“ངའི་བསམ་འཆར་ནི་འབྲེལ་ཡོད་སྡེ་ཁག་གིས་དཔྱིད་ཀའི་རྨོ་འདེབས་ཀྱི་སྐབས་སུ་ཞིང་པ་མང་ཚོགས་ལ་ནས་ཀྱི་སོན་བཟང་སོགས་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་མང་ཙམ་བགོ་བཤའ་རྒྱག་རྒྱུ་དེ་ཡིན།” དེ་ཡང་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་ལྷ་ས་གྲོང་ཁྱེར་དུ་འཚོགས་ཤིང་། ཞིང་ལས་ལས་རིགས་ཚོ་ཆུང་གི་གྲོས་སྡུར་ཐོག་སྲིད་གྲོས་ཨུ་ཡོན་དང་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་རྒྱ་མདའ་ཡུལ་ཚོའི་གོང་གྲོང་གྲོང་ཚོའི་སྡེ་མི་པ་སངས་རྡོ་རྗེ་ཡིས་ས་བོན་འཁྱེར་ནས་ཚོགས་ཆེན་གཉིས་ཀྱི་ཐོག་ཞུགས་པ་རེད། བསམ་འཆར་དེ་ཐོས་རྗེས། སྲིད་གྲོས་ཨུ་ཡོན་ཡིན་པའི་བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གི་ཐིང་ཀྲང་ཏུའུ་ཅེ་ཡིས་སོན་བཟང་དེ་ཞིང་པ་མང་ཚོགས་ཀྱི་ཐོན་སྐྱེད་དང་འབྲེལ་བ་ཡོད་པས། འཕྲལ་མར་ཐག་གཅོད་བྱེད་དགོས་ཞེས་ཡ་ལན་སློག “ས་བོན་མེད་ན་ཞིང་པས་ཞིང་འདེབས་སྐབས་ཅི་ཞིག་འདེབས་དགོས་སམ། གལ་ཏེ་ཁྱོད་ཚོ་ཡང་བསྐྱར་གནས་ཚུལ་འདིའི་རིགས་ལ་འཕྲད་ཚེ་ས་གནས་དེ་གའི་ཞིང་ལས་དང་གྲོང་གསེབ་ཅུས་ལ་སྙན་སེང་ཞུ་བའམ་ཡང་ན་ཐད་ཀར་ང་ལ་ཁ་པར་བཏང་ཆོག
ས་བོན་རྡོག་གཅིག་ལ་བལྟས་ཚོད་ཀྱིས་བརྩི་མཐོང་བྱེད་རིན་མེད་ཀྱང་། གསར་འགོད་པས་ཨུ་ཡོན་ཚོས་སྲིད་གྲོས་ཚོ་ཆུང་གི་གྲོས་བསྡུར་བྱ་ཡུལ་དུ་སོན་བཟང་གི་ལས་དོན་ཐད་ཆུ་ཚོད་ཕྱེད་ཀ་ཙམ་ལ་གྲོས་བསྡུར་བྱས་པ་མཐོང་བྱུང་།
2019ལོའི་ཟླ་3པའི་ཚེས་16ཉིན། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཁུལ་ཐང་དཀར་ཡུལ་ཚོ་ཆུ་མདའ་གྲོང་ཚོས་“ལྕགས་གླང་”ལ་བརྟེན་ནས་དཔྱིད་རྨོ་བྱེད་པའི་རྣམ་པ།
2019ལོའི་ཟླ་3པའི་ཚེས་16ཉིན། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཁུལ་ཐང་དཀར་ཡུལ་ཚོ་ཆུ་མདའ་གྲོང་ཚོའི་དཔྱིད་རྨོ་མཛད་སྒོའི་ཐོག་གི་ས་བོན།
“མི་ཡུལ་དུ་ནས་འབྲུ་ཡོད་པས་འཚོ་བ་ཧ་ཅང་སྐྱིད་པོ་ཡིན།”བོད་ལྗོངས་སུ་ནས་ལ་བསྟོད་གླུ་ཕུལ་བའི་གླུ་གཞས་ཧ་ཅང་མང་པོ་ཡོད། གངས་ལྗོངས་ས་མཐོའི་ཞིང་ཁ་དང་མང་ཚོགས་ཀྱི་གསོལ་ཅོག་སྟེང་ནས་འབྲུ་ནི་མེད་དུ་མི་རུང་བ་ཞིག་ཡིན། གཞི་གྲངས་ལས་མངོན་པ་ལྟར་ན། མིག་སྔར་ནས་ཀྱིས་བོད་ལྗོངས་ཀྱི་ལོ་ཏོག་འབྲུ་རིགས་རིགས་སྤྱིའི་80%ཡན་ཟིན་པ་དང་། འབྲུ་རིགས་ཐོན་འབོར་གྱི་བསྡོམས་གྲངས་ཀྱི་80%ཡས་མས་ཟིན། མི་རེའི་ཆ་སྙོམས་ནས་འཛད་སྤྱོད་བྱེད་ཚད་ཀྱིས་བོད་ལྗོངས་ཀྱི་མི་རེའི་ཆ་སྙོམས་འབྲུ་རིགས་འཛད་སྤྱོད་ཀྱི་སྡུར་ཚད་67%ཟིན་ཡོད།
བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ཚུན་ནས་བཟུང་ནས་ཀྱི་སོན་གསོ་དང་། ནས་ཀྱི་ཚན་ཞིབ། ནས་ཀྱི་ཚན་རྩལ་གསར་གཏོད་སོགས་ཀྱི་ལས་དོན་ལ་གྲུབ་འབྲས་རབ་དང་རིམ་པ་ཐོབ་ནས། ནས་ཀྱི་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐེབས་ཡོད། ཉེ་བའི་ལོ་ཤས་རིང་ནས་ཐོན་འབོར་འཕར་ཚད་ཟམ་མི་ཆད་པར་ཆེ་རུ་ཕྱིན་ནས་2019ལོར་ནས་ཀྱི་ཐོན་ཚད་ཏུན་ཁྲི་80ལས་བརྒལ།
ནས་ཀྱི་ཐོན་འབོར་མུ་མཐུད་དུ་ཇེ་མང་དུ་གཏོང་ཆེད། བོད་ལྗོངས་ཀྱིས་ཆེད་མངགས་ཚན་རིག་ཞིབ་འཇུག་ཚོགས་པ་བཙུགས་ཤིང་། 2016ལོའི་ལོ་མཇུག་ཏུ་བོད་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་པུའུ་རིམ་པས་མཉམ་དུ་བསྐྲུན་པའི་ནས་དང་འབྲི་གཡག་གི་སོན་རྒྱུའི་ཐོན་ཁུངས་དང་རྒྱུད་འཛིན་ལེགས་བཅོས་བྱེད་པའི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་བསྐྲུན་རྒྱུར་ཆོག་མཆན་ཐོབ་པ་དང་། ལོ་གསུམ་གྱི་ནང་དུ་ཚོད་ལྟ་ཁང་གིས་ནས་དང་འབྲི་གཡག་སོན་རྒྱུའི་ཐོན་ཁུངས་གསལ་འབྱེད་གདེང་འཇོག་དང་གསར་གཏོད་བྱས་ཏེ་ནས་ཀྱི་ཆ་རྡུལ་སོན་གསོ་སོགས་ཞིབ་འཇུག་གི་ཁ་ཕྱོགས་སུ་བྱས་ནས་ཐོལ་བརྒལ་མང་པོ་ཞིག་བྱུང་ཡོད།
སྲིད་གྲོས་ཀྱི་ཨུ་ཡོན་ནམ་བོད་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་པུའུ་རིམ་པས་མཉམ་དུ་བསྐྲུན་པའི་ནས་དང་འབྲི་གཡག་གི་གཞི་རྒྱུའི་ཐོན་ཁུངས་དང་རྒྱུད་འཛིན་ལེགས་བཅོས་བྱེད་པའི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་གི་ཀྲུའུ་རེན་གཞོན་པ་ཙེང་ཞིན་ཆོན་གྱིས་ཞིང་ལས་ལས་རིགས་ཚོ་ཆུང་གི་གྲོས་སྡུར་ཐོག་“ནས་13-5171-7གྱི་རིགས་རྒྱུད་གསར་པས་ས་ཆ་མང་པོར་ལོ་མང་པོར་གཞི་ཁྱོན་ཆུང་བའི་དཔེ་སྟོན་བྱས་ཤིང་ཕན་འབྲས་བཟང་པོ་ཐོན་པས་མི་རབས་རྗེས་མར་ཁྱབ་གདལ་གཏོང་རྒྱུའི་ས་བོན་གཙོ་བོ་ཞིག་ཏུ་འགྱུར་རྒྱུའི་རེ་བ་ཆེ”ཞེས་མཚམས་སྦྱོར་གནང་བ་རེད།
