༄༅།། མི་ལ་རས་པའི་རྣམ་ཐར་རྒྱ་འགྱུར་མའི་ཐ་སྙད་འགའི་སྒྱུར་སྐྱོན་ལ་རགས་ཙམ་དཔྱད་པ།
ཀླུ་མོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-15
ཀླུ་མོ།
དང་པོ། ཐ་སྙད་ཀྱི་སྒྱུར་སྐྱོན་བཤད་པ།
1.མི་མིང་དང་ས་མིང་གི་སྒྱུར་སྐྱོན།
ཇི་སྐད་དུ། ཡི་གེའི་ཁོངས་ནས་མིང་ཕྱུང་སྟེ། །མིང་གི་ཁོངས་ནས་ཚིག་དབྱུང་ནས། །ཚིག་གིས་དོན་རྣམས་སྟོན་པར་བྱེད། །ཅེས་གསུངས་པ་བཞིན་མིང་གི་སྒྱུར་བ་མ་གསལ་ཚེ་དོན་རྣམས་སྟོན་པར་མི་འགྱུར་པས། དོན་གྱི་ངོ་བོ་ཙམ་སྟོན་པའི་མིང་གི་འགྱུར་བ་ནི་ལོ་ཙཱའི་བྱ་རིམ་ཁྲོད་ཀྱི་ཆེས་གལ་ཆེ་བའི་ལས་འགན་ཞིག་ཡིན་པར་འདོད། སྒྱུར་མཁན་གྱིས་མི་ལ་རས་པའི་རྣམ་ཐར་དུ་བྱུང་པའི་མི་མིང་དང་ས་མིང་དག་ལ་སྒྲ་སྒྱུར་དང་ཐད་སྒྱུར་གྱི་ཐབས་ལམ་སྤྱད་ཡོད་མོད། སྒྲ་ཉམས་པ་དང་གཟུགས་ཉམས་པ་སོགས་ཀྱི་སྒྱུར་སྐྱོན་བྱུང་ཡོད་པ་དཔེར་ན། མིའི་མིང་རོང་སྟོན་ལྷ་དགའ་绒敦拉迦དང་། ཚུར་སྟོན་དབང་ངེ་ལ་楚敦旺额 མྱང་ཚ་དཀར་རྒྱན་娘查迦坚ལ་ཁ་བར་纳喀瓦人ལྟར་བསྒྱུར་ཡོད་ལ། སའི་མིང་གནུབས་ཁུ་ལུང་ལ་鲁库隆 དང་། སྣར་ལ་拉尔རི་ནང་ལ་日浪ཆོས་ལ་སྒང་ལ ་菊那岗བྲག་དཀར་རྟ་སོ་ལ་扎迦达‘苏རྐང་ཚུགས་ཕུག་ལ་岗楚浦བྱང་ཆུབ་རྫོང་ལ་降秋宗 ལྟར་བསྒྱུར་ཡོད། སྤྱིར་མི་མིང་དང་ས་མིང་སོགས་ཆེད་སྤྱོད་ཀྱི་མིང་དག་སྒྲ་སྒྱུར་གཙོ་བྱེད་དགོས་མོད། སྒྱུར་མཁན་གྱིས་བོད་ཡིག་གི་སྒྲ[ts‘]ལ་རྒྱའི་སྒྲ[tS]ལྟར་སྒྱུར་ཡོད་པས་སྒྲ་སྒྱུར་ནོར་ཡོད་ལ། LདངNགཉིས་ཀྱི་སྒྲ་ཡང་ཡུལ་སྐད་ཀྱི་དབང་དུ་ཤོར་ཏེ་སྒྱུར་ནོར་བྱུང་ཡོད་དོ། །གཞན་迦དང་降、查སོགས་ནི་ཡིག་གཅིག་སྒྲ་མིང་གི་རིགས་ཡིན་པས། གཏན་འཁེལ་རང་བཞིན་གྱི་ས་མིང་དང་མི་མིང་དུ་སྤྱད་ན་དོན་ཡང་དག་པར་སྟོན་མི་ནུས་པའི་སྐྱོན་ཡོད། དེར་བརྟེན་ཆེད་སྤྱོད་ཀྱི་མིང་སྒྱུར་སྐབས་མ་ཡིག་གི་སྒྲ་དང་མཐུན་པར་བྱས་ཏེ་རྒྱའི་སྤྱི་སྐད་ཀྱི་སྒྲ་གདངས་ལྟར་སྒྱུར་དགོས་བ་མ་ཟད། རྒྱ་ཡིག་གཅིག་ལ་འདོན་སྟངས་མི་འདྲ་བ་དུ་མ་ཡོད་པའི་རིགས་སྤྱོད་མི་རུང་སྙམ་མོ། །
2.འབོད་མིང་གི་སྒྱུར་སྐྱོན།
འབོད་མིང་ཞེས་པ་ནི་མི་དང་མིའི་བར་གཉེན་ཚན་གྱི་འབྲེལ་བའམ་འབྲེལ་བ་གཞན་གྱིས་ཆགས་སུ་བཅུག་པའི་ཕན་ཚུན་འབོད་པའི་མིང་ལ་ཟེར། མི་ལ་རས་པའི་རྣམ་ཐར་ཁྲོད་མི་སྣ་མི་འདྲ་བ་བདུན་བཅུ་ལྷག་བྱུང་ཡོད་དེ། དེ་དག་ལ་ཕན་ཚུན་གྱི་འབྲེལ་བ་དང་སྤྱི་ཚོགས་ཀྱི་གནས་བབ་སོགས་ཀྱི་དབང་གིས་འབོད་མིང་མི་འདྲ་བ་བྱུང་སྲིད། འགྱུར་ཡིག་ཏུ་མ་ཡིག་གི་དོན་དང་འགལ་བ་དང་གོ་བ་ལོན་མེད་པའི་སྐྱོན་འགའ་རེ་འདུག་པ་གཤམ་ལྟར།
མ་ཡིག་ཏུ་ཡབ་མི་ལ་ཤེས་རབ་རྒྱལ་མཚན་ཁྱེད་ལ་བུ་འདི་འདྲ་སྐྱེས་སོ། ཁྱེད་རབས་ཆད་གདའ་བ། ངེད་མ་སྨད་ཀྱི་ལས་བསྐོས་ལ་གཟིགས་དང་ཟེར། འགྱུར་ཡིག 爸爸,米拉喜饶坚赞,你生了这样的儿子,要绝后了!看看我们母子们的苦难命运哪!སྐད་ཆ་འདི་ནི་མྱང་ཚ་དཀར་རྒྱན་གྱིས་ཐོས་བ་དགའ་ཡིས་གླུ་ལེན་བཞིན་པ་ཐོས་སྐབས་བཤད་པ་ཡིན་ལ།འདིའི་སྐབས་ཀྱི་ཡབ་ཅེས་པ་ནི་སྐྱེད་བྱེད་དེ་ཕ་ལ་མི་གོ་བར་མྱང་ཚ་དཀར་རྒྱན་གྱིས་རང་གི་འདས་བའི་སྐྱེས་པ་ལ་སྤྱད་པའི་ཞེ་ཚིག་ཡིན་པས།རྒྱ་སྐད་དུ་爸爸 ཞེས་སྤྱོད་མི་རུང་བར་先夫 ཞེས་སྤྱད་ན་འགྲིག་སྙམ། མ་ཡིག ང་ཨ་མ་རྒན་མོ་ནི་བསམ་མནོ་གཏོང་གིན་ཡི་མིག་པ་དང་ངུ་བྲོ་བ་མིན་པ་མི་འདུག་ཟེར། འགྱུར་ཡིག 老娘我想起来实在寒心,除了哭,没有别的办法。སྤྱིར་རྒྱའི་སྐད་དུ་老娘ཞེས་པར་ཨ་མ་རྒན་མོའི་དོན་ཡོད་མོད། འོན་ཀྱང老娘我•••ཞེས་སྤྱོད་དུས་རང་བློམ་དང་སྙེམ་པའམ་དྲེགས་པའི་དོན་འདུས་ཡོད་པས། ཚིག་གོང་འོག་གི་ནང་དོན་ལ་གཞིགས་ནས་老妇ཞེས་པ་སྤྱད་ན་འོས་སྙམ།
3.ལས་ཚིག་གི་སྒྱུར་སྐྱོན།
འགྱུར་ཡིག་ཁྲོད་དུ་ལས་ཚིག་ལ་གོ་བ་ཡང་དག་མ་ལོན་པ་དང་དུས་གསུམ་གྱི་ཆ་ལ་སྒྱུར་ནོར་བྱུང་པའང་རེ་འགའ་ཡོད་དེ། དཔེར་ན། སྨོན་དིར་རེ་ཞེས་པར་闹嚷不休ཞེས་སྒྱུར་ཡོད།དེར་རེ་བ་ཞེ་ན་སྐད་སྤོམ་ཕྲ་མང་པོ་འདྲེས་ནས་གྲག་ཚུལ་ཞིག་ལ་གོ་བས་སྨོན་དིར་རེ་ཞེས་པ་ནི་ཀུན་གྱིས་སྨོན་པར་བྱེད་པའི་ཡུལ་དུ་གྱུར་ཚུལ་བརྗོད་ཀྱི་ཡོད། རྒྱའི་སྐད་དུ་闹嚷不休ཞེས་པའི་མིང་འདིས་འུར་འུར་ཟིང་ཟིང་གི་རྣམ་པ་ཞིག་སྟོན་པ་ལས་སྨོན་པའི་དོན་དང་འབྲེལ་བ་མེད་པས་令人艳羡ཞེས་སྒྱུར་ན་འཚམ་སྙམ། ཡང་དཔེར་ན། ཁྱེད་མ་སྨད་རྣམས་གསོ་རེས་བྱེད་ཅེས་པར་轮流供养你们娘儿们吧!