༄༅།། ར་སེར་ལུང་སྐད་ཀྱི་དབྱངས་གསལ་སྒྲ་གདངས་ཀྱི་འགྱུར་བ་ལ་དཔྱད་པ།

ཚེ་རིང་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-13



ཚེ་རིང་ལྷ་མོ།
        སྤྱིར་སྒྲའི་འགྱུར་བར་རྒྱུ་རྐྱེན་ཐད་ནས་བཤད་ན། རང་བྱུང་གི་འགྱུར་བ་དང་རྒྱུ་རྐྱེན་ལ་བལྟས་ནས་བྱུང་བའི་འགྱུར་བ་གཉིས་དང་། ཡུལ་དུས་ཀྱི་ཐད་ནས་ལོ་རྒྱུས་ཀྱི་འགྱུར་བ་དང་ཡུལ་གྱི་འགྱུར་བ་གཉིས། འགྱུར་འབྲས་ཀྱི་ཐད་ནས་སྒྲའི་མཐུན་འགྱུར་དང་གཞན་འགྱུར་གཉིས་སོགས་ཀྱི་དབྱེ་ཡོད། འདིར་གཙོ་བོ་ཡུལ་སྐད་ཀྱི་དབྱངས་གསལ་སྒྲ་གདངས་གསུམ་གྱི་རྒྱུ་རྐྱེན་ལ་བལྟས་ནས་བྱུང་བའི་སྒྲའི་འགྱུར་བ་ཡིན།

གཅིག དབྱངས་ཀྱི་འགྱུར་བ།
        1.རང་འདྲར་གྱུར་བ།
        མིང་རྐྱང་གཅིག་ལ་ཚིག་གྲོགས་གཞན་ཞིག་སྦྱར་ནས་སྦྲེལ་འདོན་བའི་ཚེ། ཚིག་གྲོགས་ཕན་ཚུན་གྱི་སྒྲའི་གནས་བྱེད་རྩོལ་བའི་བར་གྱི་ཤན་ཤུགས་ཐེབས་རེས་ལས་མ་གཞིའི་དབྱངས་གསལ་སྒྲ་གདངས་ལ་འགྱུར་བ་བྱུང་བའི་སྣང་ཚུལ་ལ་རྒྱུ་རྐྱེན་ལ་ལྟོས་ནས་བྱུང་བའི་སྒྲའི་འགྱུར་བའམ་སྒྲའི་སྦྲེལ་འགྱུར་ཞེས་ཏེ། དཔེར་ན་ཡུལ་སྐད་དུ་མིང་རྐྱང་གཉིས་མཉམ་དུ་སྦྱར་བའི་སྐབས་སུ་སྒྲ་ཚེག་སྔ་ཕྱི་གང་རུང་ཞིག་གི་དབྱངས་དེ་རྐྱང་པའི་སྐབས་ཀྱི་དབྱངས་དང་ཐ་དད་དུ་འགྱུར་དགོས་པ་དང་། ཡུལ་སྐད་ཀྱི་དབྱངས་ཀྱི་སྒྲའི་སྦྲེལ་འགྱུར་ལ་ཆེས་དངོས་གསལ་གྱི་འགྱུར་སྟངས་འདི་དག་ཡོད་དེ། མཆུ་སྒོར་མིན་གྱི་དབྱངས་གང་རུང་ལ་མཆུ་མི་སྒོར་བའི་དབྱངས་ཀྱི་ཤུགས་རྐྱེན་ཐེབས་དུས་མཆུ་མི་སྒོར་བའི་དབྱངས་སུ་གྱུར་བ། དཔེར་ན།

[o]→[ɤ] གྲུ་གླ། [tʂo¹³+la⁵³] → [tʂɤ¹³la⁵³]
[e] → [ɤ] ཁྲིད་གླ། [tʂʰe⁵⁵+la⁵³] → [tʂɤ⁵⁵la⁵³]
[o] → [ɤ̃] བཅུ་གཉིས། [ʨo⁵³+ȵĩ⁵⁵] → [ʨɤ̃⁵⁵ȵĩ⁵⁵] ལྟ་བུའོ། །
        ཅུང་མཐོ་བའི་དབྱངས་ལ་མཐོ་བའི་དབྱངས་ཀྱི་ཤུགས་རྐྱེན་ཐེབས་ནས། མཐོ་བའི་དབྱངས་སུ་གྱུར་བ། དཔེར་ན།
[o]→ [ɯ] བཅུ་གཅིག [ʨo⁵³+ʨi⁵³]→[ʨɯ⁵³ʨi⁵³]
[o] → [u] བཅོ་བརྒྱད། [ʨo⁵³+ʣɪ⁵³] → [ʨu⁵³ʣɪ⁵³]
[o] → [i] བཅུ་དགུ། [ʨo⁵³+ɡɯ⁵³]→ [ʨi⁵⁵ ɡɯ⁵³] ལྟ་བུའོ།

