སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་70ལོན་པའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དོན་འཁྱོལ་བྱེད་པའི་དཔྱད་གླེང་།
མི་དམངས་ཉིན་རེའི་ཚགས་པར་ཁང་གི་དཔྱད་བརྗོད་པས།
གྲུབ་འབྲས་ཡོད་ཚད་ནི་རྒྱུན་མཐུད་ངང་འབད་པ་བྱས་པའི་འབྲས་བུ་ཡིན་པ་དང་། རླབས་ཆེན་གྱི་བྱ་གཞག་ཐམས་ཅད་རྒྱུད་འཛིན་དང་དར་སྤེལ་བརྒྱུད་ནས་སྐུལ་འདེད་གཏང་དགོས།
མདུན་སྐྱོད་ཀྱི་ལམ་བུའི་ཐོག་ང་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། མི་དམངས་ཀྱི་གཙོ་གཞིའི་གོ་གནས་རྒྱུན་འཁྱོངས། ཕྱོགས་ཡོངས་ནས་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཐབས་ཇུས་བཅས་ལ་ལག་ལེན་མཐར་ཕྱིན་པ་བྱས་ཏེ། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་འདུན་པ་རྒྱུན་ཆད་མེད་པར་བསྐངས་ནས་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་གསར་པ་ཟམ་མི་ཆད་པར་གཏོད་དགོས་ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་70ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མུ་མཐུད་ནས་ང་ཚོའི་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲ་བརྟན་ཡག་པོ་ཡོང་རྒྱུ་དང་གོང་འཕེལ་ཡག་པོ་ཡོང་རྒྱུ། “ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་ཡུལ་མངོན་འགྱུར་ཡོང་རྒྱུ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བཅས་ཡོང་ཆེད་མུ་མཐུད་འབད་བརྩོན་ཧུར་ཐག་བྱ་རྒྱུར་སྐུལ་མ་བཏང་།
ལོ་ངོ་70རིང་དཀའ་ངལ་ཁྱད་བསད་དང་འབད་འབུངས་ཡར་བརྩོན་བྱས་པ་བརྒྱུད། དེ་རིང་། སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཀྲུང་གོ་ཞིག་དང་རེ་བས་ཁེངས་པའི་ཀྲུང་གོ་ཞིག་འཛམ་གླིང་གི་ཤར་ཕྱོགས་སུ་འགྱིང་ངེར་ལངས་ཡོད། མ་འོངས་པར་ཁ་ཕྱོགས་ན། ང་ཚོའི་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲུ་གཟིངས་ཀྱིས་རྦ་རླབས་གཏོར་བཞིན་ཡོད། མེས་རྒྱལ་གྱི་སྤྱི་ལེ་ངོས་གྲུ་ཁྲི་960ལྷག་ཙམ་གྱི་མཛེས་སྡུག་ལྡན་པའི་རི་ཀླུང་གིས་ང་ཚོར་རླབས་ཆེན་གྱི་བྱ་གཞག་གཏོད་རྒྱུར་ཡངས་ཤིང་རྒྱ་ཆེ་བའི་གར་སྟེགས་གཏོད་ཡོད། ཀྲུང་ཧྭ་མི་རིགས་ཀྱིས་ལོ་ངོ་5000ལྷག་ཙམ་རིང་བསྐྲུན་པའི་འོད་སྟོང་འཕྲོ་བའི་ཤེས་རིག་གིིས་ང་ཚོར་མདུན་སྐྱོད་བྱེད་པར་བསམ་པའི་སྟོབས་ཤུགས་ཆེན་པོ་ཞིག་མཁོ་འདོན་བྱས་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འགོར་རིང་ཐོབ་པའི་གྲུབ་འབྲས་ཀྱིས་ང་ཚོར་སླར་ཡང་འོད་སྟོང་འཕྲོ་བའི་གྲུབ་འབྲས་གཏོད་རྒྱུར་རྨང་གཞི་བརྟན་པོ་བཏིངས་ཡོད། ལོ་རྒྱུས་ལ་ཆེས་བཟང་བའི་གུས་བཀུར་དང་མ་འོངས་པར་ཆེས་བཟང་བའི་གདེང་ཚོད་ནི། རྒྱུན་ཆད་མེད་པར་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་གསར་གཏོད་བྱེད་པ་དང་། ང་ཚོའི་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དེ་བས་ཆེ་བའི་འོད་སྟོང་གསར་པ་གཏོད་རྒྱུ་དེ་ཡིན།
