འདི་ནི་ཁ་བ་བབས་རྗེས་ཀྱི་ཕོ་བྲང་པོ་ཏ་ལའི་རྣམ་པ་རེད།
ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། རང་བྱུང་ཆ་རྐྱེན་དང་ལོ་རྒྱུས་ཀྱི་དབང་གིས་བོད་ལྗོངས་ནི་རྒྱལ་ཡོངས་ཀྱི་དབུལ་པོ་ཐོན་ཚད་མཐོ་ཤོས་དང་། དབུལ་པོའི་ཚད་གཞི་ཟབ་ཤོས། དབུལ་སྐྱོར་གྱི་མ་གནས་མཐོ་ཤོས། དབུལ་སྒྲོལ་གྱི་དཀའ་གནད་ཆེ་ཤོས་ཀྱི་ས་ཁོངས་ཤིག་ཡིན་པ་དང་། དེ་ནི་རང་རྒྱལ་གྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་དབུལ་ཕོངས་ཀྱི་ཚད་རིམ་མཐོ་བའི་ས་ཁུལ་གཅིག་པུ་ཡིན། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཕྱོགས་ཡོངས་ནས་རྒྱག་འགོ་ཚུགས་པ་ནས་བཟུང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ནུས་ཤུགས་ཡོད་རྒུས་འབད་འཐབ་བྱས་པར་བརྟེན་དབུལ་སྒྲོལ་འགག་སྒྲོལ་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།
བོད་ལྗོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་བརྒྱུད་རིམ་ཁྲོད། དམངས་གཉེར་ཁེ་ལས་ཀྱི་ནུས་པར་སྣང་ཆུང་བྱེད་མི་རུང་སྟེ། “ཁེ་ལས་བརྒྱས་གྲོང་ཚོ་བརྒྱར་རོགས་རམ་བྱེད་པའི”གནད་སྨིན་དབུལ་སྐྱོར་གྱི་བྱ་སྤྱོད་ནང་བོད་ལྗོངས་སུ་རྒྱལ་ཡོངས་ཀྱི“ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲིར་རོགས་རམ་བྱེད་པའི”རྩིས་ཁྲའི་དོ་དམ་མ་ལག་ནང་བཅུག་པའི་དམངས་གཉེར་ཁེ་ལས་703ཟིན་པ་དང་། དབུལ་པོ་མི་གྲངས་ཁྲི་8.2ལྷག་ཙམ་ལ་རོགས་སྐྱོར་བྱས་ཤིང་། རྣམ་གྲངས་ཀྱིས་རོགས་སྐྱོར་བྱས་པའི་བསྡོམས་འབོར་སྒོར་དུང་ཕྱུར་23.2ཟིན་ཡོད། དེར་ཐོན་ལས་དབུལ་སྐྱོར་དང་། ལས་ཞུགས་དབུལ་སྐྱོར། སྤྱི་ཕན་དབུལ་སྐྱོར། རྩལ་ནུས་དབུལ་སྐྱོར་སོགས་ཀྱི་ཁྱབ་ཁོངས་མང་པོ་ཚུད་ཡོད་པ་རེད། ན་ནིང་བོད་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མིའི་ཁེ་ལས་ཀྱིས་ཐེམ་ཁུངས་བོད་ལྗོངས་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མར་ལས་གནས་3300ལྷག་ཙམ་མཁོ་འདོན་བྱས་ཏེ་མི་800ལྷག་ཙམ་ལས་ཞུགས་ཐུབ་ཡོད་པ་རེད།
འདི་ནི་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་ཨུ་ཡོན་གྱིས་གྲོས་བསྡུར་བྱེད་པའི་ཡུལ་དངོས་རེད།
མཇུག་སྒྲིལ་མ་ཐག་པའི་བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོགབོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་གྱིས་བོད་ལྗོངས་ཀྱི་འཕེལ་རྒྱས་ལ་དམིགས་ནས་ཐབས་འདོན་ཇུས་འདོན་བྱས་པ་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་རིགས་སུ་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཨུ་ཡོན་གྱིས་དམངས་གཉེར་ཁེ་ལས་འཕེལ་རྒྱས་ཀྱི་དཀའ་གནད་ལ་དོ་ཁུར་དང་གཙིགས་མཐོང་ཆེན་པོ་བྱས་ཏེ་ལས་རིགས་འཕེལ་རྒྱས་ཀྱི་འགག་སྒོ་སེལ་བ་རེད།
