། མདུན་ངོས་སུ་མཆོད་རྟེན་གཉིས་ཡོད་ལ། དེ་དག་གི་མཐོ་ཚད་ལ་སྨི་བཞི་ཡོད། དེ་དག་མིང་རྒྱལ་རབས་ཀྱི་ཝན་ལི་ཁྲི་ལོའི་སྐབས་སུ་བཞེངས་པ་ཡིན་ལ། དུས་ད་ལྟ་ཡང་བདག་གཉེར་ཡག་པོ་བྱས་འདུག ཐང་རྒྱལ་རབས་ཀྱི་སྐབས་སུ་དབེན་པའི་གནས་འདི་ལ་ཆོས་འཆད་ཉན་ཤིན་ཏུ་དར་ཤིང་། ཡོན་རྒྱལ་རབས་དང་མིང་རྒྱལ་རབས་ཀྱི་སྐབས་སུ་རི་བོ་བྱ་རྐང་གི་སྟེང་ལ་ཞི་བ་འོད་ཀྱི་དགོན་པ་གཙོ་བྱས་པའི་དགོན་མ་ལག་8དང་ཆོས་འཆད་ཉན་གྱི་བཤད་གྲྭ་71ལྷག་བཙུགས། ཆིང་རྒྱལ་རབས་ཀྱི་གོང་མ་ཀོང་ཞུའུ་ཡིས་སྐབས་སུ། རི་བོ་བྱ་རྐང་གི་སངས་རྒྱས་ཀྱི་བསྟན་པ་རབ་ཏུ་དར་ནས་ལྷ་མཆོད་དགོན་གྱི་ལྟེ་བ་བྱས་པའི་དགོན་པ་36དང་ལྷ་ཁང་72སོགས་ཁྱོན་དགོན་མ་ལག་108ཀྱི་མཛད་པ་ཅན་ཞིག་ཏུ་ཆགས་ཤིང་། གྲྭ་བཙུན་གྱི་ཁ་གྲངས་སྟོང་གཉིས་གསུམ་ལ་སླེབས།
རི་བོ་བྱ་རྐང་གི་རི་རྩེའི་མཚོ་འཕགས་སྨི་སྟོང་3320ཡིན་ལ། རི་འདབས་ཀྱི་མཚོ་འཕགས་སྨི་1440ཡིན་པས་བར་ཁྱད་སྨི་1900ལྷག་ཡོད་ལ། རི་མགོ་དང་རི་འདབས་བར་གྱི་ནམ་ཟླ་ལ་འགྱུར་བ་ཆེན་པོ་ཡོད། སྔོ་ཁེབས་ཀྱི་ཕྱོགས་ནས་གླེང་ན་ཚ་ཁུལ་བར་མ་དང་དྲོད་ཁུལ་སྐམ་སའི་རང་བཞིན་གྱི་སྔོ་རྒྱུ་ཡོད་ལ། དཔྱིད་དུས་དང་དབྱར་དུས་སུ་རི་མགོ་འཛེགས་ན་ན་བུན་དང་མེ་ཏོག་གིས་མཛེས་ལྗོངས་མཐོང་ཐུབ་ལ། ལྷག་པར་དུ་ཆར་རྗེས་སུ་རི་ཀླུང་ཀུན་དུ་རང་བྱུང་ཁམས་ཆེན་པོའི་དྲི་ཞིམ་གྱིས་ཁེངས་འདུག