        2.གཞན་འགྱུར།
        སྒྲ་སྦྲེལ་ཀློག་སྐབས་དབྱངས་ཀྱི་གཞན་གྱུར་ལ། ཡུལ་སྐད་ཁྲོད་ཀྱི་ཁྱད་ཆོས་བརྗོད་པའི་མིང་གི་སྒྲ་བསྐྱར་ཟློས་བྱས་ནས་ཀློག་པའི་ཚེ། སྒྲ་ཚེག་སྔ་མའི་དབྱངས་ལ་འགྱུར་བ་འབྱུང་བ་སྟེ། དཔེར་ན།
དཀར་དཀར། [kɛ⁵⁵+kɛ⁵⁵]→ [ka⁵⁵kɛ⁵⁵] སེར་སེར། [sʰe⁵⁵+sʰe⁵⁵]→ [sʰɯ⁵⁵sʰe⁵⁵]
ཆུང་ཆུང་། [ʨʰɤ̃⁵⁵+ʨʰɤ̃⁵⁵]→ [ʨɯ¹³ʣɤ̃⁵⁵] ཉུང་ཉུང་། [ȵɤ̃¹³+ȵɤ̃¹³]→ [ȵɯ¹³ȵɤ̃⁵⁵]
གཤིབ་གཤིབ། [ɕi⁵³+ɕi⁵³]→ [ɕɯ⁵⁵ɕi⁵³] ལྟ་བུའོ།
        གཞན་ཡང་ཡུལ་སྐད་ཁྲོད་ཀྱི་དབྱངས[ɛ]ཡི་སྒྲ་ཚིགས་གཉིས་ཅན་སྐབས་སྒྲ་བསྟུད་མར་སྦྲེལ་ནས་འདོན་སྐབས། དབྱངས་དེ་བརྗོད་བདེའི་དབང་གིས་དབྱངས་ལ་གཞན་གྱུར་གྱི་རྣམ་པ་བྱུང་པར། དཔེར་ན།
[ɛ]→[a]མར་དཀར། [mɛ¹³+kɛ⁵⁵]→[ma¹³kɛ⁵⁵] དར་དམར། [tɛ¹³+mɛ⁵⁵]→ [ta¹³mɛ⁵⁵]
ཤར་ཕྱོགས། [ɕʰɛ⁵⁵+ɕʰu⁵³]→ [ɕʰa⁵⁵ɕʰu⁵³] ལྟ་བུ།

