བློ་བཟང་སྐལ་ལྡན་ནི་སྤྱི་ལོ1981ལོར་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དར་མདོ་རྫོང་གི་ཞིང་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས། 2006ལོར་ཁྲེང་ཏུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས་སྡེ་དགེ་རྫོང་བོད་སྨན་ཁང་དུ་ལས་བགོས་བྱས་ཏེ་ལོ་གསུམ་རིང་སྨན་པའི་བྱ་བ་གཉེར། 2009ལོར་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱིས་སྤྱི་བདེ་ཉེན་རྟོག་པ་བསྡུ་ལེན་ཁྲོད་སྦྱངས་སྐར་བཟང་པོར་བླངས་ཏེ་རྒྱུགས་འཕྲོད་རྗེས། རང་ཉིད་ཀྱི་འདོད་བློ་དང་ཅུས་ཏང་ཨུས་བཀོད་སྒྲིག་འོག་དཀར་མཛེས་རྫོང་མཁར་དང་ཆེས་ཐག་རིང་པའི་འཁྱག་ལུང་ཡུལ་ཤོག་མངགས་གཏོང་ཁང་དུ་ལས་བགོས་བྱས་ཡོད། 2014ལོའི་ཟླ་བ་དང་པོར་འཁྱག་ལུང་ཡུལ་ཤོག་མངགས་གཏོང་ཁང་གི་སུའོ་ཀྲང་གི་འགན་བཞེས། 2016ལོའི་ཟླ་བ6པར་ཚྭ་ལུང་ཡུལ་ཤོག་མངགས་གཏོང་ཁང་སུའོ་ཀྲང་གི་འགན་བཞེས། 2017ལོའི་ཟླ་བ3པ་ནས་ད་བར་དཀར་མཛེས་རྫོང་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་ཚྭ་ལུང་ཡུལ་ཤོག་མངགས་གཏོང་ཁང་གི་སུའོ་ཀྲང་གི་འགན་བཞེས་བཞིན་ཡོད།
ཁོང་སྤྱི་བདེའི་ལས་དོན་ལ་ཞུགས་པ་ནས་བཟུང་མི་ལོ་བཅུ་གཅིག་གི་ལོ་ཟླ་རིང་མོའི་ཁྲོད་མཚོ་འཕགས་སྨི3980ཡོད་པའི་ཟླ་ཐང་པ་རྩྭ་ཐང་དུ་རང་ནུས་ཅི་ལྕོག་གིས་ལས་དོན་བསྒྲུབས་མཐར་སྔ་རྗེས་སུ་དཀར་མཛེས་རྫོང2011ལོ་འཁོར་གྱི་ཟླ་ཐང་པ་ཡུག་ཁུལ་དྲག་རྡུང་བཅོས་སྐྱོང་ལས་དོན་གྱི་སྔོན་ཐོན་མི་སྒེར་དང་དཀར་མཛེས་རྫོང་སྤྱི་བདེ་ཅུས2011ལོ་འཁོར་གྱི་སྔོན་ཐོན་མི་སྒེར། དཀར་མཛེས་རྫོང་སྤྱི་བདེ་ཅུས2013ལོའི་ལོ་འཁོར་གྱི་སྔོན་ཐོན་མི་སྒེར། 2017དང2018ལོར་དཀར་མཛེས་རྫོང་ཨུ་དང་ཆབ་སྲིད་ཨུ་ཡོན་གྱིས་སྤྲད་པའི་དཀར་མཛེས་རྫོང་གི་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་འཚོལ་བསྡུ་དོ་དམ་ལས་དོན་གྱི་སྔོན་ཐོན་མི་སྒེར། 