༄༅།།བརྒལ་ལན་ཐོན་མི་བཞད་པའི་སྒྲ་དབྱངས།

བླ་ནག་པ་ཡེ་ཤེས་བཟང་པོ། རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། 01-17



བླ་ནག་པ་ཡེ་ཤེས་བཟང་པོ།
《དབྱངས་ཡིག་གི་གྲངས་ངེས་སྐོར་ལ་བསྐྱར་དུ་དཔྱད་པ་》ཞེས་པའི་རྩོམ་ཡིག་གི་འཁྲུལ་བ་འགར་དཔྱད་པ།
[ནང་དོན་གནད་བསྡུས།]ཉེ་སྔོན་ཕུར་ཕན་གྱིས་《དབྱངས་ཀྱི་གྲངས་ངེས་སྐོར་ལ་བསྐྱར་དུ་དཔྱད་པ་》ཞེས་པའི་རྩོམ་ཡིག་ཅིག་སྤེལ་ཏེ་བླ་ནག་པ་ཡེ་ཤེས་བཟང་པོའི་《<གསེར་ཏོག་སུམ་རྟགས་>ལས་ཨ་ཡིག་དབྱངས་གསལ་གཉིས་ཀར་འདོད་པའི་དོགས་དཔྱོད་》ཅེས་པའི་རྩོམ་ཡིག་ལ་ལུང་གི་རྒྱབ་རྟེན་མ་དག་ཚུལ་དང་། སྒྲུབ་བྱེད་གནད་ལ་མ་སྨིན་ཚུལ་སོགས་ཀྱི་སྐྱོན་ཡོད་ཚུལ་གླེང་བར།  ད་ཐེངས་བླ་ནག་པ་ཡེ་ཤེས་བཟང་པོས་རྩོམ་ཡིག་འདི་སྤེལ་ཏེ་ཁོང་རང་ཉིད་ཀྱི་རྩོམ་ཡིག་ལ་དེ་འདྲའི་སྐྱོན་མི་འཇུག་ཚུལ་དང་། དེ་ལས་ལྡོག་སྟེ་ཕུར་ཕན་གྱི་རྩོམ་ཡིག་ལ་སྐྱོན་དང་འགལ་འཁྲུལ་འགའ་ཞིག་བྱུང་ཡོད་ཚུལ་དཔེར་བརྗོད་དང་སྦྲགས་ནས་གླེང་བརྗོད་བྱས་ཡོད།
[བརྡ་ཆད་གཙོ་བོ།]ཨ་ཡིག དབྱངས། གསལ་བྱེད། མིང་། ཚིག  ཡུལ། ཡུལ་ཅན།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] H214[ཡིག་ཚང་མཚོན་བྱང་།]A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X(2018)01-136-16
        དེ་ཡང་མཁས་པ་དང་ཞིབ་འཇུག་པ་ཕན་ཚུན་དབར་བརྒལ་བརྟག་དང་བགྲོ་གླེང་བྱེད་པ་ནི་གཅིག་གིས་གཅིག་ལ་དམའ་འབེབས་པ་ཞིག་མ་ཡིན་པར། ཅིག་ཤོས་ཀྱི་ལྟ་ཚུལ་ཡང་མ་དག་པའི་རིགས་ལ་ཡོ་བསྲང་དང་གསལ་འདེབས། ལེགས་པའི་ཆ་དང་བློ་སྐྱེད་ཀྱི་རིགས་རྣམས་ལེན་པའི་ཐབས་ལམ་ཆེས་བཟང་པོ་ཞིག་ཡིན་ལ། མི་རིགས་སྤྱིའི་རིག་གཞུང་འཕེལ་རྒྱས་སུ་གཏོང་བའི་ཐབས་ཤེས་བླ་ན་མེད་པ་ཞིག་ཀྱང་ཡིན། བོད་ཀྱི་ལོ་རྒྱུས་སྟེང་སྤུ་རྒྱལ་བཙན་པོའི་སྐུ་རིང་ནས་ཆོས་ལུགས་དང་རིག་གཞུང་ཕན་ཚུན་དབར་འགལ་བ་འབྱུང་དུས་ཕན་ཚུན་བརྒལ་བརྟག་བྱེད་པའི་ཐབས་ལ་བརྟེན་ནས་འགལ་བ་དེ་རིགས་ཐག་གཅོད་ཀྱིས་ཆོས་ལུགས་ཀྱི་ལྟ་གྲུབ་སོགས་ལ་དག་ཐེར་དང་ཡང་དག་པའི་ཕྱོགས་སུ་འཕེལ་རྒྱས་བཏང་ཡོད། སྲོལ་ལུགས་དེ་འདྲ་བོད་ཀྱི་ལོ་རྒྱུས་ཀྱི་དུས་རིམ་མི་འདྲ་བ་མང་པོ་བརྒྱུད་དེ་ཉེ་རབས་བར་དུ་རྒྱུན་བསྐྱངས་ནས་འོངས་ཤིང་། དེང་དུས་ཀྱང་རིག་གཞུང་ཞིབ་འཇུག་གི་ཁྱབ་ཁོངས་སུ་ཉམས་མེད་པ་དཔེར་ན། དུས་རབས་གོང་མའི་ལོ་རབས་དགུ་བཅུའི་ནང་མཁས་དབང་དོར་ཞི་རིན་པོ་ཆེ་དང་བོད་ཀྱི་བརྡ་སྤྲོད་སྨྲ་བའི་ཁྱུ་མཆོག་རྒན་མི་ཉག་བུ་ཕྲུག་རྣམ་གཉིས་ཀྱིས་ཀྱང་བརྡ་སྤྲོད་ཀྱི་དཀའ་གནད་ཐད་བརྒལ་བརྟག་དང་དགག་གཞག་མང་དུ་གནང་མྱོང་བ་མ་ཟད། རྒྱལ་ཡོངས་བོད་ཀྱི་རིག་གཞུང་དུས་དེབ་གྲགས་ཅན་《བོད་ལྗོངས་ཞིབ་འཇུག་》གིས་བོད་ཀྱི་སྔར་ཡོད་སྲོལ་རྒྱུན་བཟང་པོའི་རྒྱུན་འཛིན་ལ་དམིགས་ཏེ་མཁས་དབང་རྣམ་གཉིས་ཀྱི་དགག་རྩོམ་དག་བསྟུད་མར་དུས་དེབ་སྟེང་དཔར་འགོད་བྱས་པས། བོད་ཀྱི་རིག་གཞུང་ཞིབ་འཇུག་གི་ལས་རིགས་ཁྲོད་དུ་ལན་ཆ་བཟང་པོ་དང་སྐད་གྲགས་ཆེན་པོ་བྱུང་ཡོད་པ་ལྟ་བུ་ཡིན།   
        ད་ལམ་ཡང་མཁྱེན་ལྡན་མ་ཕུར་བུ་ཕན་ཐོགས་ལགས་ཀྱིས་དེ་སྔ་ཁོ་བོས་བྲིས་པའི་《གསེར་ཏོག་སུམ་རྟགས་ལས་ཨ་ཡིག་དབྱངས་གསལ་གཉིས་ཀར་འདོད་པའི་དོགས་དཔྱོད་》(གཤམ་དུ་《དོགས་དཔྱོད་》ཅེས་བསྡུ་རྒྱུ་)ཅེས་པར་བོད་ཀྱི་བརྡ་སྤྲོད་རིག་པར་ཤ་ཚ་བའི་ཀུན་སློང་གིས་བརྒལ་བརྟག་གི་ཚུལ་དུ་《དབྱངས་ཡིག་གི་གྲངས་ངེས་སྐོར་ལ་བསྐྱར་དུ་དཔྱད་པ་》(གཤམ་དུ་《དོགས་ལན་》ཞེས་འགོད་རྒྱུ་)ཞེས་པའི་རྩོམ་ཡིག་ཅིག་༢༠༡༧ལོའི་《བོད་ལྗོངས་ཞིབ་འཇུག་》བོད་ཡིག་དུས་དེབ་གཉིས་པའི་སྟེང་སྤེལ་གནང་འདུག་པས། ཁོ་བོས་ཐོག་མར་ཁོང་ལ་བོད་ཀྱི་རིག་གཞུང་ལ་ཤ་ཚ་ཞིང་རང་གི་ལྟ་ཚུལ་སྦ་གསང་མེད་པར་གསུངས་པ་ལ་ཐལ་མོ་སྙིང་གར་སྦྱར་ནས་རྗེས་སུ་ཡི་རང་ཞུ་བ་དང་ཆབས་ཅིག ད་ལམ་ཁྱེད་དང་ལྷན་ཅིག་ཏུ་བོད་ཀྱི་བརྡ་སྤྲོད་པའི་གཞུང་ལ་བརྒལ་བརྟག་དང་ཞིབ་འཇུག་བྱ་རྒྱུ་བྱུང་བ་ནི་ཤིན་ཏུ་ནས་ཀྱང་བསྐལ་པ་བཟང་པོ་ཞིག་བྱུང་ཞེས་ཞུ་རྒྱུ་ཡིན།   
        དེ་ཡང་ལོ་ཤས་ཀྱི་གོང་དུ་ཁོ་བོས་《གསེར་ཏོག་སུམ་རྟགས་》ལས་ཨ་ཡིག་དབྱངས་གསལ་གཉིས་ཀར་གསུངས་པ་དེ་ཐོན་མིའི་གཞུང་ལུགས་དང་ཡོངས་སུ་འགལ་བར་སེམས་ཀྱིས་མ་བཟོད་པ་དང་། ཐོན་མིའི་སྒྲ་རིག་པའི་བསྟན་པ་སྲུང་འདོད་ཀྱིས་ཀུན་ནས་བསླངས་ཏེ་རིགས་པ་ཡང་དག་གི་སྲང་ལ་བཅལ་ནས་《དོགས་དཔྱོད་》ཅེས་པའི་དཔྱད་རྩོམ་ཞིག་བྲིས་པ་དེ་ཉིད་༢༠༡༥ལོའི་《བོད་ལྗོངས་ཞིབ་འཇུག་》བོད་ཡིག་དུས་དེབ་གཉིས་པའི་སྟེང་དུ་བཀོད་མོད། ཇི་སྐད་དུ། སློབ་དཔོན་རྒྱལ་བའི་སྲས་ཀྱིས། “དོན་དཀའ་བ་ལ་བདག་འདྲའི་བློ། །འཁྲུལ་མི་སྲིད་པ་མ་ཡིན་པས། །གལ་ཏེ་རིགས་པར་བལྟ་ན་ལོངས། །ཅི་སྟེ་མིན་ན་གཞན་དུ་གྱིས། །”ཞེས་གསུངས་པ་ལྟར། ཁོ་བོ་ནི་མ་གཞི་ནས་བློ་གྲོས་ཀྱི་རྩལ་ཞན་ཅིང་བརྩོན་པའི་མཐུ་ཆུང་བས་རིག་གཞུང་གི་དཀའ་གནད་ཐད་བགྲོ་གླེང་བགྱིས་ཚེ་མ་རྟོགས་ལོག་རྟོག་གི་སྐྱོན་དང་ནོར་འཁྲུལ་འབྱུང་ངེས་པ་སྨོས་མེད་ཡིན་སྟབས། དེར་གཟུར་གནས་མཁས་པས་སྐྱོན་སེལ་དང་དགག་གཞག་གནང་ན། དགའ་ཞིང་སྤྲོ་བའི་ངང་ནས་དང་ལེན་ཞུ་དགོས་པ་ནི་སྨོས་ཅི་འཚལ། དེ་བས་ད་རེས་ཀྱང་སྐོམ་པ་ཆུ་འདོད་བཞིན་ཕུར་ཕན་ལགས་ཀྱི་དཔྱད་རྩོམ་གྱི་འགོ་ནས་མཇུག་བར་ཞིབ་ཏུ་ལན་ཁ་ཤས་བཀླགས་པ་ཡིན་ལ། དེས་ཁོ་བོར་བློ་སྐྱེད་གསར་པ་ཡང་སྦྱིན་པས། དགའ་སྤྲོ་ཤིན་ཏུ་བརྟས། ཡིན་ན་ཡང་བསམ་ཡུལ་ལས་འདས་པ་ཞིག་ནི། བདག་གི་《དོགས་དཔྱོད་》དུ། “དེང་གི་སྒྲ་རིག་སྨྲ་བར་རློམས་པ་ལ་ལས། བོད་ལ་དང་པོ་དབྱངས་ཨ་ཨི་ཨུ་ཨེ་ཨོ་བཅས་ལྔ་དང་། དེ་རེ་རེའི་མཐར་རྗེས་འཇུག་བཅུ་སྦྱར་བས། རྒྱས་པར་ང་ལྔ་ཡོད་ཅེས་ཟེར་”ཞེས་པ་དེ་ཕུར་ཕན་ལགས་ལ་བཤད་པར་དོགས་པའམ་ཅི་སྟེ། གང་ལྟར་ཁོང་གིས་ཁོ་བོའི་《དོགས་དཔྱོད་》ལ་གནད་ལ་མ་ཁེལ་པའི་དགག་གཞག་ལྟར་སྣང་མང་པོ་ཞིག་མཛད་འདུག་པ་མ་ཟད། ད་དུང་ཡང་ཨུ་ཚུགས་ཀྱིས་ཨ་ཡིག་དེ་དབྱངས་གསལ་གཉིས་ཀ་ཡིན་པར་ཅི་ནུས་སུ་བསྒྲུབས་གནང་འདུག་པས། འདིར་དེའི་སྐོར་ལ་ཁོང་དང་བགྲོ་གླེང་དང་སྦྲགས་ཡང་བསྐྱར་གསལ་འདེབས་ཀྱི་ཚུལ་དུ་དཔྱད་རྩོམ་འདི་མི་འབྲི་ཐབས་མེད་བྱུང་།   
        དེ་ཡང་ཕུར་ཕན་ལགས་ཀྱི་《དོགས་ལན་》དུ།  ཁོ་བོའི་ལུང་གི་རྒྱབ་རྟེན་རྣམས་མ་དག་ཚུལ་དང་སྒྲུབ་བྱེད་ཁུངས་བཙན་མིན་ཚུལ། དགག་སྒྲུབ་གནད་ལ་མ་སྨིན་ཚུལ་སོགས་གསུངས་མོད། དོན་དུ་ཁོང་གི་དཔྱད་རྩོམ་ཞིབ་ཏུ་བཀླགས་ཏེ་སྒྲུབ་བྱེད་དག་ལ་ནན་གྱིས་གཞིགས་ཚེ། རྔའི་ཚོད་ཀྱི་སྒྲ་དང་བའི་ཚོད་ཀྱི་འོ་མ་བྱུང་མེད་པ་ནི་མངོན་སུམ་མྱོང་གྲུབ་ལགས་ཏེ། གཤམ་དུ་དེ་དག་རེ་རེ་བཞིན་བརྗོད་པར་བྱ།   
        དང་པོ།  ཁོ་བོའི་《དོགས་དཔྱོད་》ལ་ཕུར་ཕན་ལགས་ཀྱིས་སྐྱོན་བསྟན་གནང་བ་དེ་དག་མི་འཇུག་ཚུལ།   