3.སྒྲ་འཕྲི་བ།
        ཡུལ་སྐད་ཁྲོད་གསལ་བྱེད་ཀྱི་སྒྲ་འཕྲི་བའི་རྣམ་པ་རིགས་གསུམ་དུ་དབྱེ་ནས། དེ་དག་གཤམ་དུ་དཔེར་བརྗོད་དང་སྦྲགས་ནས་གསལ་བྱེད་བྱས་ན། མིང་མཐའ་བ་ཡིག་དེ་སྒྲ་ཚིགས་གཉིས་ཅན་གྱི་སྒྲ་བསྟུད་མར་འདོན་སྐབས་མིང་མཐའ་བ་ཡི་སྒྲ་བསྡུས་ནས་སྒྲ་ཚིགས་གཅིག་ཏུ་གྱུར་བ། དཔེར་ན།
ཀ་བ། [ka⁵⁵wa⁵⁵]→ [ko⁵⁵] ཁ་བ། [kʰa⁵⁵wa⁵⁵]→ [ko¹³] ཁུ་བ། [kʰo⁵⁵wa⁵⁵]→ [kʰɤ⁵⁵]
ལྟེ་བ། [te⁵³wa⁵⁵]→ [tø⁵⁵] ལྗི་བ། [ʣɤ⁵⁵wa⁵⁵]→ [ʣø⁵⁵] རྩ་བ། [tsa⁵⁵wa⁵⁵]→ [ʦo⁵⁵]
མཆི་བ། [ʨʰɤ⁵³wa⁵⁵]→[ʨʰø⁵⁵] དུ་བ། [to¹³wa⁵⁵]→ [tø¹³]ལྟ་བུ།
        མིང་མཐའ་མ་གཉིས་ནི་སྒྲ་ཚིགས་གཉིས་ཅན་གྱི་སྒྲ་བསྟུད་མར་འདོན་སྐབས་མིང་མཐའ་མ་དང་མོ་ཡི་སྒྲ་བསྡུས་ནས་སྒྲ་ཚིགས་གཅིག་ཏུ་གྱུར་བ། དཔེར་ན།
སྐར་མ། [ka⁵⁵ma⁵³]→ [kɤ̃⁵⁵] ཉི་མ། [ȵɤ¹³ma⁵³]→ [ȵɤ̃¹³] རྒྱུ་མ། [ʣɤ⁵⁵ma⁵³]→ [ʣɤ̃⁵⁵]
འོ་མ། [wo¹³ma⁵³]→ [wɤ̃¹³] ལྟ་བུ།
        མིང་མཐའ་མོ་ཡིག་དེ་སྒྲ་ཚིགས་གཉིས་ཅན་གྱི་སྒྲ་བསྟུད་མར་འདོན་སྐབས་མིང་མཐའ་མོ་ཡི་སྒྲ་བསྡུས་ཏེ་སྒྲ་ཚིགས་གཅིག་ཏུ་གྱུར་བ། དཔེར་ན།
བུ་མོ། [po¹³mo⁵³]→ [põ¹³] ཞྭ་མོ། [ɕa¹³mo⁵³]→ [co¹³] ཇོ་མོ། [ʨo¹³mo⁵³]→ [ʨõ¹³]
ཝ་མོ། [wa¹³mo⁵³]→ [wa¹³]ལྟ་བུ།
        སྒྲ་ཚིགས་གཉིས་ཅན་དེ་དག་ཡུལ་སྐད་ཁྲོད་སྒྲ་བསྟུད་མར་སྒྲ་འདོན་སྐབས་སྒྲ་ཚིགས་གཅིག་ཏུ་ཟླ་སྒྲིལ་ཐེབས་ནས་སྒྲ་འཕྲི་བའི་རྣམ་པ་བྱུང་།

གཉིས། གསལ་བྱེད་ཀྱི་འགྱུར་བ།
        འདིར་གསལ་བྱེད་ཀྱི་འགྱུར་བ་ཞེས་པ་དེ་ཡང་གཙོ་བོར་ཡུལ་སྐད་དུ་མིང་རྐྱང་གཉིས་སམ་གསུམ་སྦྲེལ་འདོན་བྱེད་པའི་སྐབས་སུ་རང་ཉིད་རྐྱང་བའི་སྐབས་ཀྱི་གསལ་བྱེད་ལ་འགྱུར་བ་བྱུང་བ་དེ་ཡིན་ཅིང་། རོང་སྐད་ཀྱི་མིང་རྐྱང་དག་སྦྲེལ་འདོན་བྱེད་སྐབས་སུ་འགྱུར་ཚུལ་གསུམ་ཙམ་མཆིས་ཏེ།

1.རང་འདྲ་འགྱུར་བ།
        ཡུལ་སྐད་ཁྲོད་དུ་གསལ་བྱེད་ཀྱི་སྒྲ་རང་འདྲར་འགྱུར་ཚུལ་གཙོ་བོ་ནི། སྒྲ་མེད་ནས་སྒྲ་ལྡན་ལ་འགྱུར་བར་དཔེར་ན། མིང་མཐའ་པ་དེ་བ་ཡི་སྒྲ་གྱུར་བ་དང་། སྒྲ་ཚིགས་སྔ་མའི་རྗེས་འཇུག[ŋ][n][m]གསུམ་སྒྲ་ཚིགས་ཕྱི་མའི་མིང་གཞི[b]ནས[mb]སོགས་གསལ་བྱེད་འདུས་མར་གྲུབ་པ། དཔེར་ན།