2017ལོར་སི་ཁྲོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་། སི་ཁྲོན་ཞིང་ཆེན་སྤྱི་བདེ་ཐིང་གིས་སྤྲད་པའི་སི་ཁྲོན་ཞིང་ཆེན་སྤྱི་བདེ་ཁོངས་གཏོགས་ཀྱི་ཉེན་རྟོག་པ་ཁྲི་ཁྱིམ་ཚང་ཁྲིར་བསྐྱོད་པའི་དམངས་གཅེས་དམངས་རོགས་ཀྱི་སྔོན་ཐོན་མི་སྒེར་སོགས་ཀྱི་གཟེངས་རྟགས་ཐོབ་ཡོད།
དེ་མིན2019ལོར། སི་ཁྲོན་ཞིང་ཆེན་སྤྱི་བདེ་ཐིང་གིས་རིམ་པ་གཉིས་པའི་བྱས་རྗེས་གཟེངས་རྟགས་གནང་བས་མ་ཚད་ཞིང་ཡོངས་སྤྱི་བདེ་མ་ལག་གི་ཁྲི་ཚོ་བརྒྱ་སྟོང་གི་ནགས་གསོའི་ལས་གྲྭའི་དཔེ་བཟང་བྱ་དགའ་དང་། ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ་དང་སི་ཁྲོན་ཞིང་ཆེན་སྤྱི་བདེ་ཐིང་གིས་མིང་མཉམ་འགོད་བྱས་ནས་སྤྲད་པའི་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཉེན་རྟོག་པ་ཡག་ཤོས་ཀྱི་མིང་འདོན་བྱ་དགའ་སོགས་ཐོབ་ཡོད་པ་རེད།
འཁྱག་ལུང་ཡུལ་ཤོག་མངགས་གཏོང་ཁང་ནི་ཞིང་ཆེན་གཉིས༼ སི་ཁྲོན་ཞིང་ཆེན།མཚོ་སྔོན་ཞིང་ཆེན༽ དང་རྫོང་ཁག་ལྔ༼ མགོ་ལོག་ཁུལ་དར་ལག་རྫོང་དང་གསེར་ཐར་རྫོང་། སེར་ཤུལ་རྫོང་། སྡེ་དགེ་རྫོང་། དཀར་མཛེས་རྫོང༽ ཡི་ས་མཚམས་མཚོ་འཕགས་སྨི3980ཡོད་པའི་ཟླ་ཐང་པ་རྩྭ་ཐང་དུ་ཡོད་ཅིང་། དཀར་མཛེས་རྫོང་མཁར་དང་བར་ཐག་སྤྱི་ལེ110ཡོད། དེ་སྔོན་འདི་ནའི་ལམ་མི་བདེ་བ་དང་། གློག་དང་བརྙན་འཕྲིན། བརྡ་རྟགས་སོགས་མེད་པས་ཟ་མ་བཟོ་བ་དང་དྲོད་ལེན་པ་ཚང་མ་ལྕི་བ་བསྲེགས་པར་བརྟེན་དགོས་ཏེ་གང་ཅིའི་ཐད་དཀའ་ངལ་ཅུང་ཡོད་ཀྱང་བློ་བཟང་སྐལ་ལྡན་གྱིས་དེ་ལྟར་བསམ་བློ་གཏོང་གི་མེད། ཁོང་གི་སེམས་ལ་རྩྭ་ཐང་འདི་ཅི་འདྲ་མཛེས་ཤིང་། གངས་རི་འདི་ཅི་འདྲའི་བརྗིད་པ་ཞིག་ཡིན་སྙམ་སྟེ། འདི་གའི་འབྲོག་པར་སློབ་གསོ་ཐོབ་ཚད་དམའ་བ་དང་། འདུ་ཤེས་རྗེས་ལུས་ཡིན་པས། ངེས་པར་དུ་ང་ཚོའི་རོགས་རམ་མཁོ་བ་རེད་སྙམ་ནས་བློ་གཅིག་སེམས་གཅིག་གིས་སྤྱི་བདེའི་ལས་དོན་དང་མང་ཚོགས་ལས་ཀ་བསྒྲུབས་པ་རེད།