        དེ་ཡང་《དོགས་ལན་》གྱི་ཚན་པ་དང་པོ་གཞན་ལུགས་དགག་པའི་ཁྲོད་ཀྱི་“གཅིག ལུང་འདྲེན་སྐོར་གྱི་དང་པོ་”ཞེས་པ་ལས “བླ་ནག་པས་རྩོམ་ཡིག་ཏུ་ཞ་ལུ་ལོ་ཙཱ་བའི་གསུང་ལུང་འདྲེན་མཛད་པའི་བར་ཏག་ཏག‘སྤྱིར་མོ་ཡིག’ཅེས་པའི་འགྲེལ་པ་ཡིན་པ་གང་ཞིག་”ཅེས་བྱུང་། དེ་ནི་ཤིན་ཏུ་ནོར་བ་སྟེ། ཁོ་བོས་ལུང་འདྲེན་བས་པའི་ཞ་ལུ་ལོ་ཙཱ་བའི་གསུང་ནི་《རྟགས་འཇུག་རྩ་བ་》ལས “མོ་ཡི་ཡི་གེ་མེད་པ་ན། །ཕོ་ཡིག་བརྗོད་པ་མེད་པར་འགྱུར། །”①ཞེས་པའི་སྐབས་ཀྱི་འགྲེལ་པ་ཡིན་ཏེ།“གསེར་གྱི་བུམ་པ་དག་བཀོད་པ། ཞེས་སོགས་ཀྱི་ངག་ཏུ་གྲུབ་པ་ནི་རྗེས་འཇུག་གི་མོ་ཡིག་ལ་རག་ལས་པ་ཉིད་ཀྱི་ཕྱིར། མོའི་ཡི་གེ་མེད་པར་གྱུར་པ་ན་ཕོ་ཡིག་རྣམས་ལ་དོན་སྟོན་པའི་ངག་བརྗོད་པ་མེད་པར་འགྱུར་”②ཞེས་ཤིན་ཏུ་ཁ་གསལ་བས།“སྤྱིར་མོ་ཡིག་”ཅེས་པའི་འགྲེལ་པ་ག་ལ་ཡིན། དེས་ན་སྐབས་འདིར་“མོ་ཡི་ཡི་གེ་མེད་པ་ན། །ཕོ་ཡིག་བརྗོད་པ་མེད་པར་འགྱུར། །”ཞེས་པའི་དོན་འགྲེལ་བ་སྐབས་སུ་བབ་པ་གང་ཞིག ཞ་ལུ་ལོ་ཙཱ་བས་དེ་བསྐྱུར་ནས་རང་གི་ཚིག་ལ་རང་གིས་འགྲེལ་པ་མཛད་ན་ཤིན་ཏུ་འབྲེལ་མེད་དུ་གྱུར་པ་མ་ཡིན་ནམ། མཚམས་འདི་ནས་བཟུང་ཕུར་ཕན་ལགས་བོད་ཀྱི་ཁ་དཔེར་“མགོ་ཚེས་གཅིག་ནས་འཆུགས་ན་མཇུག་གནམ་གང་གི་བར་”ཞེས་པའི་དཔེ་རུ་གྱུར་ཡོད།   
        ཡང་ཁོང་གིས། “དེས་ན་བླ་ནག་པས་ཞ་ལུ་ལོ་ཙཱ་བའི་གསུང་གི་ཡང་སྙིང་ལ་ཞིབ་ཏུ་མ་བསམས་པར ‘རྗེས་འཇུག་གི་མོ་ཡིག་མེད་པ་ན་མིང་གཞིའི་ཕོ་ཡིག་རྣམས་ལ་དོན་སྟོན་པའི་ངག་བརྗོད་པ་མེད་པ་སྟེ། དོན་སྟོན་པའི་ངག་ཏུ་གྲུབ་མི་ཐུབ་ཅེས་པའི་དོན་དུ་བཀྲལ་ན་ཐོན་མིའི་དགོངས་པར་སོན་ནོ་སྙམ” ཞེས་བཀྲལ་བ་ནི་ཤིན་ཏུ་མི་འཐད། རྒྱུ་མཚན་ནི་བླ་ནག་པས་ལུང་དུ་མཛད་པ་དག་ནི་ཞ་ལུ་ལོ་ཙཱ་བས་ཡི་གེའི་ཁོངས་ནས་མིང་དབྱུང་བ་སོགས་ལས་འཕྲོས་ཏེ་མོ་ཡིག་མེད་ན་ཕོ་ཡིག་བརྗོད་པ་མེད་པའི་དོན་འཆད་པ་ཡིན་པས། ཁྱད་པར་འཇུག་པར་བཅས་པ་མེད་ན་མི་རུང་བའི་དོན་འཆད་པའི་སྐབས་སུ་མ་སླེབས་”ཞེས་ཟེར། ཚིག་འདིའི་ནང་དོན་དེ་ཙམ་ཁ་གསལ་མེད་རུང་། ཕལ་ཆེར་ཁོ་བོས་《རྟགས་འཇུག་རྩ་བ་》ལས་ལུང་དུ་དྲངས་པའི་“འཇུག་པར་བཅས་པ་མེད་ན་ནི། །མིང་དང་ཚིག་ཀྱང་གསལ་མི་ནུས། །”③ཞེས་པའི་འགྲེལ་པ་ཡིན་པ་འདྲ་ཞིག་འདུག་པས། དེ་ནི་རྟགས་མ་གྲུབ་སྟེ། དེའི་ཐད་ཀྱི་འགྲེལ་པ་ནི་འོག་དེ་མ་ཐག་ཏུ “ཕོ་ཡིག་དེ་དག་རྣམས་ལ་ཡང་འཇུག་པར་བཅས་པ་སྟེ། སྔོན་འཇུག་དང་རྗེས་འཇུག་དག་མེད་ན་ནི། དོན་གྱི་ངོ་བོ་ཙམ་བརྗོད་པའི་མིང་དང་ཁྱད་པར་བརྗོད་པའི་ཚིག་ཀྱང་གསལ་བར་བྱེད་མི་ནུས་”④ཞེས་པ་འདི་ཡིན་པས། དེ་གཉིས་ལ་ནོར་ས་རྩ་བ་ནས་མེད་པའི་ཕྱིར། ཡང་དེའི་འཕྲོར། “གཉིས་ནས་ཞ་ལུ་ལོ་ཙཱ་བའི་ཚིག་མཚམས་ཕྱིར་ཞེས་པའི་རྗེས་ཀྱི་མོའི་ཡི་གེ་མེད་པ་ན་ཞེས་སོགས་ཁོང་གི་གསུང་ཚིག་དངོས་ཤུགས་གང་ལ་མིང་གཞི་ཕོ་ཞེས་མི་གསལ་རུང་ཁྱེད་ཀྱིས་རང་བཟོའི་འགྲེལ་པ་ཞིག་བརྒྱབ་སྟེ་ད་དུང‘ཐོན་མིའི་དགོངས་པར་སོན་ནོ’ཞེས་འཆད་”ཅེས་ཟེར། ཁྱེད་ཀྱིས་གསུངས་པ་བཞིན་མིང་གཞི་ཕོ་ཞེས་པ་དངོས་དང་ཚིག་ཟིན་ལ་མི་གསལ་ཡང་ཤུགས་ལ་མ་བསྟན་པ་ཁྱེད་ཀྱིས་ཇི་ལྟར་ཤེས། གལ་ཏེ་ཤུགས་ལ་མ་བསྟན་ཀྱང་དེ་གཉིས་གང་ཡང་མ་ཡིན་པའི་སྟོན་ཚུལ་གཞན་ཞིག་མེད་དམ། ཡོད་དེ། རྗོད་བྱེད་ཚིག་གིས་བརྗོད་བྱ་སྟོན་ཚུལ་ལ་ཚིག་ཟིན་སོགས་དངོས་ལ་སྟོན་པ་དང་ཤུགས་ལ་སྟོན་པ། སྐབས་ཐོབ་ཀྱིས་སྟོན་པ། ཟུར་ནས་སྟོན་པ། དོན་གྱིས་སྟོན་པ་སོགས་སྟོན་ཚུལ་ཅི་རིགས་ཡོད་པའི་ཕྱིར། དཔེར་ན། རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་བཀག་ཤུལ་དུ་ཆོས་གཞན་མ་ཡིན་པ་དགག་པ་དང་སྒྲུབ་པ་གང་རུང་དངོས་སུ་འཕེན་པ་(སྟོན་པ་)དང་ཤུགས་ལ་འཕེན་པ། སྐབས་ཐོབ་ཀྱིས་འཕེན་པ་སོགས་ཡོད་པ་⑤རིགས་ལམ་སྨྲ་བའི་མཁས་པ་རྣམས་དང་སྙན་ངག་པ་རྣམས་ལ་གྲགས་ཤིང་གྲུབ་པའི་ཕྱིར། དེས་ན་ཞ་ལུ་ལོ་ཙཱ་བས། “གསེར་གྱི་བུམ་པ་དག་བཀོད་པ་ཞེས་སོགས་ཀྱི་ངག་ཏུ་གྲུབ་པ་ནི་རྗེས་འཇུག་གི་མོ་ལ་རག་ལས་པ་ཉིད་ཀྱི་ཕྱིར་མོའི་ཡི་གེ་མེད་པར་གྱུར་པ་ན་ཕོ་ཡིག་རྣམས་བརྗོད་པ་མེད་པར་འགྱུར་”ཞེས་འདིའི་སྐབས་ཀྱི་མོ་ཡིག་ནི་རྗེས་འཇུག་ཏུ་ཤིན་ཏུ་གསལ་བར་བསྟན་པས། དེས་ན་འདིའི་སྐབས་ཀྱི་ཕོ་ཡིག་ནི་མིང་གཞི་ལས་འོས་མེད་པ་ནི། སྐབས་ཐོབ་ཀྱིས་གོ་ནུས་པའི་ཕྱིར་ཏེ། རྗེས་འཇུག་མེད་ན་མིང་གཞི་རྐྱང་པས་བརྗོད་བྱ་གང་ཡང་སྟོན་མི་ཐུབ་པའི་ཕྱིར། དེ་མིན་དེའི་འོག་དེ་མ་ཐག་ཏུ“ཕོ་ཡིག་དེ་དག་རྣམས་ལ་ཡང་འཇུག་པར་བཅས་པ་སྟེ། སྔོན་འཇུག་དང་རྗེས་འཇུག་དག་མེད་ན་ནི། དོན་གྱི་ངོ་བོ་ཙམ་སྟོན་པའི་མིང་དང་ཁྱད་པར་བརྗོད་པའི་ཚིག་ཀྱང་གསལ་བར་བྱེད་མི་ནུས་”⑥ཞེས་པའི་ཚིག་འདིས་དེ་ལས་ཀྱང་གསལ་བར་ཤེས་ནུས།  
        ཡང་ཁོང་གིས། “གལ་ཏེ་སྐབས་དོན་ཞ་ལུ་ལོ་ཙཱ་བས་རྗེས་འཇུག་མོ་ཞེས་པ་རྗེས་འཇུག་བཅུ་པོར་གོ་བ་ཡིན་ཟེར་ན། ཁོང་གི་སུམ་རྟགས་ཀྱི་གཞུད་གང་རུང་ནས་གསལ་བྱེད་རྣམས་ཕོ་དང་རྗེས་འཇུག་རྣམས་མོ་ཞེས་པའི་འགྲེལ་དགོངས་བསྟན་ཚུལ་གྱི་ཁུངས་གསལ་དགོས་ཀྱང་མ་མཆིས་”ཞེས་ཟེར།  འདི་ལ་ལན་དུ་བྱ་བ་འདི་ཡོད་དེ།  ཞ་ལུ་ལོ་ཙཱ་བས་སྤྱིར་གསལ་བྱེད་རྣམས་ཕོ་དང་རྗེས་འཇུག་རྣམས་མོ་རུ་མི་འདོད་ལ ཁོ་་བོས་ཀྱང་ཞ་ལུ་ལོ་ཙཱ་བས་དེ་ལྟར་འདོད་ཅེས་རྩ་བ་ནས་བཤད་མེད། འོན་ཀྱང་《རྟགས་འཇུག་རྩ་བ་》ལས “མོ་ཡི་ཡི་གེ་མེད་པ་ན།།ཕོ་ཡིག་བརྗོད་པ་མེད་པར་འགྱུར། །”ཞེས་པའི་སྐབས་ཀྱི་མོ་ཡིག་ནི་རྗེས་འཇུག་དང་། ཕོ་ཡིག་ནི་མིང་གཞིར་འདོད་པ་ནི་སྐབས་ཐོབ་ཀྱི་གོ་བ་དང་རིགས་པས་འགྲུབ་པར་གོང་དུ་བཤད་ཟིན་ལ། རྒྱུ་མཚན་གཞན་ཡང་ཞ་ལུ་ལོ་ཙཱ་བས་ཨ་ཡིག་དབྱངས་སུ་མི་འདོད་པ་ནི་དབྱངས་ཡིག་གི་གྲངས་ངེས་བཤད་པ་⑦དང་། ས་པཎ་གྱི་《མཁས་པའི་ཁ་རྒྱན་》ལ་འགལ་བ་བརྗོད་པ་⑧བཅས་ཀྱི་སྟེང་ནས་ཀྱང་ཤེས་ཐུབ། གལ་ཏེ་ཨ་ཡིག་དབྱངས་སུ་མི་འདོད་ཕྱིན་《རྟགས་འཇུག་རྩ་བ་》ལས། “མོ་ཡི་ཡི་གེ་མེད་པ་ན། །ཕོ་ཡིག་བརྗོད་པ་མེད་པར་འགྱུར། །”ཞེས་བྱུང་བའི་ཚིག་འདི་ལ་རང་གི་བློ་སྟོབས་ཀྱིས་འགྲེལ་པ་གསར་དུ་མཛད་དགོས་པ་སྐབས་སུ་བབ་པས། ཁོང་གིས་ཐུགས་བསམ་ཞིབ་ཏུ་མཛད་མཐར་འདིའི་མོ་ཡིག་ནི་རྗེས་འཇུག་དང་ཕོ་ཡིག་ནི་མིང་གཞི་ལ་བཀྲལ་གནང་བ་ཡིན། དེས་ན་ཁོ་བོས་བལྟས་ན། ཞ་ལུ་ལོ་ཙཱ་བའི་འགྲེལ་སྟངས་འདི་ནི་ཐོན་མིའི་དགོངས་པ་དང་ཤིན་ཏུ་ཉེ་སྟེ། སྐབས་འདིར་ཐོན་མིས་རྗེས་འཇུག་གི་བྱེད་ལས་དང་ནུས་པ་གཙོ་བོ་དང་རྩལ་དུ་བཏོན་ནས་འཆད་པའི་སྐབས་ཡིན་པའི་ཕྱིར།  
        ཕུར་ཕན་ལགས་ན་རེ  “ལར་བླ་ནག་པས‘རྗེས་འཇུག་གི་མོ་ཡིག་མེད་པ་ན་མིང་གཞིའི་ཕོ་ཡིག’ཅེས་སུ་འཆད་ཕྱིར། རྗེས་འཇུག་གི་མོ་སྟེ། ང་མ་འ་གསུམ་མེད་པ་ན་མིང་གཞིའི་ཕོ་སྟེ། ཀ་ཅ་ཏ་པ་ཙ་རྣམས་ལ་དོན་སྟོན་པའི་ངག་གི་བརྗོད་པ་མེད་ཅེས་པའི་དོན་དུ་བཀྲལ་འདུག་པས། དེ་ནི་སུས་ཀྱང་གོ་བར་མི་ནུས་སོ་”ཞེས་ཟེར། དེ་ནི་རྩ་བ་ནས་ནོར་བ་སྟེ། ཁོ་བོས་“རྗེས་འཇུག་གི་མོ་ཡིག་མེད་པ་ན་མིང་གཞིའི་ཕོ་ཡིག་”ཅེས་བཤད་པ་ནི་ཞ་ལུ་ལོ་ཙཱ་བའི་དགོངས་པ་སྟེ། རྩ་བ་ལས།“མོ་ཡི་ཡི་གེ་མེད་པ་ན། །ཕོ་ཡིག་བརྗོད་པ་མེད་པར་འགྱུར། །”ཞེས་བྱུང་བའི་སྐབས་ཀྱི་མོ་ཡིག་ནི་རྗེས་འཇུག་སྤྱི་དང་ཕོ་ཡིག་ནི་མིང་གཞི་སྤྱི་ལ་གོ་བ་ལྟར་བཤད་པ་ལས། རྗེས་འཇུག་གི་ང་མ་འ་གསུམ་མེད་པ་ན་མིང་གཞིའི་ཕོ་ཡིག་ཀ་ཅ་ཏ་པ་ཙ་རྣམས་ལ་དོན་སྟོན་པའི་ངག་གི་བརྗོད་པ་མེད་པར་འགྱུར་ཞེས་མགོ་མཇུག་གང་དུའང་བཤད་མེད། གལ་ཏེ་ཨུ་ཚུགས་ཀྱིས་དེ་ལྟར་བཤད་འདུག་ཟེར་ན་མཛུབ་མོ་བཙུགས་ནས་སྟོན་ཅིག འདི་ནི་གཞི་མེད་པའི་སྒྲོ་འདོགས་ཁོ་ན་སྟེ། ཕུར་ཕན་ལགས་ཀྱི་རྩོམ་ཡིག་ཏུ་འདི་འདྲའི་རིགས་མང་དུ་སྣང་།  