ཙེང་ཞིན་ཆོན་གྱིས་འདས་ཟིན་པའི་ལོ་གཅིག་གི་རིང་ལ་ཚོད་ལྟ་ཁང་ནས་བོད་ལྗོངས་སུ་དམིགས་བསལ་དུ་ཡོད་པའི་ནས་ཀྱི་སོན་རྒྱུའི་ཐོན་ཁུངས་སྔོག་འདོན་བྱས་པ་དང་། ནས་ཀྱི་གཞི་རྒྱུའི་ཚོ་ཆུང་གི་པར་ཐེངས་གཉིས་པ་ལེགས་གྲུབ་བྱུང་ནས་ནས་ཀྱི་ས་མཐོའི་འཕྲོད་མཐུན་རང་བཞིན་གྱི་རྐྱེན་རྩ་ལམ་སྲོལ་སྔར་བས་གསལ་སྟོན་བྱས་ཡོད་ཅེས་བཤད།
“ད་ལོར།ང་ཚོས་ལོ་འདི་དག་གི་ཞིབ་འཇུག་གྲུབ་འབྲས་ནས་ཀྱི་བེད་སྤྱོད་སྟེང་བཀོལ་ནས། མདོ་དབུས་མཐོ་སྒང་ནས་སྐྱེས་ཐུབ་ཅིང་ཞིང་འབྲོག་མང་ཚོགས་ཀྱི་དགོས་མཁོ་དང་མཐུན་པའི་ས་བོན་གསོ་སྤེལ་བྱ་རྒྱུ་ཡིན།ང་ཚོས་ཞིབ་འཇུག་གི་གྲུབ་འབྲས་དེ་དག་ནས་ཀྱི་སོན་གསོ་ཐད་སྤྱད་དེ། མདོ་དབུས་མཐོ་སྒང་གི་སྟེང་སྐྱེར་འཚར་བྱེད་ཐུབ་པའི་ས་་ས་མཐོའི་ཐོག་སྐྱེ་འཚར་དང་ཞིང་འབྲོག་མང་ཚོགས་ཀྱི་དགོས་མཁོ་དང་འཚམ་པའི་སོན་བཟང་དེ་བས་མང་བ་སྐྱེད་སྲིང་བྱ་རྒྱུ་ཡིན།” ཙེང་ཞིན་ཆོན་གྱིས་ནས་ཀྱི་སོན་གསོ་ལ་དུས་ཡུན་རིང་པོ་དགོས་ལ་ཞིབ་འཇུག་མི་སྣས་རྒྱུན་ཆད་མེད་པར་ཞིབ་འཇུག་བྱེད་དགོས། འོན་ཀྱང་སོན་བཟང་འདེབས་གསོ་ལེགས་གྲུབ་བྱུང་རྗེས་ནས་ཀྱི་ཐོན་འབོར་འཕར་བ་དང་ཞིང་པའི་ཡོང་སྒོ་འཕར་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་སྤྲོ་སེམས་འཁོལ་བའི་ངང་ནས་བཤད་པ་དང་། ། “དེས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་བདེན་པ་བདེན་ཐུབ་ཀྱིས་ཇེ་མང་དུ་གཏོང་རྒྱུ་རེད། ”ཅེས་འཛུམ་གྱིས་བཤད།
2019ལོའི་ཟླ་8པར་བརྙན་བླངས་པའི་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་སྟོད་ལུང་བདེ་ཆེན་སྣེའུ་ཡུལ་ཚོ་གསང་མདའ་གྲོང་ཚོའི་སྨིན་ཉེར་ཡོད་པའི་ནས་ཀྱི་ཞིང་ཁ་ཡིན།
2019ལོའི་ཟླ་8པའི་ཚེས་28ཉིན། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་སྣེ་གདོང་ཁུལ་ཁྲ་འབྲུག་གྲོང་རྡལ་ཁེ་མའེ་གྲོང་ཚོས་ལོ་ལེགས་བྱུང་བར་བསུ་བ་བྱེད་པའི་ཚུལ་ཡིན།
ས་བོན་གྱི་གླེང་གཞི་དེ་བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཞིང་ལས་ལས་རིགས་ཚོ་ཆུང་གི་གྲོས་སྡུར་ཐོག་ནས་གནས་སྐབས་སུ་མཇུག་འགྲིལ་བ་དང་། པ་སངས་རྡོ་རྗེ་དང་ཏུའུ་ཅེ། ཙེང་ཞིན་ཆོན་སོགས་སྲིད་གྲོས་ཨུ་ཡོན་དང་། བོད་ལྗོངས་ཀྱི་རྒྱ་ཆེའི་ཞིང་ལས་དང་ཚན་རྩལ་ལས་དོན་པ་དང་དེ་བཞིན་ཞིང་འབྲོག་མང་ཚོགས་ཀྱིས་ད་དུང་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་གཏོང་ཆེད་འབད་འཐབ་བྱེད་བཞིན་ཡོད།