ལས་འགན་ཧུར་གྱིས་སྒྲུབ་པའི་ཉེན་རྟོག་པ་ཚད་ལྡན་ཞིག
ཟླ་ཐང་པ་ས་ཁུལ་དེ་ཞིང་ཆེན་གཉིས་དང་རྫོང་ཁག་ལྔ་ཡི་ས་འབྲེལ་མཚམས་ལ་གནས་ཡོད་པས་ལོ་ལྟར་དབྱར་རྩྭ་དགུན་འབུ་འཐུ་བའི་དུས་ཚིགས་སུ་ས་རྩོད་ཆུ་རྩོད་དང་རྒྱག་རེས་འཛིང་རེས། མི་ཤི་རྨས་མ་བཏང་བ་སོགས་སྐྱུག་བྲོ་བའི་གནས་ཚུལ་རྙོག་འཛིང་ཅན་མང་ཞིང་། བློ་བཟང་སྐལ་ལྡན་ལ་མཚོན་ན་དུས་ཚིགས་འདི་ནི་ལས་བྲེལ་ཆེ་ཤོས་དང་དཀའ་ཚེགས་ཆེ་ཤོས་ཀྱི་དུས་ཚིགས་ཤིག་ཡིན་པར་སྨོས་ཅི་དགོས།
ལོ་ལྟར་དབྱར་རྩྭ་དགུན་འབུ་འཐུ་བའི་དུས་ཚིགས་སུ་དཀར་མཛེས་རྫོང་ཨུ་དང་རྫོང་སྲིད་གཞུང་། དཀར་མཛེས་རྫོང་སྤྱི་བདེ་ཅུས་ཀྱི་འགོ་ཁྲིད་རྣམ་པའི་བཀོད་སྒྲིག་འོག་བློ་བཟང་སྐལ་ལྡན་གྱིས་བུ་སྤུན་བཅུ་ཕྲག་ཁ་ཤས་ཁྲིད་དེ་མཚོ་འཕགས་སྨི4200ཡན་གྱི་ཟླ་ཐང་པ་རྩྭ་ཐང་གི་དབྱར་རྩྭ་དགུན་འབུ་འཐུ་ཡུལ་དུ་སྐོར་གཡེང་བྱས་ཏེ་སྤྱི་ལེ་ངོས་གྲུ1600ཡི་དབྱར་རྩྭ་དགུན་འབུ་འཐུ་བའི་ས་ཁོངས་ཀྱི་བདེ་འཇགས་སྒྲིག་ལམ་སྲུང་སྐྱོང་དང་སྔོག་འདོན་བྱེད་མཁན་ཁྲི་ལྷག་གི་མི་ལུས་བདེ་འཇགས་སྲུང་སྐྱོང་བྱས་པ་རེད།
དབྱར་རྩྭ་དགུན་འབུ་འཐུ་ཡུལ་དུ་གསོ་རླུང་དཀོན་པ་དང་བཟའ་རྒྱུ་དཀོན་པ། གློག་མེད་པ། དྲ་བ་མེད་པ། བརྡ་རྟགས་མེད་པ། གནམ་གཤིས་ཞན་པ་སོགས་ཡིན་ཡང་ཁོང་གིས“དབྱར་རྩྭ་དགུན་འབུའི་སྲུང་དམག”ཚོ་ས་ཚུགས5རུ་བགོས་ནས་གནས་འདིར་བཅའ་སྡོད་བྱས་ཤིང་། ཉིན་ལྟར་ཞོགས་པ་གཏེར་ཆུ་ཤེལ་དམ་ཁ་ཤས་དང་རྒྱགས་ཁྱེར་ནས་གང་སར་སྐོར་གཡེང་དང་སྐོར་ཞིབ་བྱས་ཏེ་རྩོད་གཞི་སྣ་ཚོགས་ཀྱི་མགོ་འབུས་མ་ཐག་དང་གྱོད་གཞིའི་མི་མངོན་པའི་རྐྱེན་ངན་ཐག་གཅོད་བྱས་ཏེ་མཚན་གུང་བར་དུ་ས་ཚུགས་སུ་ལོག་མི་ཐུབ་པ་རེད།
