༄༅།། མི་དགེ་བའི་ལས་སྤང་རྒྱུའི་སྐོར།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-17



   ནང་བསྟན་ཆོས་གཞུང་གི་དགོངས་པ་ལྟར་ན་མི་དགེ་བ་སྤངས་པས་དགེ་བར་འགྱུར་ཏེ། སྲོག་གཅོད་སྤངས་པས་ཚེ་རིང་ཞིང་ནད་ཉུང་། མ་བྱིན་པར་ལེན་པ་སྤངས་པས་ལོངས་སྤྱོད་དང་ལྡན་ཞིང་དགྲ་རྐུན་མེད། འདོད་ལོག་སྤངས་པས་བཟའ་ཚང་མཐུན་ཞིང་དགྲ་ཟླ་ཉུང་། རྫུན་སྤངས་པས་ཀུན་གྱིས་བསྟོད་ཅིང་བྱམས། ཕྲ་མ་སྤངས་པས་འཁོར་གཡོག་གུས། ཚིག་རྩུབ་སྤངས་པས་བསམ་དོན་འགྲུབ། གནོད་སེམས་སྤངས་པས་འཚེ་བ་དང་བྲལ། ལོག་ལྟ་སྤངས་པས་ལྟ་བ་བཟང་པོ་རྒྱུད་ལ་སྐྱེ་བ་སོགས་ཀྱི་ཡོན་ཏན་འབྱུང་བར་འགྱུར་རོ།།