        དེ་བཞིན་ཕུར་ཕན་ལགས་ཀྱིས་མཚམས་འདིར་ཞིབ་ཏུ་མ་བརྟགས་པར་“རྗེས་འཇུག་གི་མོ་སྟེ། ང་མ་འ་གསུམ་མེད་པ་ན་མིང་གཞིའི་ཕོ་སྟེ། ཀ་ཅ་ཏ་པ་ཙ་རྣམས་ལ་དོན་སྟོན་པའི་ངག་གི་བརྗོད་པ་མེད་ཅེས་པའི་དོན་དུ་བཀྲལ་འདུག་”ཟེར་མོད། ཁོ་བོས་སྐབས་འདིར་ཞ་ལུ་ལོ་ཙཱ་བའི་རྗེས་སུ་འབྲངས་ཏེ་ཁོང་གི་ལུགས་ལྟར་བཤད་ཀྱིན་ཡོད་པས། ཞ་ལུ་ལོ་ཙཱ་བས་ང་མ་འ་གསུམ་རྗེས་འཇུག་གི་མོ་ཡིག་ཏུ་འདོད་སྲིད་དམ། རྩ་བ་ནས་མི་འདོད་དེ། ཞ་ལུ་ལོ་ཙཱ་བས་རྗེས་འཇུག་གི་རྟགས་ཀྱི་དབྱེ་བའི་སྐབབས་སུ “ད་བ་ས་གསུམ་ནི་རྗེས་འཇུག་གི་ཕོ་ཡིག་དང་། འ་དང་ར་གཉིས་མོ་ཡིག་དང་། ག་ང་ན་མ་ལ་རྣམས་མ་ནིང་དུ་ཤེས་པར་བྱས་ནས་”⑨ཞེས་མོ་ཡིག་ལ་འ་དང་ར་གཉིས་མ་གཏོགས་ང་དང་མ་གཉིས་ནི་མ་ནིང་དུ་འདོད་པ་ཤིན་ཏུ་གསལ་པོར་གསུངས་པའི་ཕྱིར། དེས་ན་ཁྱེད་ཀྱིས་སི་ཏུ་པཎ་ཆེན་གྱི་ལུགས་དང་ཉ་ཉུང་མཉམ་བསྲེས་ཀྱིས་གསུངས་འདུག་གོ      
        ཡང་ཕུར་ཕན་ལགས་ན་རེ  “དེས་ན། གུས་མོས་རྩད་ཅིང་དྲིས་པའམ་ཅུང་ཟད་བརྟག་ཁུལ་བྱས་པ་ན། ཞ་ལུ་ལོ་ཙཱ་བས་སྐབས་དོན་རྗེས་འཇུག་མོ་ཡིག་ཅེས་གསུངས་པའི་རྗེས་ནི་རྗེས་འགྲོ་སྟེ། མིང་གཞི་གར་ཡོད་ལ་མཉམ་གཅིག་ཏུ་གནས་པ་དང་། འཇུག་ནི་ཞུགས་པའི་དོན་ཡིན་ཕྱིར། གསལ་བྱེད་ལ་ངེས་པར་འཇུག་བྱེད་མོ་ཡིག་དབྱངས་ལ་གོ་དགོས་པ་ཡིན་སྙམ། གལ་ཏེ་གོ་བ་དེ་ལྟར་མ་བླངས་ཕྱིན་ཚིག་གི་འཕྲོ་མར།‘འགྱུར་ལ། ཕོ་ཡིག་དེ་དག་རྣམས་ལ་ཡང་འཇུག་པར་བཅས་པ་སྟེ། སྔོན་འཇུག་དང་རྗེས་འཇུག་དག་མེད་ན་ནི’ཞེས་སོགས་ཉིང་དགོས་སམ་ཁྱད་པར་དུ་འཆད་པ་སྟེ། རྗེས་འཇུག་མེད་ན་མིང་ཚིག་གི་སྦྱོར་བ་མི་གྲུབ་ཚུལ་《རྟགས་འཇུག་》རྩ་བ་བཞིན་དུ་འཆད་པ་དང་ཡང་འགལ་བར་འགྲོ་བའི་སྐྱོན་འབྱུང་སྲིད་པས། སྐབས་དོན་རྗེས་འཇུག་མོ་ཡིག་ཅེས་པ་ནི་མིང་གཞིར་གྱུར་པའི་ཕོ་ཡིག་གསལ་བྱེད་དག་གི་རྗེས་སུ་འཇུག་པའི་མོ་ཡིག་དབྱངས་ལ་གོ་དགོས་པར་སེམས་”ཟེར། “གུས་མོས་རྩད་ཅིང་དྲིས་”ཞེས་པར་དཔགས་ན། ཕུར་ཕན་ལགས་ཀྱིས་ཁོ་བོར་དོགས་ལན་འདི་མཛད་དུས་རང་ཉིད་ཀྱང་དབུ་རྨོངས་ཏེ་ཐུགས་ཐག་མ་ཆོད་པར་དགེ་རྒན་ནམ་མཁས་པ་གཞན་ལ་འདྲི་རྩད་བྱས་པ་འདྲ་བས། ཁོང་ལ་ཡང་སྔར་བྱུང་མ་མྱོང་བའི་དཀའ་ཁག་ཅིག་འཕྲད་པ་ཤེས་ཐུབ་མོད། རང་ཉིད་ཀྱིས་མ་ཤེས་དུས་མཁས་པ་གཞན་ལ་འདྲི་བ་ནི་ཡོན་ཏན་ཞིག་ཡིན་པ་ཁོ་བོས་སྙིང་ནས་སེམས། ཡིན་ན་ཡང་ཁྱེད་ཀྱིས་“རྗེས་འཇུག་མོ་ཡིག་”ཅེས་པའི་དོན་དབྱངས་ཡིག་ཏུ་བཀྲལ་བ་ནི་ཤིན་ཏུ་ནས་ཀྱང་ངོ་མཚར་ཆེ་ལ། “རྗེས་ནི་རྗེས་འགྲོ་སྟེ། མིང་གཞི་གར་ཡོད་ལ་མཉམ་གཅིག་ཏུ་གནས་པ་དང་་”ཞེས་པར་དཔགས་ན།  ཁྱེད་ཀྱིས་“རྗེས་འགྲོ་”ཞེས་པ་ནི་མཉམ་གཅིག་ཏུ་གནས་པའི་དོན་དུ་འདོད། དེ་ཡང་མི་འཐད་དེ། རྗེས་འགྲོ་ཞེས་པ་ནི་གཞན་ལ་རག་ལས་པའི་དོན་ནམ་ཡང་ན་མཚུངས་ཞེས་པའི་དོན་ཡིན་པའི་ཕྱིར། གཞན་ཡང་“མིང་གཞི་གར་ཡོད་ལ་མཉམ་གཅིག་ཏུ་གནས་པ་”ཞེས་པ་མི་འཐད་དེ། ཞ་ལུ་ལོ་ཙཱ་བས་དབྱངས་ཡིན་ན་མིང་གཞི་གར་ཡོད་ལ་མཉམ་གཅིག་ཏུ་གནས་པར་མི་བཞེད་པའི་ཕྱིར།  དེ་ལས་ཀྱང་ཁྱེད་ཀྱིས་“འཇུག་ནི་ཞུགས་པའི་དོན་ཡིན་ཕྱིམ གསལ་བྱེད་ལ་ངེས་པར་འཇུག་བྱེད་མོ་ཡིག་དབྱངས་ལ་གོ་དགོས་པ་ཡིན་སྙམ་”ཞེས་པ་ནི་རྩ་བ་ནས་མི་འཐད་དེ། ཞ་ལུ་ལོ་ཙཱ་བས་གསལ་བྱེད་ལ་ངེས་པར་དབྱངས་འཇུག་པར་ག་ལ་བཞེད་དེ། དབྱངས་མ་ཞུགས་པའི་གསལ་བྱེད་དང་མིང་སོགས་ཡོད་པར་བཞེད་པའི་ཕྱིར་ཏེ། ཨ་ཡིག་དབྱངས་སུ་མི་བཞེད་པའི་ཕྱིར། དེ་མིན་དབྱངས་ཨི་ཨུ་ཨེ་ཨོ་བཞི་པོ་གང་ཡང་མ་ཞུགས་པའི་ཡི་གེ་དང་མིང་སོགས་ཡོད་པར་བཞེད་པས་སོ། ཡང་“འཇུག་ནི་ཞུགས་པའི་དོན་ཡིན་”ཟེར་བ་མི་འཐད་དེ། འཇུག་ནི་ད་ལྟ་བའམ་མ་འོངས་པ་དང་ཞུགས་ནི་འདས་པ་ལ་འཇུག་པའི་ཕྱིམ ཁྱེད་ལྟར་ན། ང་འགྲོ་ཞེས་པ་དང་ང་སོང་ཞེས་པ་གཉིས་ལ་ཁྱད་པར་མེད་དམ། དེ་གཉིས་དོན་གཅིག་ཡིན་པས་སོ།   
        གཞན་ཡང་ཁོང་གི་《དོགས་ལན་》གྱི་“གཉིས། ལུང་འདྲེན་སྐོར་གྱི་གཉིས་པ་”ཞེས་པའི་ནང་། “དེས་ན་བླ་ནག་པས་དབྱངས་ཅན་དགའ་བློའི་གསུང་ཉིད་ལུང་དུ་མཛད་ནས་རང་ཉིད་ཀྱི་ཞེ་འདོད‘མོ་ཡི་ཡི་གེ་མེད་པ་ན། །ཕོ་ཡིག་བརྗོད་པ་མེད་པར་འགྱུར། །’ཞེས་པའི་མོ་ཡིག་ནི་རྗེས་འཇུག་བཅུ་པོ་ཡིན་པར་བསྒྲུབས་པའི་འཕྲོ་མ་བསྣར་ནས་མིང་གཞི་རྐྱང་པའི་སྐབས་སུ་འ་ཡིག་ཉིད་མོ་ཡི་ཡི་གེ་ཡིན་པ་གང་ཞིག་ཐ་ན་འ་དབྱངས་ཡིག་ཀྱང་ཡིན་པར་ཤུགས་བསྟན་དུ་སྒྲུབ་རྩིས་གནང་འདུག དེ་ལྟར་ཡིན་པ་དོན་ཚན་གྱི་ཁ་བྱང་ནས་མངོན་པར་གསལ་ལ། དེ་བཞིན་དུ་དོན་ཚན་གྱི་བར་མཇུག་ཏུ་རྗེས་འཇུག་འ་ཡིག་མངོན་སུམ་དུ་ཞུགས་པའི་ཡོངས་གྲགས་ཀྱི་གནའ་ཡིག་མང་པོ་ལུང་དུ་མཛད་པ་སོགས་ལས་གསལ་ནུས་”ཞེས་བྱུང་། མཚམས་འདིར་ཕུར་ཕན་ལགས་ལ་ནང་འགལ་ཆེན་པོ་ཞིག་བྱུང་ཡོད་དེ། གོང་དུ་“ལར་བླ་ནག་པས”རྗེས་འཇུག་གི་མོ་ཡིག་མེད་པ་ན་མིང་གཞིའི་ཕོ་ཡིག”ཅེས་སུ་འཆད་ཕྱིར། རྗེས་འཇུག་གི་མོ་སྟེ། ང་མ་འ་གསུམ་མེད་པ་ན་མིང་གཞིའི་ཕོ་སྟེ། ཀ་ཅ་ཏ་པ་ཙ་རྣམས་ལ་དོན་སྟོན་པའི་ངག་གི་བརྗོད་པ་མེད་ཅེས་པའི་དོན་དུ་བཀྲལ་འདུག་”ཅེས་པ་དང་། འདིར་“དེས་ན་བླ་ནག་པས་དབྱངས་ཅན་དགའ་བློའི་གསུང་ཉིད་ལུང་དུ་མཛད་ནས་རང་ཉིད་ཀྱི་ཞེ་འདོད‘མོ་ཡི་ཡི་གེ་མེད་པ་ན། །ཕོ་ཡིག་བརྗོད་པ་མེད་པར་འགྱུར། །’ཞེས་པའི་མོ་ཡིག་ནི་རྗེས་འཇུག་བཅུ་པོ་ཡིན་པར་བསྒྲུབས་”ཞེས་གསུངས་པ་གཉིས་ནང་འགལ་དུ་མགྱུར་ཏམ། དེ་ཡང་ཡིན་ཏེ། གོང་དུ་བླ་ནག་པས་“མོ་ཡི་ཡི་གེ་མེད་པ་ན། །”ཞེས་པའི་མོ་ནི་རྗེས་འཇུག་ཡི་གེ་ང་འ་མ་གསུམ་ལ་འདོད་ཅེས་གསུངས་པ་གང་ཞིག  འདིར་བླ་ནག་པས་“མོ་ཡི་ཡི་གེ་མེད་པ་ན། །”ཞེས་པའི་མོ་ཡིག་ནི་རྗེས་འཇུག་བཅུ་པོར་འདོད་ཅེས་གསུངས་ན་རང་ཚིག་སྔ་ཕྱི་འགལ་བའི་སྐྱོན་འབྱུང་བའི་ཕྱིར།   
        ཕུར་ཕན་ལགས་ཀྱི་ཚིག་“མིང་གཞི་རྐྱང་པའི་སྐབས་སུ་འ་ཡིག་ཉིད་མོ་ཡི་ཡི་གེ་ཡིན་པ་གང་ཞིག་ཐ་ན་འ་དབྱངས་ཡིག་ཀྱང་ཡིན་པར་ཤུགས་བསྟན་དུ་སྒྲུབ་རྩིས་འདུག་”ཅེས་པ་འདི་ཐོས་མ་ཐག་ཁོ་བོ་དངོས་ནས་ཧ་ལས་བྱུང་། རྒྱུ་མཚན་ནི་ཁོ་བོས་འ་ཡིག་དབྱངས་ཡིན་པར་བསམས་པ་ཞིག་རྨི་ལམ་དུ་ཡང་རྨིས་མ་མྱོང་བས། ཚིག་གང་གི་ཤུགས་ལ་འ་ཡིག་དབྱངས་སུ་བསྒྲུབ་རྩིས་ཡོད་པ་ཁྱེད་ཀྱིས་འདིའོ་ཞེས་གསལ་པོར་སྟོན་རོགས། ཁྱེད་ཀྱིས་“དེ་ལྟར་ཡིན་པ་དོན་ཚན་གྱི་ཁ་བྱང་ནས་མངོན་པར་གསལ་”ཟེར་ན། གསུང་གཅིག་ཉིད་དུ་གསུངས་ན་ཡང་། །དུ་མ་ཉིད་དུ་སོ་སོར་གོ །ཞེས་པ་བཞིན། ཁྱེད་ཀྱིས་ཁོ་བོའི་སྐད་ཆ་ཚིག་གཅིག་ལས་ཀྱང་དོན་མི་འདྲ་བ་མང་པོ་གོ་ཐུབ་བམ། དེ་མིན་ན་ཁོ་བོའི་དོན་ཚན་གྱི་ཁ་བྱང་སྟེ།“གསུམ། རྗེས་འཇུག་འ་ཡིག་གི་འཇུག་ཚུལ་ལ་ཐུགས་མཉམ་མ་བཞག་པའི་སྐྱོན་”ཞེས་པའི་སྟེང་ནས་འ་ཡིག་དབྱངས་ཡིན་པ་ཞིག་གོ་ཐབས་རྩ་བ་ནས་མེད་པ་ནི་ཀློག་པ་པོ་དག་གིས་མཁྱེན་པ་ཡིན།  