སྲིད་གྲོས་ཨུ་ཡོན་ཧན་ཡུས་ཀྱིས་བཤད་རྒྱུར། “ས་གནས་ཤིག་གི་ཁྲོམ་ར་ཅན་དུ་འགྱུར་བའི་ཚད་ཇི་ཙམ་མཐོ་ན། དམངས་གཉེར་དཔལ་འབྱོར་དེ་ཙམ་གྱིས་འཁྲུག་ཆ་དོད་པ་དང་དར་རྒྱས་ཆེ་བས། དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་དེ་བས་ལྡན་པ་ཡིན། དམངས་གཉེར་དཔལ་འབྱོར་གྱིས་རང་རྒྱལ་གྱི་དཔལ་འབྱོར་ལ་འཕར་སྣོན་དང་། ལས་ཞུགས། ཁྲལ་བསྡུ་བཅས་ལ་གལ་འགངས་ཆེ་ཞིང་ཚབ་བྱེད་ཐབས་བྲལ་བའི་བྱས་རྗེས་བཞག་ཡོད་པར་མ་ཟད། དུས་མཚུངས་སུ་རང་རྒྱལ་གྱི་དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་དང་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་འཛུགས་སྐྲུན་ལའང་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད”ཅེས་བཤད།
མིག་སྔར། བོད་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ཁྲོམ་རའི་བྱེད་པོ་དུད་ཚང་ཁྲི་31.2ཟིན་པ་དེས་བོད་ལྗོངས་ཀྱི་རིགས་ཁག་གི་ཁྲོམ་རའི་བྱེད་པོའི་96.8%ཟིན་པ་དང་། ཐོ་འགོད་མ་རྩ་སྒོར་དུང་ཕྱུར་8803.7དུ་སླེབས་ཤིང་། དམངས་གཉེར་དཔལ་འབྱོར་གྱིས་བོད་ལྗོངས་ཀྱི་འཕེལ་རྒྱས་ལ་ཁྲལ་འབབ་90%དང་ལས་ཞུགས་90%ཡི་བྱས་རྗེས་བཞག་ཡོད། དམངས་གཉེར་དཔལ་འབྱོར་གྱི་འཕེལ་རྒྱས་བཟང་པོ་དེ་སྔར་བས་ཀྱང་བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།
འདི་ནི་ལྷ་ས་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་། བོད་ལྗོངས་དངུལ་ཁང་། དམངས་གཉེར་ཁེ་ལས་བཅས་ཕྱོགས་གསུམ་པོའི་ལས་སྒོའི་མཉམ་ལས་སྦྲེལ་མཐུད་བྱེད་སྒོའི་ཡུལ་དངོས་རེད།
དེར་བརྟེན་བོད་རང་སྐྱོང་ལྗོངས་ཀྱིས་གཟིགས་སྐྱོང་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་བཟོས་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་སུ་འགྲོ་བའི་དཔྱིད་དཔལ་གསར་པ་ཞིག་བསུས་ཤིང་། ཉེ་བའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཐེངས་མང་པོར་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ལས་རིགས་ཀྱིས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་ཞིང་། འཕེལ་རྒྱས་ཀྱི་ཞན་ཆ་ཁ་གསབ་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ་སོགས་ཀྱི་ལས་དོན་གྲོས་ཚོགས་རབ་དང་རིམ་པ་སྒྲིག་འཛུགས་བྱས་ཏེ། རྒྱལ་ཁྲལ་དང་། བཟོ་ཚོང་། མི་ཤུགས་སྤྱི་ཚོགས་འགན་སྲུང་། བསྡོམས་རྩིས། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་བཅས་ཕྱོགས་ལྔའི་འབྲེལ་གཏུག་བྱེད་པའི་ལས་ཀའི་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་པ་དང་། ཁེ་ལས་ཆུང་གྲས་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་འཚོགས་ཏེ། ཧུར་ཐག་སྒོས་དངུལ་ཁང་དང་ཁེ་ལས་སྦྲེལ་མཐུད་ཀྱི་ལས་སྟེགས་གསར་གཏོད་དང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་ཁྲིད་སྟོན་བྱེད་དགོས།