རྩམ་པ། [ʦa⁵⁵mba⁵³] སྦྱིན་པ། [ʑɯ⁵⁵ mba⁵³] ཐན་པ། [tʰɤ⁵⁵nba] འདམ་པ། [nda¹³nba⁵³]
ཁང་པ། [ko¹³nba⁵³] དགོན་པ། [ɡo⁵⁵nba⁵³] ལྟ་བུ།
        སྒྲ་ཚིགས་སྔ་མའི་སྣ་སྒྲ་ཅན་གྱི་དབྱངས་མཇུག་གི་ཤུགས་རྐྱེན་འོག་ཏུ་སྒྲ་ཚིགས་སྔ་མིའི་དབྱངས[õ]སོགས་སྣ་སྒྲ་ཅན་དུ་གྱུར་བ། དཔེར་ན།
བུམ་པ། [põ¹³nba⁵³] རྔོན་པ། [ŋø̃⁵⁵nba⁵³] རྐང་པ། [ko⁵⁵nba⁵³] ལུང་པ། [lo¹³nba⁵³]
སྦྱིན་པ། [ʑɤ⁵⁵nba⁵³] དཔུང་པ། [põ⁵⁵nba⁵³] ལྟ་བུ།

2.གཞན་འགྱུར།
        ཡུལ་སྐད་ཁྲོད་མིང་རྐྱང་གསལ་བྱེད་ལས་གྲུབ་པའི་སྒྲ་ཚིགས་གཉིས་ཅན་གྱི་མིང་བསྟུད་མར་སྒྲ་འདོན་སྐབས། སྒྲ་མེད་སྲོག་ཆུང་གི་གསལ་བྱེད(བོད་ཡིག་ནང་གི་སྒྲ་ལྡན་གྱི་གསལ་བྱེད)དེ་དག་ལྕེ་གནས་གཅིག་པའི་སྒྲ་ལྡན་གསལ་བྱེད་དུ་སྒྲ་གྱུར་ཡོད་པར། དཔེར་ན།
[p]→[b] མ་བུ། [ma⁵⁵po⁵³]→[ma⁵⁵bo⁵³] རྒྱ་བོད། [dʑa⁵³pø⁵³]→ [dʑa⁵³bø⁵³]
        རིལ་བུ། [ʐɤ¹³po⁵³]→ [zɤ¹³bɤ⁵³]
[t]→ [d] ཟས་དུག [sɤ¹³tɯ⁵³]→ [sɤ¹³dɯ⁵³] ས་དོང་། [sʰa⁵³tũ¹³]→ [sʰa⁵³dũ⁵⁵]
ལྷ་དར། [ɬa⁵³tɛ¹³]→ [ɬa⁵³dɛ⁵⁵]
[k]→ [ɡ] ཟླ་དཀར། [nda⁵³kɛ⁵⁵]→ [da⁵⁵gɛ⁵⁵] རས་གོས། [ʐɪ¹³kø¹³]→ [ʐɪ¹³gø⁵⁵]
འབུ་གོང་། [nbɯ⁵³kũ¹³]→ [nbɯ⁵³gũ⁵⁵]
[tʂ]→[dʐ] གནམ་གྲུ། [nã⁵⁵tʂɪ¹³]→[nã⁵⁵dʐo⁵³] ཞབས་བྲོ། [ɕɤ¹³²tʂo¹³] →[ɕɤ¹³²dʐo⁵³]
སྐད་གྲགས། [ke⁵³tʂaq¹³]→ [ke⁵³dʐa⁵³]
[ʨ]→[ʥ] སྡུག་གྱོང་། [dɯ⁵³ʨũ¹³]→[dɯ⁵³ʥũ⁵⁵] ནང་གྱོན། [nã¹³ʨø̃¹³]→ [nã¹³ʥø̃⁵⁵]
ཁ་གྱོད། [kʰa⁵³ʨø¹³²]→[kʰa⁵⁵ʥø⁵³]
[ɕ]→[ʑ] ཝ་ཞྭ། [wa⁵⁵ɕa¹³²]→[wa¹³ʑa⁵³] ས་ཞབས། [sʰa⁵⁵ɕɤ¹³²]→[sʰ a⁵⁵ʑɤ⁵³]
རི་བྱ། [ʐɯ¹³ɕa¹³²]→[ʐɯ¹³ʑa⁵³]
[s]→ [z] སྒོ་ཟོག [go⁵³su⁵³]→ [go¹³zu⁵³] ཆུ་ཟོམ། [ʨʰo⁵⁵sõ¹³]→ [ʨʰo⁵⁵zõ⁵⁵]
ན་ཟུག [na⁵⁵sɯ⁵³]→ [na⁵⁵zɯ⁵³]
        ཡུལ་སྐད་ཁྲོད་དུ་མིང་རྐྱང་ལས་གྲུབ་པའི་སྒྲ་ཚིགས་གཉིས་ཅན་གྱི་མིང་སྒྲ་བསྟུད་མར་འདོན་སྐབས། སྒྲ་ཚིགས་རྗེས་མའི་སྲོག་ཆེན་གྱི་གསལ་བྱེད་དེ་རང་སྐྱེ་གནས་གཅིག་པའི་སྲོག་ཆུང་གི་གསལ་བྱེད་དུ་སྒྲ་གྱུར་པར་གཤམ་གསལ་དཔེར་བརྗོད་ལྟར་ན།
[pʰ]→ [p] ཕུག་རོན། [pʰu⁵³ʐø⁵⁵]→ [pi⁵⁵ʐø¹³] ཕག་བློད། [pʰa⁵³lø ¹³]→ [pa¹³lø⁵³]
[tʰ]→[t] ཐང་ཤིང་། [tʰã⁵⁵ɕʰɪ̃⁵⁵]→ [tã¹³ɕʰɪ⁵⁵] འཇམ་ཐིང་། [nʥã⁵⁵tʰɪ̃⁵⁵]→ [ndʑã⁵⁵tɪ⁵⁵]
[kʰ]→[k] ཁ་རྩང་། [kʰa⁵³ʦõ⁵⁵]→[ka¹³ʦõ⁵⁵] ཁང་སྟེང་། [kʰõ⁵⁵tɪ̃⁵⁵]→[kõ¹³tɪ̃⁵⁵]
[ ʦʰ]→[ʦ] ཚ་རུ། [ʦʰa⁵⁵ʐɯ¹³²]→ [ʦa¹³ʐɯ¹³²] ཚ་ཚ། [ʦʰa⁵³ ʦʰa⁵³]→[ʦa¹³ʦʰa⁵³]
[tʂʰ]→[tʂ] ས་ཁྲ། [sʰa⁵³tʂa⁵³]→[sʰa⁵³tʂa⁵³] ཁོང་ཁྲོ། [kʰũ⁵⁵tʂʰo⁵³]→[kʰũ⁵⁵dʐɯ⁵³]
[sʰ]→[s] སེན་མོ། [sʰẽ⁵⁵mo⁵³]→[se¹³me⁵³] སེའུ་འབྲུ། [sʰy⁵⁵ndʐɯ⁵³]→[sy⁵⁵ndʐɯ³]
[ɕʰ]→[ɕ] ཤུག་པ། [ɕʰɤˀ⁵³pa⁵³]→[ɕɤˀ⁵⁵pa⁵³] སྒོ་ཕྱུགས། [ɡo⁵⁵ɕʰu⁵³]→[ɡo¹³ɕu⁵³]
[ʨʰ]→[ʨ] ཁྱི། [ʨʰɯ⁵³]→[ʨɯ⁵³] འཁྱགས་རུམ། [ʨʰa⁵⁵ʐõ⁵⁵]→ [ʨa¹³tʂõ⁵⁵]ལྟ་བུའོ། །

