ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་ཚན་རྩལ་བྱ་དགའ་སྤྲོད་པའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ་དང་། ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་པ་དང་འབྲེལ་བྱ་དགའ་མཐོ་ཤོས་ཐོབ་མཁན་སོགས་ལ་བྱ་དགའ་སྤྲད་གནང་བ། ལི་ཁེ་ཆང་གིས་གསུང་བཤད་གནང་བ། ཝང་ཧུའུ་ཉིང་ཚོགས་ཆེན་ལ་ཞུགས་པ། ཧན་ཀྲེང་གིས་གཙོ་སྐྱོང་གནང་བ།
སྤྱི་ཚེས་10ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པེ་ཅིང་དུ་རྒྱལ་ཁབ་ཚན་རྩལ་བྱ་དགའ་སྤྲོད་པའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་ཤིང་། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཝང་ཧུའུ་ཉིང་། ཧན་ཀྲེང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོགས་ཆེན་ལ་ཞུགས་པ་དང་འབྲེལ་བྱ་དགའ་ཐོབ་པའི་འཐུས་མིར་བྱ་དགའ་སྤྲད་གནང་བ་རེད། ལི་ཁེ་ཆང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་གསུང་བཤད་གནང་བ་དང་། ཧན་ཀྲེང་གིས་ཚོགས་ཆེན་གཙོ་སྐྱོང་གནང་བ་རེད།
སྔ་དྲོའི་ཆུ་ཚོད་10དང་སྐར་མ་30ཡི་ཐོག་ཚོགས་ཆེན་ནི་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་འགོ་ཚུགས་པ་རེད། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ནས་དང་ཐོག་སྤྱི་ལོ་2019ལོའི་རྒྱལ་ཁབ་ཀྱི་ཚན་རྩལ་བྱ་དགའ་མཐོ་ཤོས་ཐོབ་པའི་དེ་སྔའི་ཀྲུང་གོ་གྲུ་གཟིངས་ལྕི་བའི་བཟོ་ལས་ཚོགས་པ་ཀུང་སིའི་ཞིབ་འཇུག་སོའོ་ཨང་719ཡི་ཡོན་ཧྲེ་ཧོང་ཤུས་ཧྭ་དང་ཀྲུང་གོ་ཚན་རིག་ཁང་རླུང་ཁམས་ཆེན་མོའི་དངོས་ཁམས་ཞིབ་འཇུག་སོའོ་ཡི་ཡོན་ཧྲེ་ཙེང་ཆིང་ཚུན་ལ་གཟེངས་རྟགས་དང་ལག་ཁྱེར་སྤྲད་གནང་བ་དང་ཆབས་ཅིག་སྤྲོ་སེམས་འཁོལ་བའི་ངང་ཁོང་ཚོར་ཕྱག་བཏང་གནང་ནས་བཀྲིས་བདེ་ལེགས་ཞུས་གནང་བ་མ་ཟད། ཁོང་ཚོ་ཀྲུའུ་ཞི་སྟེགས་བུའི་ཐོག་གདན་ཞུ་གནང་ཡོད། དེ་རྗེས་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ནས་བྱ་དགའ་མཐོ་ཤོས་ཐོབ་མཁན་གཉིས་དང་མཉམ་དུ་རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་བྱ་དགའ་དང་། རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་བྱ་དགའ། རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཚན་རིག་ལག་རྩལ་མཉམ་ལས་བྱ་དགའ་བཅས་ཐོབ་མཁན་འཐུས་མིར་ལག་ཁྱེར་སྤྲད་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གསུང་བཤད་གནང་སྐབས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་བྱ་དགའ་ཐོབ་མཁན་ཡོངས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་ལས་དོན་པར་བླ་ན་མེད་པའི་གུས་འདུད་ཞུས་གནང་བ། ཀྲུང་གོའི་ཚན་རྩལ་བྱ་གཞག་ནང་ཞུགས་པ་དང་རྒྱབ་སྐྱོར་ཞུ་མཁན་ཕྱི་རྒྱལ་གྱི་རིགས་གཅིག་མཁས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་རེད།