        ཕུར་ཕན་ལགས་ཀྱིས་མུ་མཐུད་ནས། “སུམ་རྟགས་གཉིས་ཀྱི་གཞུང་ལས་བསྟན་པའི་རྗེས་འཇུག་གི་སྦྱོར་བ་ལ་ཐུགས་མཉམ་མ་གནང་བའི་སྐྱོན་ཆེན་པོ་རང་ཐོག་ལ་བབས་འདུག་པར་སེམས་”ཞེས་གསུངས་རྗེས། དེའི་སྒྲུབ་བྱེད་ལྟ་བུར་《རྟགས་ཀྱི་འཇུག་པའི་དགོངས་འགྲེལ་རབ་གསལ་སྣང་བ་》 ཡི་ལུང་གཉིས་འཕྲོ་རིམ་འཕྲོར་དྲངས་ཏེ།  “ཞེས་གསུངས་པ་ལྟར། རྗེས་འཇུག་རྣམས་དགོས་པ་ཅི་ཞིག་གི་ཕྱིར་ཡི་གེ་ཐམས་ཅད་ཀྱི་རྗེས་སུ་འཇུག་ཅེ་ན། དེ་ནི་ཡི་གེ་འདུས་ནས་མིང་དང་ཚིག་སོགས་གྲུབ་པའི་ཕྱིར་རྗེས་འཇུག་ཞུགས་པ་སྟེ། དཔེར་ན། ང་ལྟ་བུའི་གསལ་བྱེད་རྐྱང་པར་རྗེས་འཇུག་འ་ཡིག་ཞུགས་པས་དོན་གྱི་ངོ་བོ་སྟོན་པའི་མིང་གྲུབ་པ་དང་།......དེས་ན། གསལ་བྱེད་རྐྱང་པར་རྗེས་འཇུག་འ་ཡིག་ཞུགས་པ་ནི་གསལ་བྱེད་གང་དེའི་བརྗོད་པ་གསལ་ཕྱིར་མ་ཡིན་པར་དེ་ནི་ཡི་གེ་གཉིས་འདུས་ཏེ་མིང་དུ་གྲུབ་པ་མཚོན་ཕྱིར་དང་། མིང་དེ་ཡང་རྗེས་འཇུག་འ་ཡིག་གི་ཕྲད་རྣམ་དབྱེ་འདྲེན་ཐབས་ལས་ཚིག་ཏུ་གྲུབ་ཕྱིར་ཏེ་”ཞེས་སོགས་གསལ་བྱེད་རྐྱང་པར་རྗེས་འཇུག་འ་ཡིག་ཞུགས་པ་ནི་མིང་དུ་གྲུབ་པའི་ཕྱིར་ཡིན་པར་གསུངས་ན། གསལ་བྱེད་རྐྱང་པ་ཏ་ཡིག་ལ་རྗེས་འཇུག་འ་ཡིག་ཞུགས་པས་མིང་དུ་ཨེ་གྲུབ། གྲུབ་ཟེར་ན། “ཏའ་”ཞེས་པ་འདི་གང་གི་མིང་ཡིན་པ་གསུངས་ཤིག དེ་ཡང་རྩ་བ་ལས།“རྗེས་འཇུག་བཅུ་པོ་མ་ཞུགས་ན། །མིང་གཞན་སྦྱོར་བ་ཡོད་མ་ཡིན། །”⑩ཞེས་གསུངས་པ་བཞིན་རྗེས་འཇུག་མ་ཞུགས་ན་མིང་དུ་གྲུབ་མི་ཐུབ་པ་བདེན་ཡང་། རྗེས་འཇུག་ཞུགས་ན་མིང་དུ་གྲུབ་པའི་ངེས་པ་ག་ལ་ཡོད། དཔེར་ན། གའ་དང་ཅའ། པའ། ཙའ་ལྟ་བུ་དང་། དེ་བཞིན་དུ་པབ་དང་། ཇབ། ཉད། ཇས། མབ་ལྟ་བུ་ལ་ཡང་རྗེས་འཇུག་ཡོད་མོད། དེ་དག་ད་དུང་མིང་དུ་གྲུབ་མེད་པ་ལྟ་བུ་ཡིན། དེས་ན་མིང་གཞི་རྐྱང་པ་ཅ་དང་ཏ། པ། ཙ་སོགས་ཀྱི་རྗེས་སུ་འ་ཡིག་སྦྱར་བ་ནི་དེ་དག་མིང་དུ་གྲུབ་པའི་ཕྱིར་མ་ཡིན་པར་དེ་དག་ངག་ནས་བརྗོད་པའི་ཚེ་མཇུག་ཏུ་ལྷོད་པའི་སྒྲ་གདངས་ཤིག་ཐོན་པ་དེ་མཚོན་ཕྱིར་ཡིན་པ་དང་། དེ་བཞིན་དུ་གསལ་བྱེད་རྐྱང་པ་གཞན་དག་གི་རྗེས་སུ་འ་ཡིག་འཐོབ་པ་ཡང་གཙོ་བོར་སྒྲ་གདངས་མཚོན་ཕྱིར་ཡིན།   
        གཉིས་པ།  ཕུར་ ཕན་ ལགས་ ཀྱི་ 《 དོགས་ལན་》ལ་ཕྱིར་སྐྱོན་མང་དུ་འཇུག་ཚུལ།   
        སྤྱིར་གཞན་གྱི་ལྟ་ཚུལ་ལ་བགྲོ་གླེང་དང་དགག་གཞག་བྱེད་པ་ལ། རང་ཉིད་ལ་དེའི་ཕྱོགས་ཀྱི་ཤེས་བྱ་ཟབ་ཅིང་རྒྱ་ཆེ་བ་ཞིག་དགོས་པ་གཞིར་བཞག་གི་སྟེང་། ཕ་རོལ་པོའི་སྐད་ཆའི་དངོས་བསྟན་དང་ཤུགས་བསྟན་ཡོངས་རྫོགས་ལ་ཞིབ་ཏུ་བརྟགས་ཏེ་གོ་བ་དཔྱིས་ཕྱིན་པ་ཞིག་བླངས་རྗེས་ད་གཟོད་དགག་གཞག་བྱས་ན་ཕ་རོལ་པོའི་ལྟ་ཚུལ་ལ་ཐེར་འདོན་དང་སུན་འབྱིན་བྱ་ཐུབ་པ་ཡིན། དེ་ལས་ལྡོག་སྟེ་ཕ་རོལ་པོའི་སྐད་ཆ་དང་དེའི་ནང་དོན་ལ་བློས་ཞིབ་ཏུ་མ་བརྟགས་པར་ཆེ་ལོང་ཙམ་དང་འོལ་ཚོད་ཀྱིས་གོ་བ་རགས་པ་ཙམ་བླངས་ཏེ་དགག་གཞག་བྱས་ན་ཕ་རོལ་པོའི་ལྟ་བར་སུན་འབྱིན་བྱེད་མི་ཐུབ་པ་མ་ཟད། སྐྱོན་དང་ནོར་འཁྲུལ་མང་པོ་ཕྱིར་རང་སྟེང་ལ་འབབ་པ་ནི་ཆོས་ཉིད་ཡིན།  དེས་ན་ཕུར་ཕན་ལགས་ཀྱིས་ཀྱང་《དབྱངས་ཡིག་གི་གྲངས་ངེས་སྐོར་ལ་བསྐྱར་དུ་དཔྱད་པ་》ཞེས་པའི་རྩོམ་ཡིག་འབྲི་གནང་དུས་ཁོ་བོའི་《དོགས་དཔྱོད་》ཀྱི་དངོས་བསྟན་ཤུགས་བསྟན་སོགས་དང་། ཚིག་དང་ཡིག་འབྲུ་རེ་རེའི་གོ་དོན་ལ་ཞིབ་ཏུ་མ་བརྟགས་པར་གྱ་ཚོམ་དང་འཚབ་འཚུབ་ཀྱིས་གནད་ལ་མ་ཁེལ་བའི་དགག་གཞག་མང་ཙམ་མཛད་པས། ཁོང་རང་གི་རྩོམ་ཡིག་ལ་སྐྱོན་དང་འགལ་འཁྲུལ་འགའ་ཞིག་བྱུང་ཡོད་པ་ནི། གཤམ་དུ་དེ་དག་རེ་རེ་བཞིན་གྱུ་རུ་ལུགས་སུ་ངོ་སྤྲོད་པར་བྱ་སྟེ།   
        གཅིག 《དོགས་ལན་》གྱི་“དང་པོ། གཞན་ལུགས་དགག་པ་”ཞེས་པའི་ཁྲོད་ཀྱི་“གསུམ། དཀྱུས་གཅིག་ཏུ་ཅུང་ཟད་དགག་པ་”ཞེས་པའི་ནང་དུ། “དེ་བས། དོན་ཚན་དང་པོའི་《རྟགས་འཇུག་》གི་གཞུང་དང་འགལ་བའི་དོན་བཤད་པའི་ལུང་བ ‘ཕོ་ཡི་ཡི་གེ་འབའ་ཞིག་ལ། །སྡེ་པ་ཕྱེད་དང་བརྒྱད་གནས་པའང་། །'ཞེས་པ་དྲངས་པས། དོན་ཚན་དང་པོའི་མཇུག་ཏུ་རྗེས་འཇུག་མོ་དང་གསལ་བྱེད་ཕོ་ཡི་གཏམ་བྱས་པ་དང་དངོས་སུ་འགལ་བར་སོང་འདུག་སྟེ། ་་་་་་ཁྱེད་ཀྱིས་ཀྱང་མཁས་པ་གོང་མའི་དབང་དུ་བྱས་ནས་སྤྱིར་ན་དབྱངས་མོ་དང་གསལ་བྱེད་ཕོར་བཤད་མོད། དོན་ཚན་མཇུག་ཏུ་མིང་གཞི་ཕོ་དང་རྗེས་འཇུག་མོ་ཞེས་པའི་གཏམ་སྨྲ་བ་ནི་ཅི་ཕྱིར་འགལ་བར་མི་འགྱུར་”ཟེར། དེས་ན་ཁོ་བོས་སྤྱིར་དབྱངས་མོ་དང་གསལ་བྱེད་ཕོ་རུ་འདོད་ཀྱང་། ཞ་ལུ་ལོ་ཙཱ་བའི་དགོངས་པ་བཞིན་“མོ་ཡི་ཡི་གེ་མེད་པ་ན། །ཕོ་ཡིག་བརྗོད་པ་མེད་པར་འགྱུར། །”ཞེས་པའི་སྐབས་ཀྱི་མོ་ཡིག་ནི་གཙོ་བོར་རྗེས་འཇུག་དང་ཕོ་ཡིག་ནི་མིང་གཞི་ལ་འདོད་པས། དེ་གཉིས་ཇི་ལྟར་འགལ། ཁྱེད་ཀྱི་གསུང་གི་ཤུགས་སུ་ཞ་ལུ་ལོ་ཙཱ་བ་ལའང་སྐྱོན་དེ་འདྲ་བྱུང་ཡོད་ཅེས་སྟོན་ཀྱིན་འདུག་མོད། ཞ་ལུ་ལོ་ཙཱ་བ་ནི་བརྡ་སྤྲོད་ཐད་ལ་མཁས་པ་ཆེན་པོ་ཡིན་པས་དེ་འདྲའི་གནད་དོན་ཆུང་ངུ་ཞིག་མི་མཁྱེན་པ་ག་ལ་སྲིད། ཡང་ཕུར་ཕན་ལགས་ན་རེ  “དེ་བཞིན། 《གསེར་ཏོག་སུམ་རྟགས་》སུ་གསལ་བྱེད་ལ་སྡེ་པ་ཕྱེད་དང་བརྒྱད་དང་ཨ་ཡིག་དབྱངས་གསལ་གཉིས་ཀར་འདོད་པ་དེ་འགལ་འདུའི་ཕུང་པོ་ཡིན་པར་གསུངས་པ་ནི་ཐལ་ཆེ་བར་སེམས་ཏེ། ཨ་ཡིག་གསལ་བྱེད་ཀྱང་ཡིན་པར་བཞེད་ཕྱིར། གསལ་བྱེད་གྲངས་སུམ་ཅུར་བཞེད་པ་ཁོང་གི་བཞེད་པ་ཡིན་ན། དེ་ལ་སྡེ་པ་ཕྱེད་དང་བརྒྱད་གསུངས་པ་དང་འགལ་བར་གྱུར་པ་མ་མཆིས་སོ་སྙམ་”ཟེར། འདི་ཡང་ཁོ་བོའི་རྩོམ་ཡིག་ལ་ཞིབ་ལྟ་མ་མཛད་པའི་སྐྱོན་ཏེ། ཁོ་བོས་གསེར་ཏོག་ཚང་གི་《རྟགས་འཇུག་རྩ་བ་》ཡི་དགོངས་པ་བཞིན་གསལ་བྱེད་འབའ་ཞིག་ལ་སྡེ་པ་ཕྱེད་དང་བརྒྱད་ཡོད་པར་ཁས་བླངས་ནས་ཨ་ཡིག་དབྱངས་གསལ་གཉིས་ཀར་འདོད་ན་འགལ་འདུའི་ཕུང་པོར་འགྱུར་ཞེས་པ་ལས། གསལ་བྱེད་ལ་སྡེ་པ་ཕྱེད་དང་བརྒྱད་ཡོད་པར་བཤད་པ་དང་ཨ་ཡིག་དབྱངས་གསལ་གཉིས་ཀར་འདོད་པ་འགལ་བ་ཡིན་ཞེས་རྩ་བ་ནས་བཤད་མེད། ཁོ་བོའི་《དོགས་དཔྱོད་》དུ། “ཕོ་ཡི་ཡི་གེ་འབའ་ཞིག་ལ་སྟེ། གསལ་བྱེད་ཁོ་ན་ལ་སྡེ་པ་ཕྱེད་དང་བརྒྱད་དེ། ཀ་ནས་ཨའི་བར་ཡི་གེ་སུམ་ཅུ་ཐམ་པ་ཡོད་པར་དངོས་སུ་གསུངས་པས། འདིས་ནི་ཨ་ཡིག་དབྱངས་གསལ་གཉིས་ཀར་འདོད་མཁན་དག་གི་དམ་བཅའ་རྩ་བ་ནས་སུན་ཕྱུངས་པ་ཡིན་”ཞེས་《རྟགས་འཇུག་རྩ་བ་》ལས་གསལ་བྱེད་ཁོ་ན་ལ་སྡེ་པ་ཕྱེད་དང་བརྒྱད་ཡོད་པར་གསུངས་པས། འདི་ལྟར་ན་ཨ་ཡིག་དབྱངས་གསལ་གཉིས་ཀར་ཁས་བླངས་ན་མི་འཐད་པར་བཤད་ཡོད། དེ་ཡང་ཡིན་ཏེ། 《རྟགས་འཇུག་རྩ་བ་》ལས།“ཕོ་ཡི་ཡི་གེ་འབའ་ཞིག་ལ། །”⑾ཞེས་ཕོ་ཡིག་སྟེ། གསལ་བྱེད་འབའ་ཞིག་ལ་ཞེས་གསུངས་པ་གང་ཞིག་“འབའ་ཞིག་”ཅེས་པ་ནི་གཞན་ལྡན་རྣམ་གཅོད་ཀྱི་སྒྲ་“ཁོ་ན་”ཞེས་པའི་དོན་ཡིན་པའི་ཕྱིར་ཏེ། 《བོད་རྒྱ་ཚིག་མཇོད་ཆེན་མོ་》ལས།“འབའ་ཞིག ཁོ་ནའམ་རྐྱང་རྐྱང་”⑿ཞེས་གསལ་བའི་ཕྱིར། མཚམས་འདི་ནས་ཕུར་ཕན་ལགས་ལ་དྲི་བ་འདི་འདྲ་ཞིག་འབུལ་བར་བྱ་སྟེ། ཉིད་ཀྱིས་《རྟགས་འཇུག་རྩ་བ་》ཡི་ཚིག་“འབའ་ཞིག་”ཅེས་པ་དེ་མ་གཟིགས་ཁུལ་མཛད་པ་ཡིན་ནམ་ཡང་ན་ཚིག་རྒྱན་ཙམ་ལ་ངོས་འཛིན་གནང་བ་ཡིན། གལ་ཏེ་ཚིག་རྒྱན་ཙམ་ལ་འདོད་ཟེར་ན། ཆེས་ཆེར་མི་འཐད་དེ། དེ་ལ་ནུས་པ་ལྷག་པོ་འདོན་རྒྱུ་ཡོད་པའི་ཕྱིར་ཏེ། ཁོ་ན་ཞེས་པའི་དོན་ཡིན་པའི་ཕྱིར་ཏེ། དཀའ་ཆེན་པདྨ་བློ་གྲོས་ཀྱིས་མཛད་པའི་《རྟགས་འཇུག་གི་དཀའ་གནད་གསལ་བའི་མེ་ལོང་གི་འགྲེལ་པ་རིགས་ལམ་གསེར་གྱི་ལྡེ་མིག་》ལས། “འབའ་ཞིག་ནི་ཁོ་ན་ཞེས་པའི་དོན་ནོ་”⒀ཞེས་གསུངས་པའི་ཕྱིར།   
        གཉིས། ཕུར་ཕན་ལགས་ཀྱི་《དོགས་ལན་》དུ། “བླ་ནག་པས་གསེར་ཏོག་རིན་པོ་ཆེའི་གསུང་ལ་རང་ཚིག་སྔ་ཕྱི་འགལ་བ་དང་ཁས་བླངས་ནང་འགལ་གྱི་སྐྱོན་ཆ་ཡོད་པར་གསུངས་ཡོད། དེ་ཡང་། ཁྱེད་ཀྱིས་གསེར་ཏོག་རིན་པོ་ཆེས་ཀ་ནས་ཧ་བར་གསལ་བྱེད་དངོས་ཡིན་པར་གསུངས་པ་རྒྱུ་མཚན་དུ་མཛད་དེ། དེ་ལྟར་ན། ཨ་ཡིག་གསལ་བྱེད་དངོས་མ་ཡིན་པར་བསྟན་ཚུལ་དང་། ཨ་ཡིག་གསལ་བྱེད་བཏགས་པ་བར་གྲུབ་ཚུལ། ཨ་ཡིག་གསལ་བྱེད་ཀྱང་མ་ཡིན་པར་ཁས་ལེན་དགོས་ཚུལ་སོགས་སྨྲས་མོད། འོན་ཏེ། གསེར་ཏོག་རིན་པོ་ཆེས་ཀ་ནས་ཧ་བར་གསལ་བྱེད་ཁོ་ན་ལས་དབྱངས་མི་བྱེད་པས་གསལ་བྱེད་དངོས་དང་། ་་་་་་དེས་ན། གསེར་ཏོག་རིན་པོ་ཆེའི་ཚིག་དེ་དག་ལ་སྔ་ཕྱི་འགལ་བའི་སྐྱོན་ཡོད་པ་གུས་མོས་མ་མཐོང་”ཟེར། དེ་ལ་ལན་འདི་ཡོད་དེ། ཁྱེད་ཀྱིས་མ་མཐོང་ན་སྔ་ཕྱི་འགལ་བའི་སྐྱོན་མེད་པས་ཁྱབ་པ་གཏན་ནས་མེད་ཀྱང་རེ་ཞིག་སྐྱུར་ཞོག ཁྱེད་ཀྱིས་གསེར་ཏོག་ཚང་གི་གསུང་ལ་རང་བཟོའི་འགྲེལ་པ་མཛད་དེ། “གསལ་བྱེད་དངོས་”ཞེས་པ་དེ་གསལ་བྱེད་ཁོ་ན་ལ་བཀྲལ་འདུག་པ་ནི་ཧ་ཅང་ཐལ་བ་སྟེ། དེ་ལྟར་ན་“དངོས་”ཞེས་པ་དེ་ཁོ་ན་ལ་གོ་དགོས་པར་ཐལ། དེ་ནི་ཧ་ཅང་འཁྲུལ་བ་སྟེ། གནའ་ནས་ད་བར་གྱི་བརྡ་སྤྲོད་མཁན་པོ་སུས་ཀྱང་དེ་ལྟར་གསུངས་མེད་པའི་ཕྱིར།   