གསུམ། སྒྲ་གདངས་ཀྱི་འགྱུར་བ།
        འདིར་སྒྲ་གདངས་ཀྱི་འགྱུར་བ་ཞེས་པ་ནི་གཙོ་བོར་ཡུལ་སྐད་དུ་མིང་རྐྱང་རྣམས་སྒྲ་བསྟུད་མར་སྦྲེལ་ནས་འདོན་སྐབས་སྒྲ་ཚིགས་སྔ་ཕྱིའི་གནས་ཡུལ་མི་འདྲ་བས་སྒྲ་གདངས་ལ་འགྱུར་བ་བྱུང་བའི་ཚུལ་ལ་གོ་དགོས་ལ། དེ་ཡང་ར་སེར་ཡུལ་སྐད་ཀྱི་སྒྲ་གདངས་བཞི་བོ་ནི་སྒྲ་ཚིགས་གཉིས་ཅན་གྱི་མིང་ནང་དུ་ཕན་ཚུན་འདུས་བའི་རྣམ་པ་བཅུ་དྲུག་ཙམ་ཡོད་ནའང་། དེ་དག་གི་འགྱུར་སྟངས་ནི་མདོར་བསྡུས་ནས་འཆད་ན་ཁག་བཞི་སྟེ།
        1.སྙོམ་པའི་སྒྲ་གདངས[55]ཡི་འགྱུར་བ།
        ར་སེར་ཡུལ་སྐད་ཁྲོད་དུ་སྙོམ་པའི་སྒྲ་གདངས[55]དེ་སྒྲ་ཚིགས་གཉིས་ཅན་སྐབས། སྔོན་དང་རྗེས་གང་དུ་གཞག་ནའང་སྒྲ་གདངས་ལ་འགྱུར་བ་མི་འགྲོ། གཤམ་དུ་དཔེ་བརྗོད་དྲངས་ན།
55+55→55 55 གཏམ་བཟང་།[tã⁵⁵zɯ̃⁵⁵]→ [tã⁵⁵zɯ̃⁵⁵] རྒྱང་རིང་། [ʥã⁵⁵ʐɪ̃⁵⁵]→[ʥã⁵⁵ʐɪ̃⁵⁵]
སེམས་འཁོན། [sʰẽ⁵⁵kʰø̃⁵⁵]→[sʰekʰø̃⁵⁵] སྲིལ་བལ། [sɤ⁵⁵mi⁵⁵]→[sɤ⁵⁵mi⁵⁵]
53+55→55 55 གཉིད་གཏམ། [ȵɤ⁵³tã⁵⁵] →[ȵɤ⁵⁵tã⁵⁵] ཟླ་དཀར། [nda⁵³kɛ⁵⁵]→[da⁵⁵gɛ⁵⁵]
ཕག་ཚིལ། [paˀ⁵³ʦɯ⁵⁵]→[paˀ⁵⁵ʦɯ⁵⁵] ས་འགུལ། [sʰa⁵³gɯ⁵⁵]→[sʰa⁵⁵gɯ⁵⁵]