ལི་ཁེ་ཆང་གིས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70སོང་རིང་། རང་རྒྱལ་གྱི་ཚན་རྩལ་འཕེལ་རྒྱས་ལ་རླབས་ཆེ་ཞིང་འོད་སྟོང་འབར་བའི་གྲུབ་འབྲས་ཐོབ་ཡོད། ན་ནིང་རང་རྒྱལ་གྱི་ཚན་རྩལ་བྱ་གཞག་ལ་སླར་ཡང་གྲུབ་འབྲས་བཟང་པོ་ཐོབ་པ་དང་། རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་ལྡན་པའི་གྲུབ་འབྲས་ཁག་གཅིག་ཐོབ་པ། དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱ་རྒྱུ་གཏིང་ཟབ་ཏུ་ཕྱིན་པ། སྒུལ་ནུས་གསར་པ་རྒྱུན་མཐུད་དང་མགྱོགས་མྱུར་ངང་སྐྱེད་སྲིང་ཐུབ་ཡོད། ད་ལོ་ང་ཚོས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཚར་བ་བྱེད་པ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ་བྱ་རྒྱུ་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱ་རྒྱུ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལ་གཞིགས་པ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། ཚན་རྩལ་དང་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་མགྱོགས་སུ་བཏང་སྟེ། དཔལ་འབྱོར་འཁོར་སྐྱོད་དེ་ལུགས་མཐུན་གྱི་བར་ཁམས་སུ་རྒྱུན་འཁྱོངས་ཐུབ་རྒྱུ་དང་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བར་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱེད་དགོས་ཞེས་གསུངས་པ་རེད།
ལི་ཁེ་ཆང་གིས། རྨང་གཞིའི་ཞིབ་འཇུག་གི་ཚན་རྩལ་གསར་གཏོད་འདིའི་རྨང་གཞི་བརྟན་དུ་གཏོང་དགོས། ནོར་སྲིད་ཀྱིས་རྒྱབ་སྐྱོར་བརྟན་པོ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁེ་ལས་སོགས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱིས་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱེད་པ། གྲོན་དངུལ་འགན་སྲུང་དང་། གྲུབ་འབྲས་གདེང་འཇོག ཤེས་ལྡན་མི་སྣར་སྐུལ་ལྕག་གཏོང་བའི་སྒྲིག་གཞི་འཐུས་ཚང་དུ་གཏོང་བ། ཆོས་ཉིད་ལ་བརྩི་འཇོག་དང་། ཕམ་ཉེས་བྱུང་བར་བཟོད་སྒོམ། ཚན་ཞིབ་མི་སྣས་བློ་རྩེ་གཅིག་སྒྲིམ་ངང་བརྩོན་ཞིབ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། གསར་གཏོད་གྲུབ་འབྲས་སྔར་ལས་མང་བ་གསར་སྐྲུན་བྱེད་པ། མེད་པ་ནས་ཡོད་པ་བར་གྱི་གསར་རྩོམ་གྲུབ་འབྲས་སྔར་ལས་མང་བ་གཏོད་དེ་རྐུབ་སྟེགས་གྲང་མོའི་ཐོག་ལོ་བཅུ་སྡོད་པ་ལྟ་བུའི་བློ་རྩེ་གཅིག་ཏུ་གཞོལ་བར་གཟེངས་བསྟོད་དེ་བས་མང་བ་ཐོབ་པ་བྱེད་དགོས། དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོར་འཕྲལ་མཁོ་ཆེ་བའི་ཚན་རྩལ་གསར་གཏོད་ཀྱི་ཤུགས་རྒྱག་སར་དམ་པོར་གཞིགས་དགོས་པ་དང་། ཐོན་ལས་རིམ་སྤོར་གྱི་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་དང་གྲུབ་འབྲས་གཞན་སྒྱུར་བྱེད་མགྱོགས་སུ་བཏང་ནས། ཐོན་ལས་གསར་པ་དང་ལས་རྣམ་གསར་པ་དེ་བས་མང་བ་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། ནད་གཞི་ཚབས་ཆེན་སྔོན་འགོག་ཚོད་འཛིན་དང་ཁོར་ཡུག་བཅོས་སྐྱོང་སོགས་ཀྱི་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་སྟེ། ལག་རྩལ་དེ་ཉིད་མང་ཚོགས་ཀྱི་འཚོ་བ་དང་ཐག་ཉེ་བ་དང་། གསར་གཏོད་ཀྱིས་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཞེས་གསུངས་པ་རེད།