        ཡང་མུ་མཐུད་དུ། “ཁྱེད་ཀྱིས་ཨ་ཡིག་གསལ་བྱེད་དངོས་མ་ཡིན་ན་ཨ་ཡིག་གསལ་བྱེད་མ་ཡིན་པར་གྲུབ་ཅེས་མཁས་པའི་གསུང་ལ་ཚིག་སྔ་ཕྱི་འགལ་བ་ཡོད་པར་གཟིགས་འདུག་ན་ཡང་།  གང་ཞིག་དངོས་ཡིན་དང་མ་ཡིན་གྱི་ཐད་བོད་སྐད་ཀྱི་བརྡའི་དབང་དུ་བྱས་ཏེ་དཔེར་བརྗོད་ན། དངོས་དང་བརྒྱུད་པའི་བླ་མ། དངོས་ཤུགས་གང་རུང་། དངོས་སློབ། དངོས་གཉེན། དངོས་རྒྱུ་དང་དངོས་འབྲས་སོགས་ཐ་སྙད་མང་བར་སྣང་ཞིང་། རྗེ་བདག་ཉིད་ཆེན་པོའི་དངོས་སློབ་མ་ལགས་ཞེས་པ་ལྟ་བུ་ཁྱེད་ལྟར་ན་རྗེ་བདག་ཉིད་ཆེན་པོའི་སློབ་མ་མ་ལགས་ཞེས་པར་གྲུབ་སྲིད་པས། དེ་འདྲ་བོད་སྐད་ཀྱི་བརྡ་ལ་ག་ལ་རུང་། རྗེའི་དངོས་སློབ་མ་ཡིན་ཡང་སློབ་མར་གྱུར་བ་མང་དུ་ཡོད་པའི་ཕྱིར་”ཞེས་སྨྲས་པ་ལ་ཅུང་ཙམ་དཔྱད་ན། གལ་ཏེ་གསེར་ཏོག་ཚང་གི་ཚིག་“གསལ་བྱེད་དངོས་”ཞེས་པ་དེ་དངོས་བཏགས་ཀྱི་དངོས་ལ་མི་བྱེད་ན་དངོས་བརྒྱུད་ཀྱི་དངོས་ལ་བྱེད་རྒྱུ་ཡིན་ནམ། འོ་ན་ཀ་ནས་ཧའི་བར་གསལ་བྱེད་དངོས་དང་ཨ་ཡིག་གསལ་བྱེད་བརྒྱུད་ཅེས་ཟེར་རྒྱུ་ཡིན་ནམ། ཡང་“གསལ་བྱེད་དངོས་”ཞེས་པ་དེ་དངོས་ཤུགས་ཀྱི་དངོས་ལ་བྱས་ཏེ་ཀ་ནས་ཧའི་བར་གསལ་བྱེད་དངོས་དང་ཨ་ཡིག་གསལ་བྱེད་ཤུགས་ཞེས་ཟེར་རྒྱུ་ཡིན་ནམ། དེ་ལྟར་འདོད་པ་ནི་གཏན་ནས་མི་འཐད། དེ་ཡང་ཨ་ཡིག་གསལ་བྱེད་དངོས་མ་ཡིན་ན་གསལ་བྱེད་མ་ཡིན་པར་གྲུབ་སྟེ། མི་དངོས་མ་ཡིན་ན་མི་མ་ཡིན་པར་གྲུབ་པའི་ཕྱིར།  དེར་ཐལ། མི་བཏགས་པ་བ་མི་མ་ཡིན་པའི་ཕྱིར། དེར་ཐལ། འཕྲུལ་ཆས་ཀྱི་མི་མི་མ་ཡིན་པའི་ཕྱིར། དེར་ཐལ། འཕྲུལ་ཆས་ཀྱི་མི་ལ་མི་ཞེས་བཏགས་ཀྱང་མི་མ་ཡིན་པའི་ཕྱིར་ཏེ། དེ་ལ་བཏགས་པའི་རྒྱུ་མཚན། འདོགས་པའི་དགོས་པ། དངོས་ལ་གནོད་བྱེད་གསུམ་ག་ཚང་བའི་ཕྱིར། ཡང་ཁྱེད་ལྟར་ན། མི་རྫུན་མ་མི་ཡིན་ནམ། འོ་ན་འགྱིག་གི་མི་ཡང་མི་ཡིན་ནམ། དེ་ལྟར་ན་དངུལ་རྫུན་མ་ཡང་དངུལ་ཡིན་ཟེར་དགོས་པར་འགྱུར་རོ།   
        ཁ་ཅིག་གིས། གསེར་ཏོག་རིན་པོ་ཆེས་“ཨ་ཡིག་ནི་དབྱངས་གསལ་གཉིས་ཆོད་ཡིན་ཏེ་”⒁ཞེས་གསུངས་པས། ཨ་ཡིག་ནི་དབྱངས་གསལ་གཉིས་ཀའི་གོ་ཆོད་པས་གསལ་བྱེད་མིན་ཡང་གསལ་བྱེད་ཀྱི་གོ་ཆོད་པར་འདོད་ཟེར་ན། དེ་ཡང་སྔ་མ་དང་བསྡུར་ན་ཅུང་ལེགས་ཀྱང་མི་འཐད་དེ། 《གསེར་ཏོག་སུམ་རྟགས་》ལས། “ཀ་ལི་སུམ་ཅུ་ཐམ་པའི་ཐ་མ་ཨ་ཡིག་ནི་རྗོད་པ་རང་དབང་ཅན་ཡིན་པས་”⒂ཞེས་ཨ་ཡིག་ནི་ཀ་ལི་སྟེ། གསལ་བྱེད་ཡིན་པར་གསུངས་པ་དང་། དེ་བཞིན་“བོད་ཀྱི་དབྱངས་ཡིག་རྐྱང་པ་ཨི་ཨུ་ཨེ་ཨོ་ལ་གུག་གུ་སོགས་ཀྱི་བརྡ་ཆད་བྱས་པ་བཞི་ཡིན་”⒃ཞེས་ཨི་ཨུ་ཨེ་ཨོ་བཞི་དབྱངས་ཡིག་རྐྱང་པ་ཡིན་པར་གསུངས་པ་སོགས་ལས། ཨ་ཡིག་དེ་དབྱངས་གསལ་གཉིས་ཀ་ཡིན་པར་དོན་གྱིས་བསྟན་གནང་འདུག་པས་སོ།   
        གསུམ། ཕུར་ཕན་ལགས་ན་རེ  “ཡང་བླ་ནག་པས།‘དབྱངས་གསལ་གཉིས་སུ་ཕྱེ་བའི་དབྱངས་ཤིག་བཞེད་འདུག་པས། དེ་ལྟར་ན་དབྱངས་གསལ་གཉིས་སུ་ཕྱེ་བའི་གསལ་བྱེད་ཅིག་ཀྱང་དོན་གྱིས་ཁས་བླངས་ཡོད་ལ། དེ་ལྟར་ན་དེ་གཉིས་འགལ་བར་ཡང་ཁས་ལེན་དགོས་ཏེ། དཔེར་ན་མིང་ཚིག་གཉིས་སུ་ཕྱེ་བའི་མིང་དང་ཚིག་གཉིས་དང་། ཡུལ་དང་ཡུལ་ཅན་གཉིས་སུ་ཕྱེ་བའི་ཡུལ་དང་ཡུལ་ཅན་གཉིས་འགལ་བར་ཁས་ལེན་དགོས་པ་བཞིན་ནོ’ཞེས་སོགས་གསུངས་པའི་དོན་གྱི་དམིགས་པ་ནི་ཨ་ཡིག་དབྱངས་དང་གསལ་བྱེད་གཉིས་ཀ་ཡིན་པ་མི་སྲིད་པར་བརྗོད་འདོད་དེ་ཡིན་པར་སྣང་”ཟེར། དེ་ཡང་《གསེར་ཏོག་སུམ་རྟགས་》ལས། “འདིར་དབྱངས་གསལ་གཉིས་སུ་ཕྱེ་བའི་དབྱངས་ནི་གནས་དང་བྱེད་པའི་རྣམ་འགྱུར་མི་གསལ་ཞིང་སྒྲའི་གདངས་ཙམ་དང་ང་རོ་ཙམ་ཤས་ཆེ་བའི་ཆ་ནས་བཞག་པས་”⒄ཞེས་དབྱངས་གསལ་གཉིས་སུ་ཕྱེ་བའི་དབྱངས་ཤིག་ཡོད་པ་གསེར་ཏོག་ཚང་ཁོང་རང་ཉིད་ཀྱིས་དངོས་སུ་གསུངས་འདུག་ན། དེ་ལ་སུས་ཀྱང་བསྙོན་མི་ནུས། གལ་ཏེ་དེ་འདྲ་ཞིག་ཡོད་ན། གསེར་ཏོག་ཚང་ཁོང་གི་ལུགས་ལ་དེར་དབྱངས་ཨི་ཨུ་ཨེ་ཨོ་བཞི་ལྟ་བུ་མི་འཇོག་ཐབས་མེད་ཡིན་ཞིང་། དེ་ལྟར་ན་དབྱངས་གསལ་གཉིས་སུ་ཕྱེ་བའི་གསལ་བྱེད་ཅིག་ཀྱང་ཡོད་པ་ཁས་ལེན་དགོས་པ་ནི་ཆོས་ཉིད་ཡིན། ཨ་ཡིག་ནི་དབྱངས་གསལ་གཉིས་སུ་ཕྱེ་བའི་དབྱངས་ལ་མི་འཇོག་ན། ད་ནི་དེ་གཉིས་སུ་ཕྱེ་བའི་གསལ་བྱེད་ལ་འཇོག་པ་ལས་འོས་མེད་ལ། དབྱངས་གསལ་གཉིས་སུ་ཕྱེ་བའི་དབྱངས་དང་དེ་གཉིས་སུ་ཕྱེ་བའི་གསལ་བྱེད་གཉིས་ཡོངས་སུ་འགལ་དགོས་པ་ནི། མིང་ཚིག་གཉིས་སུ་ཕྱེ་བའི་མིང་ཚིག་གཉིས་དང་བཀའ་དང་བསྟན་བཅོས་གཉིས་སུ་ཕྱེ་བའི་བཀའ་བསྟན་གཉིས་སོགས་འགལ་བ་ཡིན་པ་རིགས་པས་འགྲུབ་བོ། གསེར་ཏོག་ཚང་ལྟར་ན། དབྱངས་གསལ་གཉིས་སུ་ཕྱེ་བའི་དབྱངས་ལ་ཨི་ཨུ་ཨེ་ཨོ་བཞི་མ་གཏོགས་མི་འཇོག་པས། དབྱངས་གསལ་གཉིས་སུ་ཕྱེ་བའི་དབྱངས་ཡིན་ན་སྒྲའི་གདངས་ཙམ་དང་ང་རོ་ཙམ་ཤས་ཆེ་བས་ཁྱབ་པས། “ཆ་ནས་བཞག་པས་”ཞེས་ཆ་བཞག་སྦྱར་བ་ལ་དགོས་པ་ཅི་ཡང་མ་བྱུང་ཞེས་ཁོ་བོས་སྐྱོན་བརྗོད་པ་ཡིན་གྱི། དབྱངས་གསལ་གཉིས་སུ་ཕྱེ་བའི་དབྱངས་དང་གསལ་བྱེད་གཉིས་འགལ་བའི་རྒྱུ་མཚན་གྱིས་ཨ་ཡིག་དབྱངས་གསལ་གཉིས་ཀ་ཡིན་མི་སྲིད་པར་བསྒྲུབས་མེད་པ་ནི་ཁོ་བོའི་《དོགས་དཔྱོད་》ལ་བལྟས་ན་ཧ་ཅང་གསལ།   
        ཡང་ཕུར་ཕན་ལགས་ཀྱིས། “བརྡ་སྤྲོད་པའི་བསྟན་བཅོས་ནི་རང་རང་མི་རིགས་དང་རྒྱལ་ཁབ་ཀྱི་ཡུལ་དུས་སྐད་ཀྱི་ཁྱད་ཆོས་ལ་གཞིགས་ནས་གཏན་ལ་འབེབས་དགོས་པ་ཞིག་ཡིན་པས། དབྱངས་དང་གསལ་བྱེད་གཉིས་ཀ་ཡིན་པ་ཞིག་དོན་དུ་ཡོད་མེད་རྩད་གཅད་རྒྱུ་ནི་གནད་འགག་ཡིན་པ་ལས། ཚད་མའི་རིགས་པ་འབའ་ཞིག་གཡར་ནས་བརྡར་ཤ་གཅོད་པ་ནི་ཚིག་གི་རོལ་རྩེད་ཙམ་ལས་ཐག་གཅོད་ཐུབ་བྱེད་ཀྱི་ཐབས་ལམ་ཞིག་མ་ཡིན་པར་སེམས་”ཟེར། འདིར་ཕུར་ཕན་ལགས་ལ་འདྲི་བར་བ་སྟེ། ཐོན་མིས་“ཨཱ་ལི་གསལ་བྱེད་ཨི་སོགས་བཞི་”⒅ཞེས་དབྱངས་ཀྱི་གྲངས་ངེས་གཏན་ལ་འབེབས་དུས་བོད་མི་རིགས་ཀྱི་སྐད་ཆའི་ཁྱད་ཆོས་ལ་གཞིགས་ཨེ་ཡོད། ཡོད་ན་དེ་དུས་གསལ་བྱེད་ཀ་སོགས་ངག་ཏུ་རྗོད་སྐབས་ཨ་ཡིག་གི་གདངས་ཞུགས་མ་དགོས་པ་ཨེ་ཡིན། འོ་ན་དུས་ནམ་ཞིག་ནས་བོད་ཡིག་གི་གསལ་བྱེད་ཀ་སོགས་ལ་ཨ་ཡིག་གི་སྒྲ་གདངས་ཞུགས་དགོས་བྱུང་བ་ཡིན། “དབྱངས་དང་གསལ་བྱེད་གཉིས་ཀ་ཡིན་པ་ཞིག་དོན་དུ་ཡོད་མེད་རྩད་གཅད་རྒྱུ་ནི་གནད་འགག་ཡིན་”ན། ལུང་ཙམ་ལ་མ་བརྟེན་པར་བོད་ཀྱི་ཡི་གེ་ཀ་སོགས་ལ་ཨའི་དབྱངས་མ་ཞུགས་པར་བརྗོད་དུ་མེད་ལ་དབྱངས་ཨ་ཡིག་ཞུགས་དགོས་དོན་འདི་དང་ཞུགས་ཚུལ་འདིའོ་ཞེས་རིགས་པ་ཡང་དག་དང་རྟགས་ཡང་དག་གིས་ཞིབ་ཏུ་སྒྲུབས་དང་ཁོ་བོས་རྗེས་སུ་ཡི་རང་དང་ལེན་ཞུ་ངེས། ཡིན་ན་ཡང་ཕུར་ཕན་ལགས་ཀྱིས་ད་དུང་རིགས་པ་དང་རྒྱུ་མཚན་འཐད་ལྡན་གྱིས་དེ་ལྟར་བསྒྲུབ་མི་ནུས་པ་འདྲ་སྟེ། འོག་གི་“གཉིས་པ། རང་ལུགས་བཞག་པ་”ཞེས་པའི་དོན་ཚན་ནང་དུ་ས་པཎ་དང་ས་སྐྱ་བསོད་ནམས་རྩེ་མོ། དཔལ་ཁང་ལོ་ཙཱ་བ། དབུས་པ་བློ་གསལ་སོགས་ཀྱི་ལུང་མང་པོ་ཞིག་དྲངས་ཡོད་པས་སོ། ཡང་“ཚད་མའི་རིགས་པ་འབའ་ཞིག་གཡར་ནས་བརྡར་ཤ་གཅོད་པ་ནི་ཚིག་གི་རོལ་རྩེད་ཙམ་ལས་ཐག་གཅོད་ཐུབ་བྱེད་ཀྱི་ཐབས་ལམ་ཞིག་མ་ཡིན་པར་སེམས་”ཞེས་པ་ནི་ཐལ་དྲགས་པའི་གསུང་སྟེ། ཤེས་པར་བྱ་བའི་གནས་གང་ལ་ཡང་འདི་ལྟར་ཡིན་ནོ །དེ་ལྟར་མ་ཡིན་ནོ །ཞེས་ཚིག་གི་རྗེས་སུ་འབྲངས་པའི་ཡང་དག་པའི་དམ་བཅའ་ཙམ་གྱི་ངེས་པ་རྙེད་དུ་ཟིན་ཀྱང་།  