2.ཕབ་པའི་སྒྲ་གདངས[53]ཡི་འགྱུར་བ།
        ར་སེར་ཡུལ་སྐད་ཁྲོད་ཕབ་པའི་སྒྲ་གདངས[53]དེ་སྒྲ་ཚིགས་གཉིས་ཅན་སྐབས། [53]དེ་སྒྲ་ཚིགས་ཀྱི་རྗེས་མར་གནས་ཚེ། འགྱུར་བ་མེད་པར་རང་འཇགས[53]ཡི་གདངས་འདོན་པ་དང་། གལ་ཏེ[53]དེ་སྒྲ་ཚིགས་ཀྱི་སྔོན་མར་གནས་ཚེ། [53]དེ་སྙོམ་པའི་སྒྲ་གདངས[55]རུ་གྱུར་པར་དཔེར་ན།
53+53→55 53 གཟིག་ལྤགས། [ziˀ⁵³paˀ⁵³]→ [ziˀ⁵⁵paˀ⁵³] ལྕགས་ཐབ། [ʨaˀ⁵³tʰo⁵³]→[ʨa⁵⁵tʰo⁵³]
ཁ་རྩོད། [kʰa⁵³ʦø⁵³]→[kʰa⁵⁵ʦø⁵³] ཁ་སྤུ། [kʰa⁵³pɤ⁵³]→[kʰa⁵⁵pɤ⁵³]
231+53→13 53 ར་རྟུག [ʐa²³¹tɯ⁵³]→[ʐa¹³tɯ⁵³] ལོ་འཇུག [lo²³¹nʑɯ⁵³]→[lo²³¹nʑɯ⁵³]
ལུག་ཤ [lɯ²³¹ɕʰa⁵³]→[lɯ¹³ɕʰa⁵³] བག་ཆུ། [pa²³¹ʨʰo⁵³]→[pa¹³ʨʰo⁵³]

3.བཀྱག་པའི་སྒྲ་གདངས[13]ཡི་འགྱུར་བ།
        ར་སེར་ཡུལ་སྐད་ཁྲོད་བཀྱག་པའི་སྒྲ་གདངས[13]དེ་སྒྲ་ཚིགས་གཉིས་ཅན་སྐབས་ཀྱི་སྔོན་དུ་ཡོད་པའི་ཚེ་དེར་འགྱུར་བ་མེད་པ་དང་། གལ་ཏེ[13]ཡི་སྒྲ་གདངས་དེ་སྒྲ་ཚིགས་ཀྱི་རྗེས་མར་གནས་ཚེ[13]དེ[55]ཡི་གདངས་སུ་འགྱུར་འགྲོ་བ་ཡིན་པར་དཔེར་ན།
13+13→13 55 རས་གོས། [ʐɤ¹³kø¹³]→[ʐɤ¹³gø⁵⁵] མིང་ངན། [mɪ̃¹³ŋẽ¹³]→[mɪ̃¹³ŋẽ⁵⁵]
ཉལ་གུར། [ȵɪ̃¹³kɯ¹³]→[ȵɪ̃¹³gɯ⁵⁵] རང་དོན། [ʐã¹³tø̃¹³]→[ʐã¹³dø̃⁵⁵]
13+231→13 53 གྱོན་རོགས། [ʨø¹³ʐu²³¹]→ [ʨø¹³ʐu⁵³] རལ་གྲི། [ʐɪ¹³tʂe²³¹]→[ʐɪ¹³dʐe⁵³]
ཟས་དུག [sɪ¹³tɯ²³¹]→[se¹³dɯ⁵³] ཟུངས་ཟད། [sũ¹³se²³¹]→[sũ¹³ze⁵³]

4.བཀྱག་ཕབ་ཀྱི་གདངས[231]ཡི་འགྱུར་བ།

ར་སེར་ཡུལ་སྐད་ཁྲོད་བཀྱག་ཕབ་ཀྱི་སྒྲ་གདངས[231]འདི། སྒྲ་ཚིགས་གཉིས་ཅན་སྐབས་སྒྲ་བསྟུད་མར་འདོན་སྐབས་གཏན་འཇགས་མེད་ལ། དེ་ཡང[231]དེ་སྒྲ་ཚིགས་སྔོན་མར་གནས་སྐབས་དེའི་གདངས[13]ལ་འགྱུར་འགྲོ་བ་དང་། སྒྲ་ཚིགས་རྗེས་མར་གནས་སྐབས་ཕབ་པའི་གདངས[53]ལ་འགྱུར་འགྲོ་བ་དཔེར་ན།
231+55→13 55 གྲོ་རྩམ། [tʂo²³¹ʦã⁵⁵][tʂo¹³ʦã⁵⁵] ལག་རིང་། [la²³¹ʐẽ⁵⁵][la¹³ʐẽ⁵⁵]
ཞབས་རྗེས། [ɕɤ²³¹ʥɤ⁵⁵][ɕɤ¹³ʥɤ⁵⁵] བྲི་ཐུར། [tʂɯ²³¹tʰɯ⁵⁵][tʂɯ¹³tʰɯ⁵⁵]
231+231→13 53 འདུག་རོགས། [ndɯ²³¹ʐu²³¹]→ [ndɯ¹³ʐu⁵³] ར་ལུག [ʐa²³¹lɯ²³¹]→[ʐa¹³lɯ⁵³]
མོ་བྱ། [mo²³¹ɕa²³¹]→[mo¹³ɕa⁵³] ནག་ནག[na²³¹na²³¹]→[na¹³na⁵³]
        གཞན་ཡང་ར་སེར་ཡུལ་སྐད་དུ་སྒྲ་ཚིགས་གཉིས་ཅན་གྱི་མིང་གི་ནང་དུ་སྒྲ་གདངས་ཀྱི་འགྱུར་བས་མིང་གི་ངོ་བོ་དང་བརྗོད་དོན་ལའང་ཤུགས་རྐྱེན་ཐེབས་ཀྱིན་ཡོད་དེ། དཔེར་ན།
སྣ་ཀྱོག [n̻a⁵³ʨu⁵³](བྱ་བའི་མིང་།)→[n̻a⁵⁵ʨu⁵³] (ཁྱད་གཞི་བརྗོད་པའི་མིང་།)
སྐྲ་བཅད། [tʂa⁵³ʨe⁵³] (བྱ་བའི་མིང་།) → [tʂa⁵⁵ʨe⁵³] (ཁྱད་གཞི་བརྗོད་པའི་མིང་།)ལྟ་བུ།
        དེ་མིན་སྒྲ་ཚིགས་གསུམ་ཅན་གྱི་མིང་གི་སྦྲེལ་སྟངས་ལAB-Cདང་ A-BCཡི་རྣམ་པ་གཉིས་མཆིས་ཤིང་། དེ་གཉིས་ཀྱི་སྒྲ་གདངས་ཀྱི་འགྱུར་བ་ཡང་གོང་གི་སྒྲ་ཚིགས་གཉིས་ཅན་གྱི་མིང་ཚིག་དང་མཚུངས་པར་དཔེར་ན།
        AB-C ཁམ་བུ་འཐུ། [ka¹³nbe⁵³tʰe⁵³] ལོ་རྒན་བགྲེས། [lo¹³gn⁵⁵ndʐo⁵⁵]        A-BC ཇ་ཁ་སངས། [ʨa¹³kʰa⁵⁵sʰã⁵⁵] ཟས་ཞིམ་པོ། [sɪ¹³ɕo⁵⁵nbo⁵³]ལྟ་བུའོ། །