ལོ་རྒྱུས་ཀྱི་བྱ་གཞག་རླབས་ཆེན་གསར་པ་ཟམ་མི་ཆད་པར་གཏོད་དགོས་ན་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱ་དགོས། གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད། ཀྲུང་གོའི་ལས་དོན་ཡག་པོར་བསྒྲུབ་པའི་འགག་རྩ་ནི་ཏང་ལ་ཐུག་ཡོད། ལོ་ངོ་70ཡི་རིང་།
བཀག་སྡོམ་རྗེས་ལུས་ནས་སྒོ་འབྱེད་ཡར་ཐོན་གྱི་ཕྱོགས་སུ་བསྐྱོད་པ་དང་། ལྟོ་གོས་ཀྱིས་མི་འདང་བ་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པ། “དབུལ་ཞིང་ཕོངས་པ་”ནས་སྟོབས་འབྱོར་མངའ་ཐང་རྒྱས་པའི་ཕྱོགས་སུ་བསྐྱོད་པའི་བར། ཀྲུང་གོའི་མི་དམངས་ཀྱི་མྱོང་ཚོར་ཟབ་ཤོས་ནི། ཀྲུང་གོ་གསར་པར་འཛམ་གླིང་གིས་ལྟ་སྟངས་གསར་པ་འཛིན་པའི་རླབས་ཆེན་གྱི་རྒྱལ་ཁ་ཐོབ་པའི་རྒྱུ་རྐྱེན་གཙོ་བོ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱས་པས་རེད། མདུན་སྐྱོད་ཀྱི་ལམ་བུའི་ཐོག ང་ཚོས་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱས་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་གཞི་རྩ་ཡིན་པའི་ཁྱད་ཆོས་ཁོང་དུ་བརྟན་པོར་ཆུད་པར་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགེ་མཚན་ཆེ་ཤོས་འདོན་སྤེལ་གང་ལེགས་བྱ་དགོས། ཕྱོགས་ཡོངས་ནས་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཐབས་ཇུས་བཅས་ལ་ལག་ལེན་མཐར་ཕྱིན་པ་བྱས་ཏེ། ང་ཚོའི་ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་སྲོག་ཤིང་དུ་འགྱུར་བར་འགན་ལེན་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་མི་རིགས་བསྐྱར་དར་གྱི་རྒྱང་བསྐྱོད་ལམ་བུའི་ཐོག་གི་སྟོབས་ལྡན་གྱི་འགོ་ཁྲིད་ཀྱི་སྲོག་ཤིང་འགྱུར་བར་བྱ་དགོས།
ལོ་རྒྱུས་ཀྱི་བྱ་གཞག་རླབས་ཆེན་གསར་པ་ཟམ་མི་ཆད་པར་གཏོད་པར་མི་དམངས་ཀྱི་གཙོ་ཤུགས་གོ་གནས་རྒྱུན་འཁྱོངས་བྱ་དགོས། མི་དམངས་ནི་ལོ་རྒྱུས་གསར་གཏོད་བྱེད་མཁན་ཡིན་པ་དང། རྒྱལ་ཁབ་གྱི་མདུན་ལམ་དང་ལས་དབང་ཐག་གཅོད་བྱེད་པའི་རྩ་བའི་སྟོབས་ཤུགས་ཡིན། ཀྲུང་གོ་གསར་པས་“འཛམ་གླིང་ལ་ངོ་མཚར་སྐྱེས་སུ་བཅུག་པའི་”འཕེལ་རྒྱས་ཀྱི་གྲུབ་འབྲས་གཏོད་ཐུབ་པའི་རྒྱུ་མཚན་ནི་ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་གཙོ་ཤུགས་གོ་གནས་རྒྱུན་འཁྱོངས་དང་མི་དམངས་ཀྱིས་གསར་གཏོད་ཀྱི་བསམ་བློར་བརྩི་བཀུར། མི་དམངས་ཀྱི་འབོད་སྒྲ་ལ་ཉན་པ། མི་དམངས་ལ་བརྟེན་ནས་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་གཏོད་པའི་རྐྱེན་གྱིས་རེད། “མི་དམངས་ནི་སྤྱི་མཐུན་རྒྱལ་ཁབ་གྱི་རྨང་གཞི་བརྟན་པོ་ཡིན་པ་དང་། མི་དམངས་ནི་ང་ཚོའི་སྲིད་སྐྱོང་གི་གདིིང་ཤུགས་ཆེ་ཤོས་ཡིན། ” དུས་རབས་གསར་པར་མདུན་སྐྱོད་བྱེད་པར་ཀྲུང་གོའི་མི་དམངས་ཀྱི་རླབས་ཆེའི་གསར་གཏོད་སྙིང་སྟོབས་དང་། རླབས་ཆེན་འབད་འཐབ་ཀྱི་སྙིང་སྟོབས། རླབས་ཆེན་མཐུན་སྒྲིལ་གྱི་སྙིང་སྟོབས། རླབས་ཆེན་ཕུགས་འདུན་གྱི་སྙིང་སྟོབས་བཅས་རྒྱུན་ཆད་མེད་པར་དར་སྤེལ་གཏང་དགོས། ཕུ་ཐུང་བརྫེས་ནས་ཤུགས་བཏོན་ན། ང་ཚོས་དུས་རབས་གསར་པའི་འོད་སྟོང་འཕྲོ་བའི་བྱས་རྗེས་འཇོག་ཐུབ་ངེས་རེད།