སྐབས་དེར། ཁོང་གིས་གཞེས་ནིང་ལོར་དབྱར་རྩྭ་དགུན་འབུ་འཐུ་དུས་མི་བསད་པའི་ཉེས་གསོག་དོགས་ཅན་ཤེས་ཆེ་གེ་མོའི་ལུང་ཀྲེན་གོང་མ་ས་ཚུགས་ཀྱི་ཆུ་ངོགས་སུ་ཡོད་པ་ཤེས་རྟོགས་བྱུང་རྗེས། གོ་སྐབས་དམ་འཛིན་གྱིས་ཉེན་རྟོག་པ་ཁ་ཤས་དང་མཉམ་དུ་སྒོ་ཁར་སོང་ནས་གནས་ཚུལ་བཤད་པས་ན། ཤེས་ཆེ་གེ་མོས་སེམས་ཀྱི་གནོན་ཤུགས་ཆེན་པོ་བཟོད་བསྲན་མ་ཐུབ་པར་མེ་མདའ་ཁྱེར་ནས་རང་ཉེས་རང་ཞུ་བྱས་ཡོད།
བློ་བཟང་སྐལ་ལྡན་གྱིས་སྤོབས་པ་དང་ཡིད་ཆེས་བརྟན་པོའི་ངང་རང་ཉིད་ནི་རྒྱལ་ཁབ་མདུན་སྐྱོད་ཀྱི་གོམ་འགྲོས་དང་བསྟུན་ནས་བོད་རིགས་ས་ཁུལ་དང་། བོད་རིགས་ས་ཁུལ་གྱི་སྤྱི་བདེའི་ལས་དོན་དང་མཉམ་དུ་འཚར་ལོངས་དང་ཡར་རྒྱས་འགྲོ་བཞིན་ཡོད། འཚར་ལོངས་དེ་རིགས་ལས་ངེད་བློ་བདེ་པོ་དང་བློ་རྩ་བརྟན་པོ་བྱུང་སོང་ཞེས་བཤད།
དམངས་དོན་སེམས་སུ་བཅངས་པའི་ལས་བྱེད་པ་བཟང་པོ་ཞིག
ཡ་མཚན་པ་ཞིག་ལ། འདི་ནའི་འབྲོག་པ་ཚོ་རེ་ཞིག་དར་རྒྱས་བྱུང་ཚེ་མིང་གཞན་ཞིག་ཏུ་འགྱུར་ངེས་ཡིན་ལ། ནད་ཕོག་པའམ་ཡང་ན་བློ་མི་བདེ་བའི་དོན་དག་ཅིག་ལ་འཕྲད་སྲིད་པས་ན། ཡང་དགོན་པའི་སྤྲུལ་སྐུ་གདན་དྲངས་ནས་རང་ཉིད་ལ་མིང་གཞན་ཞིག་འདོགས་སུ་འཇུག་པ་དང་། སྐྱེས་པ་དང་། ཤི་བ། མནའ་མ་སྟེར་བ་སོགས་ཀྱི་སྐབས་སུ་ཁྱིམ་ཐོ་བརྗེ་རུ་འཇུག་མི་སྲིད། དེས་ན་མངགས་གཏོང་ཁང་གི་རྨང་གཞིའི་ལས་དོན་དང་སྲིད་གཞུང་གི་རོགས་སྐྱོར་ལས་དོན་ཐད་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་ཡོད།
གནས་ཚུལ་དེ་དང་བསྟུན་ནས་བློ་བཟང་སྐལ་ལྡན་དུད་ཚང་རེ་རེར་བསྐྱོད་དེ་བརྟག་དཔྱད་བྱས་ཤིང་། ཁོང་སྐབས་རེར་རྟ་ལ་བཞོན་པ་དང་། སྐབས་རེར་རྐང་ཐང་ལ་བསྐྱོད་ནས་སྤྱི་ལེ་ངོས་གྲུ500ལྷག་ཙམ་ཡོད་པའི་ཁ་ལུང་ཡུལ་ཤོག་གི་གྲུ་ཟུར་རེ་རེར་བསྐྱོད་ཅིང་། སྔ་རྗེས་སུ་དུས་ཡུན་ལོ3ལྷག་ལ་འབད་བརྩོན་བྱས་མཐར་ཁ་ལུང་མངགས་གཏོང་ཁང་ཁོངས་གཏོགས་ཀྱི་མི་འབོར་ཆ་འཕྲིན་མ་ལག་གནད་ལ་འཁེལ་བ་ཞིག་བཙུགས་ཐུབ་པ་རེད། ཁོང་དུས་རྒྱུན་རང་ཉིད་ཀྱི་སྤྱི་བདེ་ལས་དོན་བསྒྲུབས་པ་ཕུད་ད་དུང་འདི་ནའི་འབྲོག་པ་མང་ཚོགས་ལ་ཁྲིམས་ལུགས་དྲིལ་བསྒྲགས་དང་ཤེས་བྱ་སྒྲོག་འགྲེལ། རྩོད་གླེང་མཐུན་འགྲིག་བཅས་བྱས་པས་མ་ཚད་འབྲོག་པའི་མང་ཚོགས་ལ་རིན་མི་ལེན་པར་ནད་བརྟག་བྱས། རྫོང་ཐོག་ལ་འགྲོ་ཐེངས་རེར་ཁོ་ཚོར་ཁྲག་སྨན། མགོ་སྨན། རྨ་སྨན་སོགས་རྒྱུན་སྤྱོད་ཀྱི་སྨན་རྫས་ཁུར་ནས་སྦྱིན་པ་རེད། དེ་མིན། དྲྭ་ལམ་ནས་གཅེས་སེམས་རོགས་སྐྱོར་ཚོགས་པ་འགའ་བཙལ་ནས་འདི་ནའི་དཀའ་ངལ་ཡོད་པའི་གྲྭ་བཙུན་དང་སློབ་མ། དབུལ་ཕོངས་དུད་ཚང་གི་ཁྱིམ་མི་སོགས་ལ་གོས་འདྲ་མིན་དང་སློབ་སྦྱོང་སྤྱོད་ཆས་སོགས་ཐེངས་མང་བྱིན་ཡོད།
བློ་ག་གེ་མོས་ཁྲིམས་འགལ་བྱས་རྗེས་སྤྱི་བདེ་ལས་ཁུངས་ཀྱིས་འཛིན་བཟུང་བྱེད་པར་དོགས་ནས་རྐང་བཙུགས་ནས་རང་ཉིད་ཀྱི་ཕྲུ་གུའི་ཁྱིམ་ཐོ་འགོད་མེད་པས་བྱིས་པ་སློབ་གྲྭར་འགྲོ་མི་ཐུབ་པ་དང་སྨན་བཅོས་འགན་སྲུང་གི་བྱང་བུ་བཟོ་མི་ཐུབ་ཅིང་། རྒྱབ་ཁབ་ཀྱི་དམངས་ཕན་སྲིད་ཇུས་ཁག་ལོངས་སུ་སྤྱོད་མི་ནུས་པའི་དཀའ་ངལ་ལྡན་པས་སྐལ་ལྡན་གྱིས་བྱིས་པའི་ཁྱིམ་ཐོ་འགོད་རོགས་བྱས་ཏེ་བྱིས་པ་སློབ་གྲྭར་འགྲོ་ཐུབ་ཡོད་ཅིང་། བྱ་སྤྱོད་དེས་བློ་ག་གེ་མོའི་བཟའ་ཟླ་ལ་སེམས་འགུལ་ཚད་མེད་ཐེབས་ནས་ལྐོག་ཏུ་བློ་ག་གེ་མོ་དང་འབྲེལ་བ་བྱས་ཏེ་ཨ་ཇོ་སྐལ་ལྡན་ནི་དངོས་གནས་མི་ཡག་པོ་ཞིག་རེད། དགོན་པའི་སྤྲུལ་སྐུ་དང་ཨ་ན་མ་ན་རེད། ཁྱོད་མགོ་བཏགས་ནས་རྗེས་སུ་དྲང་ལམ་དུ་འགྲོ་པའི་མི་བཟང་པོ་ཞིག་བྱས་ན་དགའ་ལེ་རེད་ཅེས་ཡང་ནས་བསྐྱར་དུ་སྐུལ་མ་བཏང་རྗེས། ལོ་ལྔ་རིང་བྲོས་བྱོལ་བྱས་པའི་བློ་ག་གེ་མོས་སྤྱི་བདེ་ལས་ཁུངས་ལ་མགོ་བཏགས་པ་རེད།
བློ་བཟང་སྐལ་ལྡན་གྱིས་དམངས་ཀྱི་དོན་དུ་སེམས་འགུལ་ཐེབས་པའི་བྱ་བ་རེ་རེ་བཞིན་བསྒྲུབས་པས་ན་འབྲོག་པ་མང་ཚོགས་ཀྱི་ཆེས་དགའ་བའི་མི་ཞིག་ལ་གྱུར་ཡོད། དེ་ནའི་འབྲོག་པ་མང་ཚོགས་ཀྱི་དུས་ཆེན་དང་བྱེད་སྒོ་སོགས་གང་ཞིག་སྤེལ་ཡང་ཨ་ཇོ་སྐལ་ལྡན་ཞེས་གདན་འདྲེན་ཞུས་པས་མ་ཚད་ཁ་དྲོ་བཀྲ་ཤིས། ཚེ་རིང་ལོ་བརྒྱ་ཞེས་ཁ་བཏགས་ཕུལ་བ་ནི་རྒྱུན་ལྡན་གྱི་བྱ་བ་ཞིག་ཏུ་ཆགས་པ་རེད། །