ཞེས་བསྒྱུར་ཡོད། རྒྱ་སྐད་ཁྲོད་供养ཅེས་པ་ནི་བསྙེན་བཀུར་གྱི་དོན་ཡིན། འོན་ཀྱང་སྐབས་སུ་བབས་པའི་ཚིག་འདི་ཨ་ཁུ་དང་ཨ་ནེ་གཉིས་ཀྱིས་མྱང་ཚ་དཀར་རྒྱན་མ་སྨད་རྣམས་ལ་བཤད་པ་ཡིན་པས། གསོ་ཞེས་པའི་ལས་ཚིག་འདི་养ཡང་ན་抚养ལྟར་བསྒྱུར་ན་མ་རྩོམ་གྱི་ནང་དོན་དང་མཐུན། གཞན་མ་རྩོམ་དུ་ཁྱོད་ཀྱི་གཏམ་དེ་རྣམས་ལ་བརྟག་པར་བྱ་ཞེས་པར་你说的话我还要考虑一下ལྟར་བསྒྱུར་ཡོད། སྐད་ཆ་འདི་ནི་བླ་མ་གཡུང་སྟོན་ཁྲོ་རྒྱལ་གྱིས་མི་ལ་རས་པར་གསུང་བ་ཡིན་ལ། མི་ལ་རས་པས་ཨ་ཁུ་དང་ཨ་ནེས་སྡུག་པོ་བཏང་ཚུལ་ཞུས་པས། བླ་མས་གཏམ་དེ་དག་བདེན་མིན་ལ་བརྟག་པར་བྱ་ཞེས་པའི་དོན་ཡིན། དེར་བརྟེན་བརྟག་ཅེས་པར་探查ཡང་ན་探察ལྟར་བསྒྱུར་དགོས་སྙམ། ངའི་འདོད་པ་གྲུབ་སྟེ་བདག་གིས་ཆོས་བྱེད་པར་ཞུ་ཞེས་པར་知道自己的愿望可以实现了,我就向上师求道:“我愿去修道。”ལྟར་སྒྱུར་ཡོད། གྲུབ་ནི་འགྲུབ་ཀྱི་འདས་པ་སྟེ་མི་ལ་རས་པས་ཆོས་བྱེད་འདོད་པའི་འདོད་པ་གྲུབ་པ་བསྟན་ཡོད། འོན་ཀྱང་རྒྱ་འགྱུར་མའི་ཁྲོད་དུ་可以ཞེས་མ་འོངས་པའི་དོན་བསྟན་ཡོད་པས་我的愿望实现了,于是向上师求道:“请让我去修法。”ལྟར་སྒྱུར་ན་ལེགས་སྙམ། ང་གྲོ་བོ་ལུང་དུ་ནངས་པར་སླེབས་འོང་བའི་དོ་ནུབ་ཞེས་པ། 要出发到卓阿隆的头天夜间ལྟར་སྒྱུར་ཡོད། མ་ཡིག་ཏུ་མི་ལ་རས་པ་གྲོ་བོ་ལུང་ཞེས་པའི་ས་ཆར་མ་ཐོན་གོང་གི་ནུབ་མོ་དེ་བརྗོད་ཀྱི་ཡོད་པས། 在我抵达卓阿隆的前一天晚上。ཞེས་བསྒྱུར་ན་ལེགས་སོ། །
གཉིས་པ། སྒྱུར་སྐྱོན་གཞན་བཤད་པ།