སྲིད་གྲོས་ཨུ་ཡོན་ལིན་ཁྲུན་ཧྥུའུ་ཡིས་བསྟན་དོན། མིག་སྔའི་འཕེལ་རྒྱས་ཀྱི་དུས་བབ་བཟང་པོའི་འོག སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣས་ངེས་པར་དུ་གོ་སྐབས་དམ་འཛིན་བྱས་ཏེ་ཁྲིམས་སྲུང་དང་ཁ་དན་ཚིག་གནས་ཀྱི་དར་སྤེལ་གཏོང་མཁན་དང་། གསར་གཏོད་ལས་གཏོད་ཀྱི་སྣེ་ཁྲིད་པ། ཁེ་ལས་འཕེལ་རྒྱས་ཀྱི་གསར་གཏོད་པ། སྤྱི་ཚོགས་ལ་དྲིན་ལན་འཇལ་བའི་ལག་ལེན་པ་ཞིག་བྱེད་པར་བརྩོན་ལེན་བྱེད་དགོས་ཞེས་བཤད།
ཕྱོགས་ཡོངས་ནས་ལས་གཉེར་དཔྱ་ཁྲལ་དེ་གནས་ཐང་འཕར་ཁྲལ་དུ་བསྒྱུར་(གཤམ་དུ་བསྡུས་མིང་ལ་གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་ཞེས་འབོད་རྒྱུ)བ་ལག་བསྟར་བྱས་པ་ནས་བཟུང་། བོད་ལྗོངས་ཀྱི་ཁྲལ་དོན་ལས་ཁུངས་རིམ་པ་ཁག་གིས་ཁེ་ལས་ལ་ཁྲལ་རྩིས་ཐབས་ཤེས་ལུགས་མཐུན་ངང་གདམ་ག་བྱེད་པར་སྣེ་སྟོན་བྱས་ཏེ། བརྟག་དཔྱད་བྱེད་རིང་ཤེས་རྟོགས་བྱུང་བའི་དོགས་གནད་དང་། དཀའ་གནད། གནད་དོན་བཅས་ལ་དམིགས་ནས་ཁྲལ་དང་ཁེ་ལས་དབར་ཉམས་མྱོང་བརྗེ་རེས་གཏིང་ཟབ་བྱས་ཏེ་ཁེ་ལས་ལ་གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་བ་དང་དཔྱ་ཁྲལ་ཉུང་དུ་གཏོང་བ་ལོངས་སྤྱོད་བྱེད་དུ་བཅུག སྲིད་གྲོས་ཨུ་ཡོན་ཧན་ཡུས་ཀྱིས་བཤད་རྒྱུར། “ཕྱོགས་ཡོངས་ནས‘གཉེར་ཁྲལ་འཕར་ཁྲལ’དུ་བསྒྱུར་བ་ནས་བཟུང་། ཁྲལ་དངུལ་ཚབ་འཕྲི་གཏོང་བའི་སྦྲེལ་ཐག་ཤར་གཏོང་ཐུབ་ནས་རྒྱུན་གཏན་གྱི་ཐོན་སྐྱེད་གཉེར་སྐྱོང་གི་ཁྲལ་འཁྲི་ཟམ་མི་ཆད་པར་ཇེ་ཡང་དུ་ཕྱིན་ཡོད་དེ། ཁེ་ལས་ཀྱི་ལམ་ལུགས་འཛུགས་སྐྱོང་སྔར་བས་འཐུས་ཚང་དུ་ཕྱིན་པ་དང་། ཁང་པ་བོགས་མར་གཏོང་ལེན་གྱི་གྲོན་དངུལ་དང་། སྡེ་ལས་དོ་དམ་གྱི་གྲོན་དངུལ། ངལ་རྩོལ་ནུས་ཤུགས་ཕྱིར་འགན་གཙང་སྤྲོད་པའི་ཞབས་ཞུའི་འགྲོ་གྲོན་སོགས་ཞབས་ཞུའི་གཏོང་སྒོ་མང་པོ་ཚང་མར་འཐེན་འཕྲི་མངོན་འགྱུར་བྱུང་ནས་ཁེ་ལས་ཀྱིས་སྲིད་ཇུས་ཀྱི་ཁེ་སྤོགས་དངོས་ལོངས་སྤྱོད་ཐུབ་པ་བྱས་ཡོད”ཅེས་བཤད།
ཁེ་ལས་ཆུང་འབྲིང་ནི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྟོབས་ཤུགས་གསར་པ་ཞིག་ཡིན་ཞིང་། དེ་ནི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྨང་གཞི་གལ་ཆེན་ཞིག་ཡིན། ལྷག་པར་དུ་བོད་ལྗོངས་སུ་ཁེ་ལས་ཆུང་འབྲིང་ནི་ལས་ཞུགས་ཐག་གཅོད་བྱེད་པའི་ཐབས་ལམ་གཙོ་བོ་ཞིག་དང་། མང་ཚོགས་ཀྱི་ཡོང་འབབ་འཕར་བའི་ཡོང་ཁུངས་གཙོ་བོ། དཔལ་འབྱོར་འཕེལ་རྒྱས་ཀྱི