ལི་ཁེ་ཆང་གིས། ཚན་རྩལ་གསར་གཏོད་ཀྱི་སྣོད་བཅུད་ལེགས་སུ་གཏོང་དགོས། ཁེ་ལས་ཀྱི་ལག་རྩལ་གསར་གཏོད་ཀྱི་བྱེད་པོའི་ནུས་པ་འདོན་སྤེལ་དང་། ཞིབ་འཇུག་གསར་སྤེལ་གྱི་འགྲོ་གྲོན་སྣོན་རྩིས་འཕྲི་འཐེན་སོགས་ཁྲལ་འཕྲི་རིན་གཅོག་གི་སྲིད་ཇུས་དོན་འཁྱོལ། ཤེས་བྱའི་ཐོན་དབང་ལ་བརྩི་འཇོག་དང་སྲུང་སྐྱོང་བཅས་བྱས་ནས། ཁེ་ལས་ཀྱི་གསར་གཏོད་ནུས་པ་དང་འདོད་འདུན་ཆེ་རུ་གཏོང་དགོས། དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱ་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། ཁེ་ལས་ཆེ་འབྲིང་ཆུང་གསུམ་དང་། མཐོ་རིམ་སློབ་གྲྭ། ལས་གཏོད་པ་དཀྱུས་མ་བཅས་རྒྱུན་འཁོར་གསར་གཏོད་དང་ཐོན་སློབ་ཞིབ་སྤྱོད་གཞི་གཅིག་ཅན་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། གསར་གཏོད་ཀྱི་སྤྱི་ཡོངས་ཕན་ནུས་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།
ལི་ཁི་ཆང་གིས། ཚན་རྩལ་གསར་གཏོད་ཀྱི་ནང་གནས་སྒུལ་ཤུགས་ཆེ་རུ་གཏོང་དགོས། གློད་སྡོམ་ཞབས་གསུམ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཚན་ཞིབ་དོ་དམ་གྱི་ཤར་གཏོང་བགྲོད་ལམ་དང་རྣམ་གྲངས་འགྲོ་གྲོན་བེད་སྤྱོད་ཀྱི་འགན་གཙང་ལམ་ལུགས་ཚོད་ལྟ་བྱེད་རྒྱ་ཆེ་རུ་གཏོང་དགོས། ཚན་རྩལ་གྲུབ་འབྲས་དང་ཤེས་ལྡན་མི་སྣར་གདེང་འཇོག་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཤེས་ལྡན་མི་སྣའི་ལོ་ཚད་དང་ཐོབ་ཐང་། རྒྱབ་ལྗོངས་བཅས་གང་ཡིན་ལ་མ་བལྟོས་པར། ཚང་མར་ཕྱོགས་རིས་མེད་པ་དང་འཇོན་ཐང་ཁོ་ན་གཙིགས་སུ་འཛིན་ནས། གསེར་གྱི་འོད་ཟེར་འཕྲོ་རུ་འཇུག་དགོས། ཚན་རིག་མཁས་པའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཚན་ཞིབ་ཡིད་རྟོན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ན་གཞོན་ཤེས་ལྡན་མི་སྣས་འགན་གཙོ་བོ་འཁུར་རྒྱུར་གོ་སྐབས་སྔར་ལས་མང་བ་བསྐྲུན་རྒྱུར་མཐོང་ཆེན་བྱེད་དགོས། རྒྱལ་སྤྱིའི་གསར་གཏོད་མཉམ་ལས་རྒྱ་སྐྱེད་བཏང་སྟེ། རྒྱལ་ཁབ་ཁག་གི་ཚན་རྩལ་མི་སྣ་ཀྲུང་གོར་ཡོང་ནས་སྤེལ་རེས་དང་། ཁེ་ལས་ཀྲུང་གོར་ཡོང་ནས་འཕེལ་རྒྱས་ཡོང་བར་སྟབས་བདེ་བསྐྲུན་དགོས་ཞེས་གསུངས་ཡོད་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་གིས་ཚོགས་ཆེན་གཙོ་སྐྱོང་གནང་སྐབས་གསར་སྐྲུན་གྱི་སྙིང་སྟོབས་ནི་ཀྲུང་ཧྭ་མི་རིགས་ཀྱི་མངོན་གསལ་དོད་པའི་རང་གཤིས་དང་། དུས་རབས་གང་ཞིག་ལའང་མེད་ཐབས་མེད་པའི་སྙིང་སྟོབས་ཀྱི་ཁྱད་ཆོས་ཤིག་ཡིན། རྒྱ་ཆེའི་ཚན་རྩལ་ལས་དོན་པས་བྱ་དགའ་ཐོབ་མཁན་ཚོ་མིག་དཔེར་འཛིན་པ་དང་། གསར་སྐྲུན་གྱི་སེམས་ཤུགས་དང་ཆོད་སེམས་བརྟན་དུ་བཏང་སྟེ། མི་སྒེར་གྱི་ཕུགས་བསམ་རང་རྟོགས་ངང་རྒྱལ་ཁབ་གོང་འཕེལ་གྱི་བྱ་གཞག་ནང་མཉམ་འདྲེས་ཐུབ་པ་བྱེད་དགོས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེའི་དར་ཆ་མཐོན་པོར་སྒྲེང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་རང་རྟེན་གསར་སྐྲུན་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས་ཞེས་གསུངས་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཧོ་ཡིས་ཚོགས་ཆེན་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱི་ལོ་2019ལོའི་རྒྱལ་ཁབ་ཚན་རྩལ་བྱ་དགའ་སྤྲོད་རྒྱུའི་སྐོར་གྱི་གཏན་འབེབས་སྒྲོག་སྦྱང་གནང་ཡོད།
ཧོང་ཤུས་ཧྭ་དང་། ཙེང་ཆིང་ཚུན་གྱིས་བྱ་དགའ་ཐོབ་མཁན་ཡོངས་ཀྱི་ཚབ་ཞུས་ཏེ་གཏམ་བཤད་སྤེལ་ཡོད།
བྱ་དགའ་སྤྲོད་པའི་ཚོགས་ཆེན་འགོ་མ་ཚུགས་གོང་། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་རྣམ་པས་རྒྱལ་ཁབ་ཀྱི་ཚན་རྩལ་བྱ་དགའ་ཐོབ་མཁན་གྱི་འཐུས་མི་དང་མཇལ་འཛོམས་གནང་བ་མ་ཟད། ཚང་མ་དང་མཉམ་དུ་དྲན་རྟེན་སྐུ་པར་བསྐྱོན་ཡོད།
ཏིང་ཞུའེ་ཞང་དང་། ཞུས་ཆི་ལེང་། ཁྲེན་ཞི། ཧོང་ཁུན་མིང་། ཚའེ་ཏ་ཧྥེང་། ཞའོ་ཅེ། ཧོ་ལི་ཧྥེང་བཅས་ཚོགས་ཆེན་ལ་ཞུགས་གནང་ཡོད།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། དམག་དཔུང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན། རྒྱལ་ཁབ་ཚན་རྩལ་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི། རྒྱལ་ཁབ་ཚན་རྩལ་བྱ་དགའ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། སྤྱི་ལོ་2019ལོའི་རྒྱལ་ཁབ་ཚན་རྩལ་བྱ་དགའ་ཐོབ་མཁན་གྱི་འཐུས་མི་དང་གཉེན་ཉེའི་འཐུས་མི། རྒྱལ་སའི་ཚན་རྩལ་ལས་རིགས་ཀྱི་འཐུས་མི་དང་སློབ་མའི་འཐུས་མི་སོགས་3300ཚོགས་ཆེན་ལ་ཞུགས་གནང་ཡོད།
སྤྱི་ལོ་2019ལོའི་རྒྱལ་ཁབ་ཚན་རྩལ་བྱ་དགའི་ཁོངས་སུ་རྣམ་གྲངས་296དང་ཚན་རྩལ་རིགས་གཅིག་མཁས་པ་12དཔྱད་འདེམས་བྱས་ཡོད། དེའི་ཁྲོད། རྒྱལ་ཁབ་ཀྱི་ཚན་རྩལ་བྱ་དགའ་མཐོ་ཤོས་ཐོབ་པ་2དང་། རྒྱལ་ཁབ་རང་བྱུང་ཚན་རིག་བྱ་དགའ་ཐོབ་པའི་རྣམ་གྲངས་46ཡོད་ཅིང་། དེའི་ཁྲོད་བྱ་དགའ་རིམ་པ་དང་པོ་ཐོབ་པའི་རྣམ་གྲངས་1དང་། བྱ་དགའ་རིམ་པ་གཉིས་པ་ཐོབ་པའི་རྣམ་གྲངས་45ཡོད་པ། རྒྱལ་ཁབ་ལག་རྩལ་གསར་གཏོད་བྱ་དགའ་ཐོབ་པའི་རྣམ་གྲངས་65ཡོད་པ་དང་། དེའི་ཁྲོད་བྱ་དགའ་རིམ་པ་དང་པོ་ཐོབ་པའི་རྣམ་གྲངས་3དང་བྱ་དགའ་རིམ་པ་གཉིས་པ་ཐོབ་པའི་རྣམ་གྲངས་62ཡོད་པ། རྒྱལ་ཁབ་ཚན་རྩལ་ཡར་ཐོན་བྱ་དགའ་ཐོབ་པའི་རྣམ་གྲངས་185ཡོད་པ་དང་། དེའི་ཁྲོད་དམིགས་བསལ་གྱི་བྱ་དགའ་ཐོབ་པའི་རྣམ་གྲངས་3དང་བྱ་དགའ་རིམ་པ་དང་པོ་ཐོབ་པའི་རྣམ་གྲངས་22བྱ་དགའ་རིམ་པ་གཉིས་པ་ཐོབ་པའི་རྣམ་གྲངས་160ཡོད་པ། ཕྱི་རྒྱལ་གྱི་རིགས་གཅིག་པ་10ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་བྱ་དགའ་གནང་ཡོད་པ་རེད།