མིང་རྒྱལ་རབས་ཀྱི་སྐབས་སུ་རང་རྒྱལ་གྱིས་ས་ཁམས་རིག་པར་བྱས་རྗེས་འགངས་ཆེན་བཞག་པའི་ས་གཤིས་རིག་པ་བ་དང་ཡུལ་སྐོར་པ། རིག་གཞུང་ཁྱུ་མཆོག་ཞའེ་ཞ་ཁེ་ཐེངས་གཉིས་ལ་རི་བོ་བྱ་རྐང་དུ་སླེབས་ཤིང་། གནས་འདི་ནས་ཁོས་རི་བོ་བྱ་རྐང་གི་ལོ་རྒྱུས་དེབ་ཐེར་ཐོག་དང་པོར་བྲིས། ཁོ་རང་གནམ་གྱི་ཀ་བ་ལྟ་བུའི་རི་རྩེར་འགོས་ནས་ཤར་གྱི་ཉི་ཤར་དང་ནུབ་ཀྱི་མཚོ་མོ། ལྷོ་ཡི་སྤྲིན་པ། བྱང་གི་ཁ་བ་དཀར་པོ་བཅས་ལ་གཟིགས་ནས་རང་དབང་མེད་པར་ངག་ནས་ཤར་གྱི་ཉི་ཟེར། ནུབ་ཀྱི་མཚོ་མོ། བྱང་གི་གངས་རི། ལྷོ་ཡི་སྤྲིན་པ་འདི་དག་འཛོམས་པ་ཨེ་མ་རྨད། གནས་གང་ཞིག་ཏུ་འདི་དག་ཁྲོད་ནས་མཛེས་པ་གཅིག་མཐོང་ན་མཆོག་ཏུ་གྱུར་བ་ཡིན་མོད། གནས་འདིར་ཡོངས་སུ་འཛོམས་འདུག་ཅེས་གསུངས་མྱོང་།
ལོ་རྒྱུས་ཡིག་ཆ་ལྟར་ན། ཧྲུའུ་ཧན་རྒྱལ་རབས་ཀྱི་སྐབས་སུ་གནས་འདིར་ནང་པའི་བསྟན་པ་དར་ཡོད་ལ། དེ་དུས་ལྷ་ཁང་ཡོད་པར་གྲགས། ཐང་རྒྱལ་རབས་ཀྱི་སྐབས་སུ་ 《 ཐང་ཟན་ཙང་གི་ལམ་ཡིག།》ལས། རྡོ་རྗེ་གདན་ནས་ཤར་ཕྱོགས་སུ་ནགས་ཚལ་ཆེན་པོ་བརྒྱུད་དེ་ལེ་བར་བརྒྱ་ལྷག་ཙམ་ན་ཡོད་པར་གསུངས། གནས་དེ་ནི་ཉན་ཐོས་འོད་སྲུང་ཆེན་པོ་འགོག་པ་ལ་སྙོམས་པར་ཞུགས་ཏེ་སངས་རྒྱས་བྱམས་པ་མ་བྱོན་གྱི་བར་དུ་མྱ་ངན་ལས་མི་འདའ་བར་བྱིན་གྱིས་བརླབས་ཏེ་བཞུགས་པའི་གནས་བྱིན་རླབས་ཅན་ཞིག་ཡིན། རི་རྩེར་མཆོད་རྟེན་དུས་བཟང་རྣམས་ལ་འོད་འཕྲོ་བ་ཞིག་ཡོད་ལ། ནགས་ཚལ་སྟུག་པོས་ཁེངས་ཞིང༌། གཅན་གཟན་སྣ་ཚོགས་རྒྱུ་བའི་གནས་ཡིན་པས་འགྲུལ་ལམ་ཆད་ནས་ལོ་མང་པོར་སོང་ཟིན་སྟབས། རྒྱལ་པོས་འཁོར་གསུམ་དང་མདུང་རལ་ཐོགས་པའི་མི་སུམ་བརྒྱ་ཙམ་ལམ་སྲུང་དུ་བཏང་སྟེ། དད་ལྡན་ཁྲི་ལྷག་ཙམ་རྗེས་སུ་འབྲངས་ནས་མཇལ་བར་བསྐྱོད་ཀྱང༌། རི་ངོས་སུ་འཛིན་ས་དཀའ་བའི་རྐྱེན་གྱིས་རི་རྩེར་མི