ལོ་རྒྱུས་ཀྱི་བྱ་གཞག་རླབས་ཆེན་གསར་པ་ཟམ་མི་ཆད་པར་གཏོད་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་བྱ་དགོས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་ལྷག་པར་དུ་བཅོས་བསྒྱུར་སྒོ་འབྱེད་བྱས་ཚུན་གྱི་ལག་ལེན་རླབས་པོ་ཆེའི་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཁོ་ནས་མ་གཏོགས་དེང་རབས་ཀྱི་ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་གྱི་གནད་དོན་ཐག་གཅོད་ཐུབ་པའི་རིང་ལུགས་གཞན་གང་ཡང་མེད་པ་ར་སྤྲོད་བྱུང་ཡོད། དེ་ནི་ཏང་དང་མི་དམངས་ཀྱིས་ལོ་རྒྱུས་དོན་དངོས་ལས་ཐོབ་པའི་གཡོ་འགུལ་མེད་པའི་བསྡོམས་ཚིག་ཅིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ང་ཚོའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་སྤྱི་ཚོགས་ཀྱི་གསར་བརྗེ་རླབས་པོ་ཆེ་བྱས་པའི་གྲུབ་འབྲས་ཡིན་ལ། ང་ཚོའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་སྤྱི་ཚོགས་ཀྱི་རླབས་ཆེ་བའི་སྤྱི་ཚོགས་གསར་བརྗེ་བྱེད་པའི་རྒྱུན་མཐུད་ཅིག་ཡིན་པས། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱ་དགོས།”ཞེས་ནན་བཤད་གནང་། དེ་རིང་། ང་ཚོའི་བགྲོད་ལམ་ཇི་ཙམ་བསྐྱོད་ན་དེ་ཙམ་གྱིས་ཡངས་ཤིང་རྒྱ་ཆེ་རུ་འགྲོ་བ་དང་། ང་ཚོའི་རིགས་པའི་གཞུང་ལུགས་ཟམ་མི་ཆད་པར་འཕེལ་རྒྱས་སུ་འགྲོ་བ། ང་ཚོའི་ལམ་ལུགས་ཉིན་རེ་བཞིན་འཐུས་ཚང་དུ་འགྲོ་བ། ང་ཚོའི་རིག་གནས་རྒྱུན་མཐུད་དར་རྒྱས་བཅས་ཡོང་བཞིན་ཡོད། ཀྲུང་གོ་གུང་ཁྲན་ཏང་ལ་ལོ་རྒྱུས་ཀྱི་རང་རྟོགས་ཆེན་པོ་ལྡན་པ་དང་ཏང་གི་རང་ངོས་ཀྱི་གསར་བརྗེ་བརྒྱུད་དེ་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་རླབས་ཆེ་བའི་སྤྱི་ཚོགས་གསར་བརྗེ་བྱེད་པར་སྐུལ་འདེད་བཏང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་དེ་བས་སྟོབས་ཆེ་བ་དང་དེ་བས་གོ་སྐོན་བློ་འགུག་གི་ནུས་པ་ལྡན་པའི་བདེན་དོན་གྱི་སྟོབས་ཤུགས་མངོན་གང་ཐུབ་བྱས་ཡོད།
མི་རབས་ནས་མི་རབས་བར་གྱི་རྒྱང་སྐྱོད། ང་ཚོས་རི་ཆུ་ཁྲི་སྟོང་མང་པོ་བརྒལ་ཟིན་ནའང་། ད་དུང་སྔར་བཞིན་རི་ཆུ་བརྒལ་དགོས། ལོ་ངོ་5000ལྷག་ཙམ་གྱི་ཤེས་རིག་ལོ་རྒྱུས་ལྡན་པ་དང་ཀྲུང་གོ་གསར་པའི་ལོ་ངོ་70ཡི་མཛད་རྗེས་བསྐྲུན་ཐུབ་པའི་རླབས་ཆེན་གྱི་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་དུས་རབས་གསར་པའི་རྒྱང་སྐྱོད་གསར་པའི་བགྲོད་ལམ་ཐོག་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་གསར་པ་གཏོད་ངེས་ཡིན་ལ། དེ་བས་མཛེས་སྡུག་ལྡན་པའི་དུས་རབས་ཀྱི་ལེའུ་གསར་པ་རྩོམ་ཐུབ་པའི་ཡིད་ཆེས་བརྟན་པོ་ལྡན། །