1.མིང་བརྡ་ལ་གོ་བ་ཡང་དག་མ་ལོན་པ་ལས་བྱུང་བའི་འགྱུར་སྐྱོན། སྒྱུར་མཁན་གྱིས་མ་ཡིག་ཁྲོད་ཀྱི་མིང་བརྡ་གཙོ་བོར་གོ་བ་ཡང་དག་མ་ལོན་པར་འགྱུར་སྐྱོན་བྱུང་བ་ནི་དཔེར་ན། ཨ་མར་ཐལ་ལྕག་གིས་བརྡུངས།打了母亲几耳光ལ་ཁ་འདི་ལ་ཅི་ཟེར།这个山名叫什么?ལྷོ་བྲག་གི་མདའ་ནས། 顺着洛扎的河谷走ཕུའི་འབྲོག་པ། མདའི་ཞིང་པ། 山下的牧场坝上的田庄སོགས་ལྟ་བུ། དཔེར་བརྗོད་འདི་དག་ལས་ཐལ་ལྕག་ནི་ལག་པའི་སོར་རྣམས་བརྐྱངས་པ་ལ་ཟེར་ཞིང་། ཐལ་ལྕག་དང་འགྲམ་ལྕག་གཉིས་མི་གཅིག་པས་耳光ཞེས་པའང་དོན་དང་མི་མཐུན། ལ་ཁ་ནི་རིའི་དོན་མིན་པར་ 山口ཞེས་སྒྱུར་ན་འགྲིག མདའ་ཞེས་པ་ནི་ལུང་པའི་མདོ་ལ་གོ་བ་དང་ཕུ་ནི་ལུང་སྟོད་དམ་ཕུགས་ལ་གོ་བས་沟尾དང་沟头ལྟར་བསྒྱུར་དགོས་སོ། །
2.ཕྲད་དང་རྣམ་དབྱེ་ལས་བྱུང་བའི་འགྱུར་སྐྱོན།
འགྱུར་ཡིག་ཁྲོད་སྒྱུར་མཁན་གྱིས་ཕྲད་དང་རྣམ་དབྱེའི་ངོ་བོ་དང་བྱེད་ནུས་ལ་གོ་བ་ཡང་དག་མ་ལོན་པར་སྒྱུར་ནོར་བྱུང་ཡོད་པ་གཤམ་ལྟར། མ་ཡིག དཀའ་ཐུབ་བྱས་པའི་ལུས་ན་ཚས་གང་རུང་བཟོད་གླགས་མེད་པའི་སྙིང་རྗེ་དྲག་པོ་སྐྱེས། འགྱུར་ཡིག我这修行过苦行的身体,也被碰撞得疼痛万分,难于忍受。心里无比悲怆。རུང་ཞེས་པ་ནི་ཚིག་སྔ་ཕྱི་འགལ་བའམ་མི་མཐུན་པར་དོན་སྟོན་བྱེད་ཀྱི་ཕྲད་ཡིན་མོད། འགྱུར་ཡིག་ཏུ་ཕྲད་འདིའི་བྱེད་ནུས་ཐོན་མེད་པར་ཚིག་སྔ་ཕྱི་མཐུན་པའི་དོན་བསྟན་ཡོད།
མ་ཡིག བླ་མ་རྗེ་བཙུན་འཁྲུངས་ཡུལ་དུ་ཕེབས་དུས་མནལ་ལམ་བཞིན་བྱུང་ངམ་ཡུམ་དང་མཇལ། འགྱུར་ཡིག 尊者回到故乡时,是否出现了如梦中一样的情况?见到母亲了吗?འདིར་འབྱེད་སྡུད་ཀྱི་ཕྲད་ངམ་ཞེས་པས་ཕྲད་ཀྱི་སྔ་ཕྱི་གཉིས་གདམ་ང་ལྟར་བརྗོད་ཡོད་མོད། འགྱུར་ཡིག་ཏུ་ཚིག་སྔ་ཕྱི་གཉིས་བཀར་མེད་པར་རྨི་ལམ་བཞིན་ཡུམ་དང་མཇལ་ལམ་ཞེས་པའི་དོན་ལྟར་བསྒྱུར་ཡོད། མ་ཡིག འདིར་སྟོན་ལས་ཀྱང་ཐུག་ང་ལ་བུ་ཞིག་ཀྱང་སྐྱེས་པས། འགྱུར་ཡིག 秋收已到,我已生孩子了。དཔེར་བརྗོད་འདིའི་ཁྲོད་དུ་སྟོན་ལས་ཀྱང་ཐུག་བུ་ཞིག་ཀྱང་སྐྱེས་ཞེས་པའི་དོན་གཉིས་ནི་ཕན་ཚུན་སྡུད་པའི་དོན་ལ་འཇུག་པ་ལས་འགྱུར་ཡིག་ལྟར་སྔ་མ་ཕྱི་མའི་རྐྱེན་དུ་སོང་བའི་དོན་མེད་པས་ནོར་ཡོད་དོ། །
◆ ཀླུ་མོ། བོད་ལྗོངས་སློབ་ཆེན་གྱི་2017ལོའི་ཞིབ་འཇུག་སློབ་མ།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1