སྒྲུབ་དང་སུན་འབྱིན་གྱི་སྒོ་ནས་ཚད་མའི་སྟོབས་ཀྱིས་དྲངས་པའི་ངེས་པ་མ་རྙེད་ན། ཤེས་བྱའི་གནས་དེ་ལ་གཞན་དུ་མི་འགྱུར་བའི་ཡང་དག་པའི་བག་ཆགས་བརྟན་པོ་ཞིག་འཇོག་མི་ནུས་ཏེ། རྗེ་ཙོང་ཁ་པ་ཆེན་པོས། “གལ་ཏེ་ཡང་དག་དམ་བཅའ་ཙམ་ཞིག་གི །ངེས་པ་རྙེད་ཀྱང་སྒྲུབ་དང་སུན་འབྱིན་གྱི། །ཚད་མའི་སྟོབས་ཀྱིས་ཐེ་ཚོམ་མ་ཆོད་ཕྱིར། ། ཡང་དག་བག་ཆགས་བརྟན་པོ་འཇོག་མི་ནུས །”⒆ཞེས་དང་། གུང་ཐང་བསྟན་པའི་སྒྲོན་མེས། “རིགས་པས་དཔྱད་པ་མ་ཐལ་གཞུང་དོན་ལ། །ཚིག་སྤྱིའི་གོ་བ་ལམ་ཙམ་ཡོད་ན་ཡང་།།བརྒལ་ཞིང་བརྟག་ཚེ་བྱེ་མའི་གོང་བུ་བཞིན། །འགྱུར་ཕྱིར་རིགས་པའི་གསང་ཚིག་ཞིབ་ཏུ་སློབས །”⒇ཞེས་གསུངས་པ་སོགས་ལས་རྟོགས་ཐུབ་པ་ཡིན། དེས་ན་ཤེས་བྱའི་གནས་གང་ཞིག་སྦྱངས་ན་ཡང་རིགས་པས་དཔྱད་པ་བྱས་ཏེ་དཔྱིས་ཕྱིན་པ་ཞིག་སློབ་པ་གལ་ཆེ་ཞིང་། བརྡ་སྤྲོད་ལྟ་བུ་ལ་ཡང་ཚད་མའི་རིགས་ལམ་ལ་བརྟེན་ནས་མ་སྦྱངས་ན་གོ་བ་རགས་པ་ཙམ་ལས་མི་ལོན་ལ། ནམ་ཡང་ཞིབ་ཆ་ལྡན་པ་ཞིག་འོང་མི་ཐུབ། གོང་ས་སྐུ་ཕྲེང་བཅུ་གསུམ་པའི་ཐ་སྙད་རིག་གནས་ཀྱི་ཡོངས་འཛིན་སྨྲ་བའི་སེང་ཆེན་དཔའ་རིས་བློ་བཟང་རབ་གསལ་གྱིས།“སྒྲ་ཚད་སེང་གེ་མཇིང་བསྣོལ་ཨེ་མ་མཚར་”ཞེས་གསུངས་པ་ཡང་གང་འདོད་དུ་གསུངས་པ་ཞིག་གལ་ཡིན་ཏེ་མ་ཡིན་ནོ། ཕུར་ཕན་ལགས་ན་རེ  “ཚད་མའི་ནང་དུ་ཡིན་པ་མི་སྲིད་པའི་ཤེས་བྱ་མཚོན་བྱེད་ལ་དབྱངས་གསལ་གཉིས་ཞེས་པ་ཞིག་གུས་མོས་གོ་བ་དང་མཇལ་བ་ཞིག་ད་ཕན་མ་བྱུང་” ཟེར། ཤེས་བྱའི་རྣམ་གཞག་ཡོད་ཚད་ཚད་མའི་གཞུང་ལུགས་ནང་དུ་སྟོན་དཀའ་ལ། དེ་ལས་ཀྱང་དངོས་སུ་སྟོན་རྒྱུ་ཧ་ཅང་དཀའ་བས། མང་པོ་ཞིག་ནི་རིགས་འགྲེས་ཀྱིས་ཤེས་དགོས་པ་ཡིན།   ཡང་ཕུར་ཕན་ལགས་ཀྱིས། “ཁྱེད་ཀྱིས་དཔེར་མཛད་པའི་མིང་ཚིག་གཉིས་སུ་ཕྱེ་བའི་མིང་དང་ཚིག་གཉིས་ནི་ཡི་གེ་ལས་མིང་དང་མིང་ལས་ཚིག་གྲུབ་ཕྱིར་ཞེས་པ་ཡིན་ན། དེ་གཉིས་དོན་དམ་འགལ་བར་ཇི་ལྟར་འགྲོ་ཚུལ་བདག་གིས་མ་རྟོགས་”ཟེར།  སྤྱིར་“སྒྲ་མི་རྟག་པ་”ཞེས་པ་འདི་མིང་ཡིན་ལ་ཚིག་ཀྱང་ཡིན་པས་མིང་ཚིག་གཉིས་མི་འགལ་ཡང་། མིང་ཚིག་གཉིས་སུ་ཕྱེ་བའི་མིང་དང་ཚིག་གཉིས་འགལ་བ་ནི། 《ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས་》ལས། “ཁང་པའི་ཀ་བ་ཞེས་པས་ཁང་པའི་ངོ་བོ་དང་དེའི་ཁྱད་པར་ཀ་བ་གཉིས་བར་རྣམ་དབྱེ་སྦྱར་ནས་སྟོན་པའི་སྒྲ་ཡིན་སྟབས། མིང་ཚིག་གཉིས་སུ་ཕྱེས་པའི་མིང་དང་ཚིག་གཉིས་འགལ་མོད། སྤྱིར་མིང་དང་ཚིག་གཉིས་མི་འགལ་ཏེ། ཁང་པའི་ཀ་བ་ཞེས་པ་མིང་ཡང་ཡིན་ལ། ཚིག་ཀྱང་ཡིན་པའི་ཕྱིར་”(21)ཞེས་གསུངས་པས་ཤེས་ནུས་ལ། དེ་བཞིན་《བསེ་བསྡུས་གྲྭ་》ལས། “མིང་ཚིག་ཡི་གེ་གསུམ་དུ་ཕྱེ་བའི་མིང་གི་མཚན་ཉིད་ཡོད་དེ། དོན་གྱི་ངོ་བོ་ཙམ་སྟོན་པའི་རྗོད་བྱེད་ཀྱི་སྒྲ་དེ་ཡིན་པའི་ཕྱིར།་་་་་་མིང་ཚིག་ཡི་གེ་གསུམ་དུ་ཕྱེ་བའི་ཚིག་གི་མཚན་ཉིད་ཡོད་དེ། དོན་གྱི་ངོ་བོ་དང་ཁྱད་པར་སྦྱར་ནས་སྟོན་པའི་སྒྲ་དེ་ཡིན་པའི་ཕྱིར་” (22)ཞེས་མཚན་ཉིད་ཀྱི་སྟེང་ནས་མིང་ཚིག་ཡི་གེ་གསུམ་དུ་ཕྱེ་བའི་མིང་དང་དེ་གསུམ་དུ་ཕྱེ་བའི་ཚིག་གཉིས་འགལ་བར་བསྟན་འདུག་པས། དེ་ལྟར་ན་མིང་ཚིག་གཉིས་སུ་ཕྱེ་བའི་མིང་དང་ཚིག་གཉིས་ཀྱང་འགལ་བ་ཡིན་པ་དོན་གྱིས་གོ་ཐུབ།   
        ཡང་ཕུར་ཕན་ལགས་ན་རེ  “ཡུལ་དང་ཡུལ་ཅན་ལྟ་བུར་མཚོན་ན། ཚད་མའི་གཞུང་ལྟར་ན་ཡུལ་ཅན་ཡིན་ན་ཡུལ་ཡིན་པས་ཁྱབ་སྟེ།་་་་་་ཡང་སྔོ་འཛིན་མིག་ཤེས་ལྟ་བུ་སྔོན་པོར་བལྟོས་ན་ཡུལ་ཅན་ཡིན་པ་གང་ཞིག་ཡིད་ཤེས་ལ་བལྟོས་ན་ཡུལ་ཡང་ཡིན་པ་སོགས་འཇོག་ཏུ་ཡོད་པའི་ཕྱིར། དེ་དག་གི་ཕྱིར་ན་ཡུལ་ཡུལ་ཅན་གཉིས་སུ་ཕྱེ་བའི་ཡུལ་དང་ཡུལ་ཅན་གཉིས་ཡོངས་སུ་འགལ་བར་འགྲོ་ཚུལ་ཚད་མའི་གཞུང་ལས་བསྟན་པ་ཕྲན་གྱིས་མ་མཇལ་སྟབས། ཁྱེད་ཀྱིས་དཔེར་མཛད་པའི་མིང་ཚིག་དང་ཡུལ་ཡུལ་ཅན་གང་གི་ཆ་ནས་ཀྱང་དབྱངས་གསལ་གཉིས་འགལ་བར་སོང་བའི་སྒྲུབ་བྱེད་གནད་དུ་མ་སྨིན་པར་སྣང་”ཟེར།  ཚད་མའི་གཞུང་དུ་ཡུལ་དང་ཡུལ་ཅན་གཉིས་སུ་ཕྱེ་བའི་ཡུལ་དང་དེ་གཉིས་སུ་ཕྱེ་བའི་ཡུལ་ཅན་གཉིས་འགལ་བ་ཡིན་ཚུལ་གསལ་པོར་གསུངས་ཡོད་དེ། 《སྟག་ཚང་ར་བ་སྟོད་པའི་བསྡུས་གྲྭ་》ལས། “ཁ་ཅིག་ན་རེ ཡུལ་ཡིན་ན། ཡུལ་དང་ཡུལ་ཅན་གཉིས་སུ་ཕྱེ་བའི་ཡུལ་ཡིན་པས་ཁྱབ་ཟེར་ན། རྣམ་མཁྱེན་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་ཁས། འདོད་ན། རྣམ་མཁྱེན་ཆོས་ཅན། ཡུལ་དང་ཡུལ་ཅན་གཉིས་སུ་ཕྱེ་བའི་ཡུལ་མ་ཡིན་པར་ཐལ། ཡུལ་དང་ཡུལ་ཅན་གཉིས་སུ་ཕྱེ་བའི་ཡུལ་ཅན་ཡིན་པའི་ཕྱིར་” (23)ཞེས་དང་། ཡང་། “གོང་དུ་འདོད་ན། རྗོད་བྱེད་ཀྱི་སྒྲ་ཆོས་ཅན། ཡུལ་དང་ཡུལ་ཅན་གཉིས་སུ་ཕྱེ་བའི་ཡུལ་ཅན་མ་ཡིན་པར་ཐལ། ཡུལ་དང་ཡུལ་ཅན་གཉིས་སུ་ཕྱེ་བའི་ཡུལ་ཡིན་པའི་ཕྱིར་”ཞེས་དང་། 《བསྡུས་གཞུང་ཉི་མའི་འོད་ཟེར་》ལས་ཀྱང་། “ཡང་ཁོ་ན་རེ ཡུལ་དང་ཡུལ་ཅན་གཉིས་འགལ་བར་ཐལ། ཡུལ་དང་ཡུལ་ཅན་གཉིས་སུ་ཕྱེ་བའི་ཡུལ་དང་དེ་གཉིས་སུ་ཕྱེ་བའི་ཡུལ་ཅན་གཉིས་འགལ་བའི་ཕྱིར་ཟེར་ན་མ་ཁྱབ་” (24)ཅེས་ཤིན་ཏུ་གསལ་པོར་གསུངས་འདུག་པ་ལྟ་བུ་ཡིན། དེ་ལས་ཀྱང་ཁོང་གིས། “ཁྱེད་ཀྱིས་དཔེར་མཛད་པའི་མིང་ཚིག་དང་ཡུལ་ཡུལ་ཅན་གང་གི་ཆ་ནས་ཀྱང་དབྱངས་གསལ་གཉིས་འགལ་བར་སོང་བའི་སྒྲུབ་བྱེད་གནད་དུ་མ་སྨིན་པར་སྣང་”ཞེས་གསུངས་པ་ནི་སྒྲོ་འདོགས་ཁོ་ན་སྟེ། ཁོ་བོས་དབྱངས་གསལ་གཉིས་འགལ་བའི་དཔེར་མིང་ཚིག་གཉིས་འགལ་བ་དང་ཡུལ་ཡུལ་ཅན་གཉིས་དཔེར་བཀོད་དེ་གང་དུའང་བསྒྲུབས་མེད་པ་ནི་གཟུར་གནས་བློ་ལྡན་རྣམས་ཀྱིས་གཟིགས་ན་རྟོགས་པར་འགྱུར།   
        《དོགས་ལན་》གྱི་“གཉིས། རང་ལུགས་འཐད་ལྡན་དུ་སྒྲུབ་པ་”ཞེས་པའི་ནང་། “༣་་་་་་དབྱངས་ཨ་ངེས་པའི་སྒྲ་རྒྱན་གྱི་རྩོམ་དཔེ་ཐ་དག་ལ་དབྱངས་མེད་པའི་སྒྲ་རྒྱན་ཞེས་སྨྲོས་དགོས་ཏེ། ཁྱེད་ཀྱིས་ཨ་ཡིག་དབྱངས་སུ་ཁས་མ་ལེན་པའི་ཕྱིར་”ཞེས་པ་ལ་ལན་འདི་ཡོད་དེ། སྤྱིར་བཏང་《སྙན་ངག་མེ་ལོང་མ》ནི་རྒྱ་གར་གྱི་རྩོམ་རིག་གི་གཞུང་ལུགས་ཤིག་ཡིན་པས། སྒྲ་རྒྱན་གྱི་སྐབས་སུ་ཡང་རྒྱ་གར་གྱི་དབྱངས་ལ་བསྟུན་ཏེ་དབྱངས་ཨ་ངེས་པའི་བྱ་དཀའ་བའི་རྒྱན་དང་དེའི་དཔེར་བརྗོད་ཀྱང་རྒྱ་གར་གྱི་ལུགས་ལྟར་བཞག་ཡོད། ས་སྐྱས་བོད་ལ་དབང་སྒྱུར་དུས་ཤོང་ལོ་ཙཱ་བས་དེ་བོད་དུ་བསྒྱུར་ཅིང་དཔང་ལོས་འགྱུར་བཅོས་དང་ཕྱིས་ཀྱི་མཁས་པས་དེ་ལ་བོད་འགྲེལ་བརྩམས་ཤིང་། སྒྲ་རྒྱན་གྱི་སྐབས་རྒྱ་གར་གྱི་ལུགས་དང་སྒོ་བསྟུན་ཏེ་ཨ་ཡིག་དབྱངས་ཡིན་པའི་དབང་དུ་བྱས་ཏེ་དཔེར་བརྗོད་བཞག་པ་ལས། བོད་རང་གི་ལུགས་ལྟར་ན་ཨ་ཡིག་དབྱངས་མ་ཡིན་པས་དེ་ལ་དབྱངས་མེད་ཀྱི་དཔེར་བརྗོད་ཅེས་བརྗོད་ཀྱང་འགལ་བ་གང་ཡང་མེད་དོ།   