   མདོར་བསྡུས་ནས་བཤད་ན། དཔེར་ན་ཞིང་པ་ཞིག་ལ་མཚོན་ནས་བཤད་ན། དཔྱིད་དུས་ས་བོན་བཏབ་པ་ལ་དུས་དང་འཚམ་པའི་རྐྱེན་ཆུ་ལུད་སོགས་སྦྱར་ན་སྟོན་ཁ་འབྲས་བུ་སྨིན་པ་བཞིན་དུ། ཚེ་འདིར་རྒྱུ་དགེ་བ་དང་སྡིག་པ་གང་བྱས་ཀྱང་ལུས་ཐོག་འདི་དང་ཡང་ན་ཚེ་ཕྱི་མར་འབྲས་བུ་བདེ་བ་དང་སྡིག་པ་གང་བྱས་ཀྱང་ལུས་ཐོག་འདི་དང་ཡང་ན་ཚེ་ཕྱི་མར་འབྲས་སུ་བདེ་བ་དང་སྡུག་བསྔལ་སོ་སོར་སྨིན་པར་བཞེད་པས་འཇིག་རྟེན་འདིའི་སྡུག་བསྔལ་ཐམས་ཅད་ཀྱི་རྒྱུ་གཞན་གྱི་ནོར་མ་བྱིན་པ་ལེན་པ། གཞན་གྱི་བུད་མེད་སོགས་ལ་འདོད་པས་ལོག་པར་གཡེམ་པ། ཤེས་བཞིན་དུ་མི་བདེན་པའི་རྫུན་བཤད་པ་། ཕ་རོལ་མཐུན་པ་དབྱེ་བའི་ཕྲ་མ་བྱེད་པ། གཞན་གྱི་སེམས་ལ་མི་འཐད་པའི་ཚིག་རྩུབ་སྨྲ་བ། དོན་མེད་དོན་འགལ་གྱི་ངག་འཁྱལ་ལབ་པ་དང་། གཞན་གྱི་ནོར་ལ་འདོད་ཆགས་སྐྱེས་ནས་བརྣབ་སེམས་བྱེད་པ། ཞེ་སྡང་ལངས་ཏེ་ཕ་རོལ་པོའི་ཐོག་ལ་གནོད་སེམས་འཛིན་པ་དང། གཏི་མུག་སོགས་ལ་མི་དགེ་བ་ཟེར་བ་ཡིན་པས་དུག་བཞིན་དུ་སྤོང་དགོས་ཤིང་། མ་ཆགས་པར་སྦྱིན་པ་གཏོང་བ། རང་ཚངས་པར་སྤྱོད་ཅིང་འདོད་ལོག་སྤྱོད་པ་ལས་བཟློག་པ་དང་སྡོམ་པ་སྲུང་བ། དྲང་པོ་དང་བདེན་པར་སྨྲ་བ། མི་མཐུན་པ་འདུམ་པ། ཞི་ཞིང་སྙན་པར་སྨྲ་བ། དོན་དང་ལྡན་པའི་གཏམ་བརྗོད་པ། འདོད་ཆུང་ཆོག་ཤེས་པ། སེམས་ཅན་གཞན་ལ་བྱམས་རྣམས་དགེ་བ་ཡིན་པས་ང་ཚོས་ཆོས་འཇིག་རྟེན་གང་གི་ཐད་དུ་ལུས་ངག་ཡིད་གསུམ་གྱིས་དང་དུ་བླངས་ནས་བསྒྲུབ་དགོས་ཏེ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། མ་ཆགས་མ་སྡང་གཏི་མུག་མེད།། དེས་བསྐྱེད་ལས་ནི་དགེ་བ་ཡིན།། དགེ་ལས་བདེ་འགྲོ་ཐམས་ཅད་དང་།། སྐྱེ་བ་ཀུན་ཏུ་བདེ་བ་དག་ཅེས་གསུངས་པ་དང་། དེ་བཞིན་དུ་རྒྱལ་སྲས་ཞི་བ་ལྷས་ཀྱང། མི་དགེ་བ་ལས་སྡུག་བསྔལ་འབྱུང་། དེ་ལས་ཇི་ལྟར་ངེས་ཐར་ཞེས། ཉིན་མཚན་རྟག་ཏུ་བདག་གིས་ནི། འདི་ཉིད་འབའ་ཞིག་བསམ་པར་རིགས།། ཞེས་གསུངས་པ་ལྟར། འཇིག་རྟེན་འདིར་སྐྱེས་པའི་མི་ཞིག་ཡིན་ནས་བཟུང་སྟེ་བདེ་བ་མི་འདོད་པ་དང་སྡུག་བསྔལ་འདོད་མཁན་ནི་གཅིག་ཀྱང་མེད་ལ། སྟོན་པ་ཤཱཀྱ་ཐུབ་པའི་ཞལ་ནས། ངས་ནི་ཁྱོད་ལ་ཐར་པའི་ལམ་བསྟན་གྱི།། ཐར་པ་རང་ལ་རག་ལས་ཤེས་པར་གྱིས།། ཞེས་རང་རང་ལ་བདེ་སྡུག་གང་འབྱུང་ནི་རང་རང་གིིས་སྒྲུབ་པ་ལ་ལྟོས་པ་ལས་བྱུང་གི་འཇིག་རྟེན་གྱི་ལྷ་ཞིག་དང་། ཡང་ན་དབང་ཕྱུག་གམ། འཇིག་རྟེན་འདིའི་ཕྱི་ལོགས་སུ་གནས་པའི་བྱེད་པོ་ཞིག་གཏན་ནས་མི་འདོད་དོ།།

   དེང་སང་གི་སྤྱི་ཚོགས་ཀྱི་འགྱུར་ལྡོག་ལ་བལྟས་ན། སྤྱི་ཚོགས་ཀྱི་གནད་དོན་མང་པོ་ཞིག་ནི་གསོད་པ་དང་། འཕྲོག་པ་དང་། རྐུ་བ་དང་། ལོག་པར་སྤྱོད་པ་དང་། གཞན་ཡང་རྫུན་དང་ཕྲ་མ་དག་ལས་བྱུང་བ་ཞིག་རེད། དེའང་སེམས་པ་བཟང་པོ་རེ་བཅངས་ནས་ཚུལ་མཐུན་གྱི་ཁྲིམས་བརྩི་སྲུང་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་ནོ།།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1