མཇུག་སྡོམ།
        གནའ་བོའི་བོད་ཡིག་ལ་སྔོན་རྗེས་ཡང་གསུམ་གྱི་སྦྱོར་བ་དང་མགོ་འདོགས་གཞི་གསུམ་གྱི་འཇུག་པ་སོགས་ཡོད་པས། སྐབས་དེའི་བོད་སྐད་ཀྱི་སྒྲ་ལ་གསལ་བྱེད་གཉིས་བརྩེགས་ཅན་དང་གསུམ་བརྩེགས་ཅན། བཞི་བརྩེགས་ཅན་བཅས་ཡོད་པར་མ་ཟད། སྒྲ་ཚེག་གཅིག་ནང་གི་སྒྲའི་ཐོག་མཐའ་སྔོན་རྗེས་ཡང་གསུམ་དང་། མགོ་འདོགས་མིང་གསུམ་སོགས་ཀྱི་སྒྲ་དག་གོ་རིམ་བཞིན་དུ་གནས་ནས་འབྱུང་བ་སྟེ། ས་སྐྱ་བསོད་ནམས་རྩེ་མོས་གང་དང་གང་ལ་གང་བཏགས་པ། །གོ་རིམ་བཞིན་དུ་གནས་ནས་འབྱུང་། །དེ་ལ་ར་མགོ་ལྕེ་རྩེ་འདར། ལ་མགོ་ལྕེ་ཀློད་རྒྱ་ཡང་བསྐྱེད། །ས་མགོ་སོ་ཡི་བར་ནས་འབྱུང་། །ལྷག་མ་རྣམས་ཀྱང་དེ་བཞིན་ཤེས། །གལ་ཏེ་མི་ཕྱིན་གྱུར་པ་ནི། །ཡི་གེ་ཕྲལ་ཞིང་བརྗོད་པར་བྱ། །དཔེར་ན་གྲ་ལ་ག་རའམ། །སྒྲ་ལ་སྒ་ར་ཇི་བཞིན་དུ། །ཞེས་གསུངས་པ་ལས་ཀྱང་གསལ་པོར་ཤེས་ཐུབ། ཡིན་ནའང་བོད་སྐད་ཀྱི་སྒྲའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ་སྔོན་རྗེས་ཡང་གསུམ་དང་མགོ་འདོགས་སོགས་རིམ་གྱིས་ཉམས་ནས་དེང་རབས་ཀྱི་བོད་ཀྱི་ཡུལ་སྐད་འགའི་ནང་དུ་སྔོན་འཇུག་རྗེས་གསུམ་དང་། མགོ་འདོགས་སོགས་ཀྱི་སྒྲ་དག་ཉམས་པ་དང་། འགར་ཤིན་ཏུ་ཉམས་ཡོད། བླ་མ་རེ་ལ་ཆོས་ལུགས་རེ། ལུང་པ་རེ་ལ་སྐད་ལུགས་རེ། ཞེས་པ་ནམ་བཞིན་འབའ་ཐང་རྫོང་གི་ས་བབ་ཆགས་ཚུལ་གྱི་དབང་གིས་ལ་དང་ལུང་པ་མང་པོ་ཞིག་ཡོད་པས། གང་དེའི་ཡུལ་ལུང་སྐད་བར་ལ་ཁྱད་པར་ངེས་ཅན་ཞིག་མཆིས། ཡུལ་ལུང་སྐད་དེ་དག་ནང་ལ་ས་ཆ་དེའི་ཡུལ་སྲོལ་གོམས་གཤིས་ཀྱི་རྒྱུ་ཆ་གྱ་ནོམ་པ་ཞིག་ལྡན་གཤིས། ཡུལ་སྐད་དེ་དག་གི་ཆོས་གཉིད་ཤེས་རྗེས་དམངས་སྲོལ་རིག་གནས་དང་ལོ་རྒྱུས་ཞིབ་འཇུག ས་གནས་སློབ་གསོ་སོགས་འཕེལ་རྒྱས་གཏོང་བར་སྐུལ་འདེད་ཀྱི་དོན་སྙིང་ལྡན་ནོ། །  

◆ ཚེ་རིང་ལྷ་མོ། ཀྲུང་དབྱང་མི་རིགས་སློབ་ཆེན་2016ལོའི་ཞིབ་འཇུག་སློབ་མ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1