        བཞི ཕུར་ཕན་ལགས་ཀྱིས། “གཉིས། རང་ལུགས་འཐད་ལྡན་དུ་སྒྲུབ་པ་”ཞེས་པའི་ནང་། “༤ གོང་ཞུས་བཞིན་ཀི་[Ki 53]ལྟ་བུའི་སྒྲ་འདོན་པའི་སྐབས་གི་གུའི་སྒྲ་མེད་པར་ཨི་[ i53]སྒྲ་དང་ལྡན་པ་ཞིག་ཀློག་དགོས་པ་མ་ཟད། འི་[ ui53]སྒྲ་ཡང་ཅུང་ཟད་མངའ་བའི་རང་བཞིན་ལྡན་དགོས། དེ་བཞིན། ཀ་[ka53]ལ་ཨ་[a13]སྒྲ་ལྡན་པ་ཞིག་ཀློག་དགོས་པ་མ་ཟད། འ་[ ua13]སྒྲ་ཡང་ཅུང་མངའ་བའི་རང་བཞིན་ལྡན་དགོས་པ་ཡིན། དེ་དག་ནི་གཅིག་ནས་ཀ་ལ་དབྱངས་ཨི་ཞུགས་པ་དང་། ཀ་ལ་དབྱངས་ཨ་ཞུགས་པའི་བདེན་དཔང་ཡིན་པ་དང་། གཉིས་ནས་འ་སྒྲ་ཅུང་ཟད་མངའ་བ་ནི་རྗེས་འཇུག་བཅུ་པོ་མ་ཞུགས་ན་མིང་གཞན་སྦྱོར་བ་མེད་པར་གསུངས་པས་ཡིན་”ཟེར། དེ་ནི་ཤིན་ཏུ་མི་འཐད་དེ། ཨ་ཡིག་གི་སྒྲ་གདངས་ནི། མགྲིན་པ་བཙུམ་ཞིང་དོག་པར་བྱས་ནས་སྟོད་དུ་ཤུགས་བསྐྱེད་དེ་འདོན་དགོས་ཏེ། 《ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན་》ལས། “མགྲིན་པ་བཙུམ་ཞིང་དོག་པར་བྱས་ནས་སྟོད་དུ་ཤུགས་བསྐྱེད་དེ་འདོན་དགོས་པའི་ཡི་གེའི་རྩ་བ་ནི་ཨ་ཡིག་གོ་” (25)ཞེས་གསུངས་པའི་ཕྱིར་དང་། འ་ཡིག་གི་སྒྲ་གདངས་ནི། མགྲིན་པ་ཕྱེ་ཞིང་གློད་དེ་ཡངས་པར་བྱས་ནས་སྨད་དུ་ཤུགས་བསྐྱེད་དེ་འདོན་དགོས་ཏེ། 《མཁས་པའི་ཁ་རྒྱན་》ལས། “མགྲིན་པ་ཕྱེ་ཞིང་གློད་དེ་ཡངས་པར་བྱས་ནས་སྨད་དུ་ཤུགས་བསྐྱེད་དེ་འདོན་པའི་ཡི་གེའི་རྩ་བ་ནི་འ་ཡིག་ཡིན་པས་” (26)ཞེས་གསུངས་པའི་ཕྱིར། དེས་ན་ཁྱེད་ལྟར་ན། ཀ་ཡིག་ངག་ནས་བརྗོད་ཚེ་ཨ་ཡིག་གི་སྒྲ་གདངས་དང་འ་ཡིག་གི་སྒྲ་གདངས་གཉིས་ཀ་ཐོན་དགོས་པས། ཀ་ཡིག་ནི་མགྲིན་པ་བཙུམ་ཞིང་དོག་པར་བྱས་ནས་སྟོད་དུ་ཤུགས་བསྐྱེད་དེ་འདོན་དགོས་པའི་ཡི་གེ་དང་། མགྲིན་པ་ཕྱེ་ཞིང་གློད་དེ་ཡངས་པར་བྱས་ནས་སྨད་དུ་ཤུགས་བསྐྱེད་དེ་འདོན་དགོས་པའི་ཡི་གེ་གཉིས་ཀ་ཡིན་པར་ཐལ་ལོ། དེ་ལྟར་འདོད་ཟེར་ན། དེ་མི་འཐད་པར་ཐལ། དེ་ལྟར་ན་མགྲིན་པ་བཙུམ་ཞིང་དོག་པར་བྱས་ནས་ཐོན་པའི་སྒྲ་གདངས་དང་མགྲིན་པ་ཕྱེ་ཞིང་གློད་དེ་ཡངས་པར་བྱས་ནས་ཐོན་པའི་སྒྲ་གདངས་གཉིས་གཞི་གཅིག་ཏུ་ཚོགས་པར་ཐལ་བ་དང་། སྟོད་དུ་ཤུགས་བསྐྱེད་དེ་འདོན་དགོས་པའི་ཡི་གེ་དང་སྨད་དུ་ཤུགས་བསྐྱེད་དེ་འདོན་དགོས་པའི་ཡི་གེ་གཉིས་ཀྱི་གཞི་མཐུན་ཡོད་པར་ཐལ་བའི་སྐྱོན་འབྱུང་བའི་ཕྱིར། ཕུར་ཕན་ལགས་ཀྱིས་བོད་ཡིག་ཀ་ལྟ་བུ་ལ་ངེས་པར་དབྱངས་ཨ་ཡིག་ཞུགས་དགོས་ཞེས་གསུངས་དོན་ནི། ཀ་ལྟ་བུ་དེང་དུས་ལ་ཏིང་ཡི་གེར་འབེབས་དུས་[ka]ཞེས་ངེས་པར་ཨ་ཡིག་ཅིག་སྦྱར་དགོས་པ་དེར་བཙན་གྱིས་བསྟུན་བཞིན་ཡོད་པ་འདྲ་བས། དེ་ལྟར་ན་མི་རིགས་རང་གི་སྐད་ཆའི་ཆོས་ཉིད་དང་ཡི་གེའི་སྐྱེ་གནས་ཀྱི་གཞུང་ལུགས་དང་ཡོངས་སུ་འགལ་བས་རྩ་བ་ནས་དང་ལེན་བྱ་ཐབས་མེད་ལ། རྒྱལ་ཁབ་གཞན་དང་མི་རིགས་གཞན་གྱི་སྐད་ཆ་དང་བརྡ་སྤྲོད་གཞུང་ལུགས་ཁྱེར་འོངས་ནས་རང་གི་སྐད་ཆ་དང་བརྡ་སྤྲོད་ལ་བཙན་གྱིས་འགེབས་པ་ནི་བོད་ཀྱི་ཁ་དཔེར།  “མི་བདག་བདག་ཏུ་རེ། བདག་པོ་སྒོ་ཕྱིར་འདོན་”ཞེས་པ་དེ་རང་ཡིན། དེས་ན་བོད་རང་གི་ལུགས་ལ་ནི་ཀ་ཡིག་ལྟ་བུ་ངག་ནས་བརྗོད་ཚེ“ཀའ་”ཞེས་བརྗོད་དགོས་ཤིང་། དེ་ཉིད་ལ་ཏིང་ཡི་གེར་འབེབས་ཚེ[ Ku]ཞེས་འབེབས་དགོས། མཁས་དབང་དམུ་དགེ་བསམ་གཏན་རིན་པོ་ཆེས། “འགའ་ཞིག་གིས་འདི་ནི་འཛམ་གླིང་སྤྱིའི་རིགས་པ་ཡིན། ཁས་ལེན་དགོས་སོ་ཟེར་ནས་མི་རིགས་རང་གི་སྐད་ཡིག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྣམས་ཁྱད་དུ་གསོད་པར་བྱེད་”ཅེས་གསུངས་པ་ནི་ཤིན་ཏུ་མད་དོ།   
        ཕུར་ཕན་ལགས་ཀྱིས།  “ཀ་ལྟ་བུ་མིང་གཞི་ཀ་ལ་དབྱངས་ཨ་ཞུགས་པ་ཁས་ལེན་དགོས་”ཞེས་དང་། “བོད་ཡིག་ལ་དབྱངས་སྲོག་ཞུགས་ཀྱི་རྣམ་གཞག་མེད་ཀྱང་མིང་གཞིར་དབྱངས་ཞུགས་པ་ནི་དོན་ལ་གནས་པ་ཁོ་ནར་ངེས་སོ་”ཟེར། མིང་གཞི་ཀ་ལ་དབྱངས་ཨ་ཞུགས་པ་ཁས་བླངས་ན། དོན་ལ་དབྱངས་སྲོག་ཞུགས་ཁས་བླངས་པ་སྟེ། དབྱངས་ཨ་དེ་ཀའི་སྲོག་ཏུ་ཞུགས་པ་མིན་ན་གང་དུ་ཞུགས་པ་ཡིན། འདི་ལ་དམིགས་ནས་དགེ་བཤེས་གླང་རི་བས་ཀྱང་། “ཨ་ཡིག་གསལ་བྱེད་ཀྱི་མཐར་འཇོག་ལ། དེའི་གནད་ནི་བོད་སྐད་ཀྱི་གསལ་བྱེད་ཀ་ཁ་སོགས་ཐམས་ཅད་ངག་ནས་བརྗོད་པའི་ཚེ་དེ་རྣམས་ལ་དབྱངས་ཨའི་སྒྲ་སྲོག་ཏུ་ཞུགས་ཏེ་སྨྲ་དགོས་པ་མཚོན་པར་སྟོན་པའི་ཕྱིར་ཡིན་”ཞེས་གསུངས་པ་ལོས་ཡིན། དེ་ལྟ་ན་ཡང་བོད་སྐད་ལ་དབྱངས་སྲོག་ཞུགས་ཀྱི་རྣམ་གཞག་གཏན་ནས་མི་འཐད་དེ། སློབ་དཔོན་ཐོན་མིས་དབྱངས་ཨི་སོགས་བཞི་པོ་ཡང་མིང་གཞི་དེ་དང་དེར་སྦྱར་ཞེས་གསུངས་པ་ལས་ཞུགས་ཞེས་གང་དུའང་མ་གསུངས་པའི་ཕྱིར། དེ་ཡང་ཡིན་ཏེ། སུམ་ཅུ་པའི་རྩ་བ་ལས། “དེ་ལ་ཨཱ་ལི་བཞི་པ་སྦྱར །”ཞེས་དང་།“དེ་ལ་ཨཱ་ལི་གཉིས་པ་སྦྱར །”ཞེས་དང་། “དེ་ལ་གཉིས་པ་ཨུ་ཡང་སྦྱར །”ཞེས་དང། “དེ་དག་ཨི་སྦྱར་འབྲེལ་བའི་ས །”ཞེས་དང་། “དེ་ལ་ཨཱ་ལི་གསུམ་པ་སྦྱར །”ཞེས་དང་།“བཞི་པ་ལ་ནི་ཨི་སྦྱར་བ། །”ཞེས་དང་། “གསུམ་པ་ལ་ནི་ཨེ་སྦྱར་བ། །”ཞེས་སོགས་ཤིན་ཏུ་གསལ་པོར་གསུངས་པ་ལས་ཤེས་ནུས་པས་སོ། དེས་ན་དབྱངས་སྲོག་ཞུགས་ཀྱི་རྣམ་གཞག་ནི་རྒྱ་གར་གྱི་སྐད་དང་ཡི་གེའི་ཁྱད་ཆོས་བླ་ན་མེད་པ་ཞིག་ཡིན་ཏེ། 《བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་》ལས། “དབྱངས་ཉམས་པ་གསལ་བྱེད་དོ་” (27)ཞེས་གསུངས་པ་ལྟར། འཕགས་ཡུལ་གྱི་གསལ་བྱེད་ནི་སྲོག་མེད་ཡིན་ཞིང་། མིག་འཛུམ་ཕྱེད་ཀྱི་ཡུན་ཚད་ཅན་ཡིན་པས་ངག་ཏུ་བཀླག་དཀའ་ལ། 《དབྱངས་ཅན་སྒྲ་མདོ་》ལས། “བྱ་བའི་ཆེད་དུའོ་” (28)ཞེས་དང་། དེའི་《རྒྱས་འགྲེལ་ཉིན་བྱེད་སྣང་བ་》ལས། “ཧ་ས་སོ་སོར་བསྡུ་བའི་སྐབས་སུ་ཧ་ས་རྣམས་ཀྱི་སྲོག་ཏུ་ཨ་སྦྱར་ནས་བརྗོད་པ་ནི་ངག་ཏུ་བརྗོད་བདེ་བའི་ཆེད་དུའོ་” (29)ཞེས་རྒྱ་གར་གྱི་གསལ་བྱེད་རྣམས་མིག་འཛུམ་ཕྱེད་ཀྱི་ཡུན་ཚད་ཅན་ཡིན་སྟབས་ངག་ཏུ་བརྗོད་དཀའ་བས། ངག་ནས་བརྗོད་བདེ་བའི་སླད་དུ་སྲོག་ཏུ་ཨ་ཡིག་རེ་ཞུགས་པ་ཡིན་པར་གསུངས་ཡོད། ཡིན་ན་ཡང་བོད་ཡིག་གི་གསལ་བྱེད་རྣམས་སྤྱིར་ན་རིང་ཆ་ཅན་ཡིན་པར་ཉིད་ཀྱིས་ཀྱང་ཁས་ལེན་པས། དེ་ལྟ་བུའི་དགོས་པ་ཅི་ཡང་མ་དམིགས། རྒྱ་གར་གྱི་དབང་དུ་བྱས་ན། ངག་གི་སྐད་དོད་“བཀྲ་”ཞེས་པའི་རྗེས་འབྲེལ་ཀྱི་“ཀྲ་”ཡིག་དེ་གསལ་བྱེད་སྲོག་མེད་ཡིན་པས། མིག་འཛུམ་ཕྱེད་ཀྱི་ཡུན་ལ་བཀླག་དགོས་མོད། རང་རེས་དེ་ཇི་བཞིན་བཀླག་མི་བཏུབ། ཡིན་ན་ཡང་ཁོ་བོའི་སཾ་སྐྲྀ་ཏའི་སྐད་ཀྱི་དགེ་རྒན་དམ་པ་ཨ་ཙརྱ་ཀཱ་ཤིས་ནཱ་ཐ་( ) མཆོག་གིས།  ངག་གི་སྐད་དོད་(  )ཅེས་པའི་རྗེས་འབྲེལ་གྱི་(   )དེ་ཤིན་ཏུ་མྱུར་མོར་བཀླགས་པ་མངོན་སུམ་དུ་ཐོས་ལ། དེས་མ་ཟད་《སྤྲིན་གྱི་ཕོ་ཉ་》ཡི་ཁྲོད་ཀྱི་“” (ཁྱོད་ཀྱིས་ཤེས་)(30)ཞེས་པའི་ () དེ་མིག་འཛུམ་གཅིག་གི་ཡུན་དང་།()དང་(  )དང་()རྣམས་མིག་འཛུམ་གཉིས་ཀྱི་ཡུན་ལ་བཀླགས་པ་མངོན་སུམ་དུ་ཐོས་པས། རྒྱ་གར་གྱི་དབྱངས་ཨ་ཐུང་དང་ཨཱ་རིང་སྲོག་ཞུགས་ཀྱི་རྣམ་གཞག་དེ་ནི་ཁོ་ཚོའི་སྐད་ཆའི་ཆོས་ཉིད་ལ་བསྟུན་པ་ཤིན་ཏུ་གསལ་ལོ ཕུར་ཕན་ལགས་ལྟར་ན། རྒྱ་གར་གྱི་སྐད་()ཅེས་པ་དེ་ཉིད་ལ་ཏིང་ཡི་གེར་འབེབས་ཚེ[baka]ཞེས་བཀླག་དགོས་པས། རྒྱ་གར་བ་ཚོས་ཐོས་ཚེ་བཞད་གད་ཐག་གེར་འགྲོ་བ་གདོན་མི་ཟའོ།  
        དེང་དུས་བོད་ཀྱི་བརྡ་སྤྲོད་སྨྲ་བའི་ཁྱུ་མཆོག་རྒན་མི་ཉག་བུ་ཕྲུག་མཆོག་གིས་《དྲིས་ལན་སྐོར》ཞེས་པའི་རྩོམ་ཡིག་ཏུ“༡༤ ཨ་ཡིག་གསལ་བྱེད་དུ་བཞག་པའི་རྒྱུ་མཚན་ཅི། ལན། ཀཱ་ལི་སྔ་མ་རྣམས་ལྟར་རང་རྐྱང་བརྗོད་དུ་ཡོད་ཅིང་། གནས་དང་བྱེད་པའི་རྣམ་འགྱུར་གསལ་བའི་ཡི་གེ་ཡིན་པས་ནའོ་” (31)ཞེས་དང་། ཡང་“༧༥ བོད་ཀྱི་ཡི་གེ་ལ་དབྱངས་སྲོག་ཞུགས་ཀྱི་རྣམ་གཞག་མ་མཛད་དོན་ཅི། ལན། ལེགས་སྦྱར་དང་ཀུན་མཚུངས་མིན་པས་འཕྲི་སྣོན་བྱེད་དགོས་པ་དང་གཅིག འཕུལ་རྟེན་མགོ་འདོགས་སོགས་ཀྱི་རྣམ་གཞག་གིས་གོ་ཆོད་པ་དང་གཉིས། རྗེས་འཇུག་མེད་མི་རུང་དུ་བསྟན་པ་དང་གསུམ། གཞན་དང་མི་འདྲེ་བའི་ཆེད་བར་ཚེག་གི་རྣམ་གཞག་བྱེད་པ་དང་བཞིས་དབྱངས་སྲོག་ཞུགས་ཀྱི་རྣམ་གཞག་མ་མཛད་པའོ་” (32)ཞེས་གསུངས་པ་ནི་བོད་ཀྱི་སྐད་ཡིག་དང་བརྡ་སྤྲོད་ལ་ནང་བྱན་ཆུད་པའི་གཏམ་ཡིན་ལ། ལྷག་པར་དུ་རྗེས་འཇུག་མེད་མི་རུང་དུ་བསྟན་པ་དེ་དབྱངས་སྲོག་ཞུགས་ཀྱི་རྣམ་གཞག་མ་མཛད་པའི་རྒྱུ་མཚན་དུ་གསུངས་པ་ནི་རྗེས་འཇུག་གི་འཇུག་ཚུལ་ལ་ཞིབ་ཏུ་དཔྱད་པའི་ཉམས་མྱོང་རྒན་པོའི་འབེལ་གཏམ་ཁོ་ནར་སྣང་།   