་འདེགས་སྐྱོར་གལ་ཆེན་དང་། སྤྱི་ཚོགས་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་རྨང་གཞི་གལ་ཆེན། མང་ཚོགས་ཀྱི་མིག་སྔའི་བདེ་སྐྱིད་ཀྱི་འཚོ་བར་ཁྲིད་སྟོན་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པས། མི་རིགས་དབར་གྱི་འགྲོ་འོང་དང་། འབྲེལ་འདྲིས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་ཆེན་པོ་ཐོན་ཡོད།
འདི་ནི་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་ཕྱིང་ལུང་ཤང་ཨ་རྒུ་གྲོང་ཚོའི་གྲོང་མི་བསོད་ནམས་ཚེ་རིང་གིས་ཚོང་སྟེགས་སུ་འོ་བཟོས་ཚོང་རྫས་ཕྱིར་འཚོང་བྱེད་པའི་རྣམ་པ་རེད།
སྲིད་གྲོས་ཨུ་ཡོན་ཁྲེན་ཅན་ཡའོ་ཡིས་བཤད་རྒྱུར། “རྒྱ་ཡན། ‘དོ་དམ། ཞབས་ཞུ’བཅས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས། གཞི་རྩའི་དཔལ་འབྱོར་ལམ་ལུགས་གཞིར་བཟུང་ནས་ལས་དོན་བསྒྲུབས་པ་དང་། གཞུང་ཁོངས་དཔལ་འབྱོར་དང་དམངས་གཉེར་དཔལ་འབྱོར་ལ་ཕྱོགས་རིས་མེད་པ་དང་ལྟ་སྟངས་འདྲ་མཉམ་བཟུང་སྟེ་ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས་ལ་ཁོར་ཡུག་བཟང་པོ་ཞིག་གསར་སྐྲུན་བྱས་ཡོད། འདི་ནི་དམངས་གཉེར་ཁེ་ལས་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་བའི་གཞི་རྩའི་སྔོན་འགྲོའི་ཆ་རྐྱེན་ཡིན་ལ། ང་ཚོའི་ཁེ་ལས་ཆུང་འབྲིང་གི་སྲོག་ཤིང་རེ་འདུན་ཡང་ཡིན”ཞེས་བཤད།
རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཀྱིས“ལྷུག་གཏོང་དང་། དོ་དམ། ཞབས་ཞུའི”སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་ཁེ་ལས་གཉེར་བའི་དུས་ཚོད་དེ་ལས་ཀའི་ཉིན་གྲངས་ལྔ་བར་ཐུང་དུ་བཏང་ཡོད་པ་རེད། བཟོ་ལས་དང་གཉེར་སྐྱོང་རང་བཞིན་གྱི་རྒྱལ་ཁབ་ལ་དབང་བའི་འཛུགས་སྐྲུན་གྱི་ས་ཆ་བཀོལ་སྤྱོད་བྱེད་པའི་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་ཡོང་བ་བྱས་ཏེ། དམངས་གཉེར་ཁེ་ལས་དང་ཁེ་ལས་ཆུང་འབྲིང་གི་ཆད་དངུལ་གཙང་འཇལ་དང་ཁུར་པོ་ཡང་དུ་གཏོང་བར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ཁེ་ལས་ཆུང་འབྲིང་གི་སྤྱི་པའི་ཞབས་ཞུའི་ལས་སྟེགས་རྩ་བའི་ཆ་ནས་འཛུགས་སྐྲུན་ཟིན་ཏེ། ཁེ་ལས་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་ཐབས་བཏོན་ནས་དམངས་གཉེར་ཁེ་ལས་ཀྱི་བཅའ་ཁྲིམས་ཞབས་ཞུར་ཤུགས་སྣོན་རྒྱག་པ་དང་། ཁེ་ལས་ཀྱི་ཁུར་པོ་ཤུགས་ཆེན་སྒོས་ཇེ་ཡང་དུ་བཏང་ནས་སྡོད་དམངས་དང་སྤྱིར་བཏང་བཟོ་ཚོང་ལས་རིགས་ཀྱི་གློག་རིན་སླར་ཡང་10%མར་ཆག་ཡོད། ཚོང་འགུགས་མ་འདྲེན་གྱིས་མ་དངུལ་སྒོར་དུང་ཕྱུར་360གཏོང་བ་ལེགས་གྲུབ་བྱུང་ནས་ལོ་འཁོར་གྱི་དམིགས་ཚད་ཚད་བརྒལ་ངང་ལེགས་འགྲུབ་བྱུང་ཡོད་པ་རེད།