་སུམ་སྟོང་ཙམ་མ་གཏོགས་མ་ཐར་ཞེས་གསལ། འོད་སྲུང་སྐུ་འཚོ་བཞུགས་དུས་སྐབས་དེ་རྒྱ་གར་གྱི་མ་ག་ངྷ་རྒྱལ་རབས་ཀྱི་དུས་སྐབས་ཡིན་ལ། འདི་ལས་ནང་བསྟན་ཀྲུང་གོའི་ནང་ལོགས་སུ་དར་བའི་ལོ་རྒྱུས་ཡིག་ཆ་སྔ་ཤོས་སུ་གྲགས། མིང་རྒྱལ་རབས་ཀྱི་སྐབས་སུ་རི་བོ་བྱ་རྐང་གི་གནས་འདི་ལ་གྲྭ་བཙུན་མང་པོ་བཞུགས། ནང་པའི་བསྟན་པ་དར་བའི་རྩེ་ལ་སོན་པར་གྲགས།
ནང་བསྟན་དེ་རི་བོ་བྱ་རྐང་ནས་འཕེལ་རྒྱས་བྱུང་བ་འདི་ཡང་། གནའ་བོའི་དུས་སུ་རང་རྒྱལ་གྱི་སྲིད་འཛིན་ས་ཁུལ་ལྷོ་ཕྱོགས་སུ་ཡོད་པ་དང་འབྲེལ་བ་ཡོད་ལ། སུང་ལྷོ་མའི་ཆབ་སྲིད་ཀྱི་ལྟེ་བ་ལྷོ་ལ་སྤོར་བ་དང་བསྟུན་ནས་རི་བོ་བྱ་རྐང་ཞེས་པ་དེ་ཀུན་ལ་གསལ་ཆ་ཡོད་པར་གྱུར་ཞིང་། མིང་རྒྱལ་རབས་ཀྱི་སྐབས་སུ་དེའི་མཚན་སྙན་རྩེར་སོན། དེ་མིན་གནས་འདིའི་ཁོར་ཡུག་མཛེས་ལ་ལྷག་པར་དུ་ལྷིང་འཇགས་ཡིན་པས་ནང་པའི་ཆོས་པ་དག་གི་སེམས་ཁམས་དང་མཐུན་པའི་དབེན་གནས་ཡང་དག་ཅིག་ཡིན་པ་སོགས་ཀྱི་རྒྱུ་རྐྱེན་གང་མང་གིས་ནང་བསྟན་རིག་གནས་ཆེས་ཆེར་དར་བའི་རྒྱུ་རུ་གྱུར།
ལྷག་པར་དུ་ཉེ་བའི་ལོ་འགའི་རིང་འགྲིམ་འགྲུལ་སྟབས་བདེ་བ་དང་འཚོ་བའི་ཆུ་ཚད་གོང་འཕེལ་དུ་སོང་བ་དང་བསྟུན་ནས། དད་ལྡན་མང་ཚོགས་མང་པོ་མཇལ་སྐོར་དུ་འགྲོ་རྒྱུའི་ཚ་རླབས་ཤིག་འཕྱུར་བཞིན་ཡོད་ལ། དེ་མིན་ལོ་རེའི་ལོ་རྟགས་དང་འབྲེལ་ནས་གནས་རི་འགངས་ཆེན་དག་ལ་ལེ་བར་བརྒྱ་ཕྲག་གི་ལམ་ལ་མ་འཛེམ་པར་འགྲོ་བཞིན་ཡོད་ལ། 2017ལོ་ལ་མཚོན་ན་བྱ་ལོ་ཡིན་ལ། རི་བོ་བྱ་རྐང་དང་དཀར་མཛེས་ཁུལ་སྟོང་སྐོར་གནས་རིར་མཇལ་སྐོར་དུ་འགྲོ་མཁན་ཤིན་ཏུ་མང་ངོ་། །