        ལྔ། ཕུར་ཕན་ལགས་ཀྱིས། ཞ་ལུ་ལོ་ཙཱ་བའི་《རྟགས་འཇུག་རྩ་བ་》ལས། “མོ་ཡི་ཡི་གེ་མེད་པ་ན། །ཕོ་ཡིག་བརྗོད་པ་མེད་པར་འགྱུར། །”ཞེས་པའི་མོ་ཡིག་དེ་ངེས་པར་དབྱངས་སུ་འདོད་དགོས་ཟེར་བ་ནི་མཁས་པའི་གསུང་ལ་གུང་བསྒྲིགས་ཏེ་བལྟ་མ་ཤེས་པའི་སྐྱོན་དང་ཚིག་སྔ་ཕྱིའི་གོ་དོན་ལ་ཞིབ་ཏུ་མ་བརྟགས་པའི་གནད་དོན་ཁོ་ནར་ཟད་དེ། གལ་ཏེ་ཞ་ལུ་ལོ་ཙཱ་བའི་《རྟགས་འཇུག་རྩ་བ་》ལས། “མོ་ཡི་ཡི་གེ་མེད་པ་ན། །ཕོ་ཡིག་བརྗོད་པ་མེད་པར་འགྱུར། །”ཞེས་པའི་མོ་ཡིག་དེ་དབྱངས་ཡིག་ལ་ངོས་འཛིན་མཛད་ན། དབྱངས་ཡིག་གང་རུང་ཞིག་མ་སྦྱར་ན་མིང་གཞིའི་ཕོ་ཡིག་རྣམས་ལ་དོན་སྟོན་པའི་བརྗོད་པ་མེད་པར་ཁས་ལེན་དགོས་ལ། དེ་ལྟར་ན་ཨ་ཡིག་ཀྱང་དབྱངས་སུ་འདོད་དགོས། དེ་ལྟར་ན་ཁོང་གིས་《སུམ་ཅུ་པའི་རྣམ་འགྲེལ་》ནང་“བོད་ཀྱི་ཡི་གེ་ཨཱ་ལི་དབྱངས་ཡིག་གསལ་བར་མཚོན་པར་བྱེད་པ་ནི་ཨི་ཡིག་དང་སོགས་ཀྱི་སྒྲས་བསྟན་པ་ཨུ་ཨེ་ཨོ་རྣམས་ཏེ་བཞིར་ངེས་པའོ། ། གང་ཡང་མཁས་པའི་ཁ་རྒྱན་དུ།  བོད་ཀྱི་དབང་དུ་མཛད་དེ།  དབྱངས་རྣམས་ནི་ལྔའོ །གསལ་བྱེད་རྣམས་ནི་ཉི་ཤུ་རྩ་དགུའོ། །ཞེས་གསུངས་པ་ནི་གཞུང་འདི་དང་དངོས་སུ་འགལ་བ་ཁོ་ནར་ཟད་” (33)ཅེས་ས་པཎ་ལ་དགག་གཞག་མཛད་པ་དང་ནང་འགལ་དུ་མ་གྱུར་ཏམ། ཞ་ལུ་ལོ་ཙཱབས་“སྤྱིར་མོ་ཡིག་དང་”ཞེས་པའི་མོ་ཡིག་ནི་དབྱངས་ཡིག་ལ་གོ་དགོས་མིན་ད་དུང་བརྟག་དགོས་ཀྱང་། དེ་ཡིན་པའི་དབང་དུ་བཏང་ན། ཁོང་གི་བཞེད་པ་ནི། རྗོད་བྱེད་ཚིག་གིས་དོན་སྟོན་པ་དབྱངས་ཡིག་ལ་ཡང་རག་ལས་མོད། དེ་གཙོ་བོ་མ་ཡིན་པར། གཙོ་བོ་ནི་སྔོན་རྗེས་གཉིས་དང་། དེའི་ནང་ནས་རྗེས་འཇུག་ལ་ཧ་ཅང་རག་ལས་པས་རྗེས་འཇུག་གི་ནུས་པ་ནི་གཙོ་བོ་ཡིན་ནོ་ཞེས་ནན་ཏན་དུ་ཐོན་མི་མཆོག་གིས་གསུངས་པར་བཞེད་ཡོད། དེས་ན་ཁོ་བོའི་ལྟ་ཚུལ་ལྟར་ན། ཞ་ལུ་ལོ་ཙཱ་བའི་《རྟགས་ཀྱི་འཇུག་པའི་འགྲེལ་པ་》ལས། “དེ་ནས་རྗེས་འཇུག་བཅུའི་(ནི་) དོན་སྟོན་བྱེད་ཀྱི་གཙོ་བོར་བསྟན་པ་ནི། རྗེས་འཇུག་རྣམས་ཅི་ཕྱིར་འཇུག་པར་བྱེད་ཅེ་ན་ཞེས་མཚམས་སྦྱར་ནས། མིང་དང་ཚིག་གིས་དོན་གསལ་བར་བྱེད་པ་ནི། སྤྱིར་མོ་ཡིག་དང་། ཁྱད་པར་སྔོན་འཇུག་དང་རྗེས་འཇུག་གི་ཡི་གེ་ལ་རག་ལས་སོ་ཞེས་སྟོན་པ་སྟེ་” (34)ཞེས་པའི་དོན་ནི། མིང་དང་ཚིག་གིས་བརྗོད་བྱའི་དོན་སྟོན་པའམ་གསལ་བར་བྱེད་པ་ནི། སྤྱིར་བཏང་དབྱངས་ཡིག་རྣམས་དང་ཁྱད་པར་དུ་སྔོན་འཇུག་དང་རྗེས་འཇུག་གི་ཡི་གེ་རྣམས་དང་། དེ་ལས་ཀྱང་རྗེས་འཇུག་ལ་རག་ལས་ཤིང་རྗེས་འཇུག་གི་ནུས་པ་གཙོ་བོ་ཡིན་ནོ་ཞེས་པའི་དོན་ཡིན་པར་འདོད་དེ། གོང་གི་“རྗེས་འཇུག་བཅུའི་(ནི་)དོན་སྟོན་བྱེད་ཀྱི་གཙོ་བོར་སྟོན་པ་”ཞེས་པའི་ཚིག་གིས་ཤེས་ཐུབ་པ་ལྟར་དང་། ད་དུང་ཁོང་གིས་ས་པཎ་གྱི་《མཁས་པའི་ཁ་རྒྱན་》ལ་འགལ་བ་བརྗོད་པའི་སྟེང་ནས་ཀྱང་གསལ་བ་ལྟར་ཡིན། འོག་ཏུ་“ཚིག་གིས་དོན་རྣམས་སྟོན་པར་བྱེད་པ་ནི། དཔེར་ན་ཙན་དན་གྱི་ཀ་བས་བཏེགས་པའི་ཁང་བཟང་གི་རྟ་བབ་སྟེང་ན་གསེར་གྱི་བུམ་པ་དག་བཀོད་པ་ཞེས་སོགས་ཀྱི་ངག་ཏུ་གྲུབ་པ་ནི་རྗེས་འཇུག་གི་མོ་ཡིག་ལ་རག་ལས་པ་ཉིད་ཀྱི་ཕྱིར་མོའི་ཡི་གེ་མེད་པར་གྱུར་པ་ན་ཕོ་ཡིག་རྣམས་ལ་དོན་སྟོན་པའི་ངག་བརྗོད་པ་མེད་པར་འགྱུར་” (35)ཞེས་པའི་དོན་ཡང་།  རྗེས་འཇུག་ནི་ཧ་ཅང་གལ་ཆེ་བས། དབྱངས་མེད་ཀྱང་དོན་སྟོན་ཐུབ་པ་སྟེ། དཔེར་ན་“ང་སྙན་ངག་ལ་དགའ་” “རྟ་རྩྭ་ཟ་བ་ལ་དགའ་”ལྟ་བུ་ལ་དབྱངས་མེད་ཀྱང་ཆོག་ལ། རྗེས་འཇུག་མེད་ན་ཚིག་ཏུ་གྲུབ་སྟེ་དོན་སྟོན་མི་ཐུབ་པས། འདིའི་སྐབས་ཀྱི་“མོ་ཡི་ཡི་གེ་”ཞེས་པ་ནི་རྗེས་འཇུག་ལས་འོས་མེད་ཅིང་། “ཕོ་ཡིག་”ཅེས་པ་ནི་མིང་གཞིའི་ཡི་གེ་ལ་སྐབས་ཐོབ་ཀྱིས་གོ་དགོས་ཏེ། འོག་ཏུ་“ཕོ་ཡིག་དེ་དག་ལ་ཡང་འཇུག་པར་བཅས་པ་སྟེ། སྔོན་འཇུག་དང་རྗེས་འཇུག་དག་མེད་ན་ནི། དོན་གྱི་ངོ་བོ་ཙམ་བརྗོད་པའི་མིང་དང་། ཁྱད་པར་བརྗོད་པའི་ཚིག་ཀྱང་གསལ་བར་བྱེད་མི་ནུས་” (36)ཞེས་པའི་ཚིག་གི་ནུས་པས་ཧ་ཅང་གསལ་པོར་ཤེས་ཐུབ་པས་སོ། གོང་དུ་བཤད་པ་དེ་དག་ནི་ཁོ་བོའི་རང་བཟོ་མ་ཡིན་གྱི། ཞ་ལུ་ལོ་ཙཱ་བའི་《སུམ་ཅུ་པའི་རྣམ་འགྲེལ་》དང་《རྟགས་ཀྱི་འཇུག་པའི་འགྲེལ་པ་》གཉིས་གུང་བསྒྲིགས་ཏེ་ཞིབ་ཏུ་བརྟགས་ནས་བཤད་པ་ཞིག་ཡིན།   
        མདོར་ན། ཕུར་ཕན་ལགས་ཀྱིས་《དོགས་ལན་》ནང་ཁོ་བོའི་《དོགས་དཔྱོད་》ལ་སྐྱོན་བསྟན་གནང་བ་དེ་དག་རེ་རེ་ནས་ཁོ་བོར་མི་འཇུག་པ་མ་ཟད། དེ་ལས་ལྡོག་སྟེ་ཁོང་གི་《དོགས་ལན་》ལ་ཕྱིར་སྐྱོན་འགའ་ཞིག་ཐོན་འདུག་པ་མཐོང་བས། འདིར་བཏང་སྙོམས་སུ་བསྐྱུར་མ་ནུས་པར་ཆེད་དུ་བརྒལ་ལན་ཐུང་ངུ་འདི་བྲིས་པ་ཡིན། །
        ལུང་འདྲེན་དཔྱད་ཡིག
①③⑩⑾⒅ཐོན་མི་སབྷོ་ཊ་སོགས 《སུམ་རྟགས་དང་སྙན་ངག་གི་རྩ་བ་ཉེར་མཁོ་》 ཤ་༨ ༨ ༣ ༥ ༡ ཞང་ཀང་གྱི་ལིང་དཔེ་སྐྲུན་ཁང་ནས་བསྐྲུན།
②④⑥⑦⑧⑨(33)(34)(35)(36)ཞ་ལུ་ལོ་ཙཱ་བ་སོགས་ཀྱིས་བརྩམས། 《སུམ་རྟགས་ཀྱི་དཔེ་རྒྱུན་དཀོན་པོ་འགའ་ཕྱོགས་གཅིག་ཏུ་བསྒྲིགས་པ་མུ་ཏིག་ཕྲེང་བ་》 ཤ་༧༤ ༧༤ ༧༤ ༧ ༧ ༥༣ ༧  ༦༧ ༧ ༧ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།
⑤(22)བསེ་ངག་དབང་བཀྲ་ཤིས། 《བསེ་བསྡུས་གྲྭ་》 ཤ་༢༩༥ནས་༢༩༦བར། མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།
⑿ཀྲང་དབྱི་སུན་སོགས། 《བོད་རྒྱ་ཚིག་མཛོད་ཆེན་མོ་》 ཤ་༡༩༦༧ མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།
⒀《དཀྱིལ་གྲྭ་དཀའ་ཆེན་པདྨའི་བརྡ་དག་ཕྱོགས་བསྒྲིགས་》 ཤ་༡༤༡ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན།
⒁⒂⒃⒄གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ 《གསེར་ཏོག་སུམ་རྟགས་》 ཤ་༥༢ ༣༦ ༣༦ ༥༠ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།
⒆  འབྲུག་རྒྱལ་མཁར་གྱིས་བསྒྲིགས 《ཚད་མའི་དགོངས་དོན་བདེ་བླག་ཏུ་རྟོགས་པའི་ལྡེ་མིག་》 ཤ་༡༥༥ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།
⒇《བོད་ཀྱི་སློབ་གསོ་》 ༢༠༡༥ལོའི་བོད་ཡིག་དུས་དེབ་གཉིས་པ། ཤ་༣༨ མཚོ་སྔོན་ཟི་ལིང་དཔར་ཁང་།
(21)《རྗེ་དམུ་དགེ་བསམ་གཏན་རྒྱ་མཚོའི་གསུང་འབུམ་པོད་ལྔ་པ་བཞུགས་སོ་》ཤ་༡༩ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།
(23)《སྟག་ཚང་ར་བ་སྟོད་པའི་བསྡུས་གྲྭ་བཞུགས་སོ་》(རྩོམ་པ་པོ་མི་གསལ་) ཤ་༤༥༣ནས་༤༥༤བར། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་། ༡༩༨༩ལོར་དཔར།
(24)རྭ་བསོད་ནམས་དབང་རྒྱལ་སོགས། 《རྭ་བསྡུས་དང་བསེ་བསྡུས་རྩོམ་འཕྲོ་བཞུགས་སོ་》 ཤ་༡༩(ནང་ཁུལ་ཡིག་(25)(26)ཨ་ལག་ཤ་ངག་དབང་བསྟན་དར། 《ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན་》 ཤ་༡༢ནས་༡༣བར་གསལ ། མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།
(27)མཁན་པོ་ཁྲོ་རུ་ཚེ་རྣམ། 《བརྡ་སྤྲོད་པ་དབྱངས་ཅན་མདོའི་འགྲེལ་པ་ཉུང་ངུ་རྣམ་གསལ་》 ཤ་༡ ཀྲུང་གོའི་བོད་ཤེས་རིག་དཔེ་སྐྲུན་ཁང་ནས་བསྐྲུན།
(28)(29)《སྐལ་བཟང་ངག་དབང་དམ་ཆོས་ཀྱི་གསུང་འབུམ་》(པོད་དང་པོ་) ཤ་༡ ༢༦ རྔ་ཡུལ་སྔོ་ཤུལ་དགོན་པའི་དཔེ་མཛོད་ཁང་།
(30)སློབ་དཔོན་ནག་མོ་ཁོལ་སོགས། 《སྡེབ་སྦྱོར་དང་གསུང་རྩོམ་ཀློག་དེབ་འདེམས་བཀོད་》 ཤ་༥ ནུབ་བྱང་མི་རིགས་སློབ་ཆེན་གྱི་ལེགས་སྦྱར་ཟབ་སྦྱོང་འཛིན་གྲྭས་དཔར།
(31)(32)《མི་ཉག་བུ་ཕྲུག་གི་གསུང་རྩོམ་ཕྱོགས་བསྒྲིགས་》ཤ་༩༤ ༩༤ མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1