གཡུང་དྲུང་བོན་གྱི་ལི་ཝེར་རི་ཁྲོད་ཀྱི་རྡོ་བརྐོས་རི་མོའི་རིགས་སྒྲུབ་ཚོགས་འདུ་སི་ཁྲོན་ཞིང་ཆེན་ཆུ་ཆེན་རྫོང་དུ་འཚོགས།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྲིགས། རྩོམ་སྒྲིག་པ། ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-18


         སྤྱི་ཟླ་11པའི་ཚེས་8ཉིན། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཆུ་ཆེན་རྫོང་སྲིད་གཞུང་གི་གདན་ཞུས་ལྟར།  ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་གླིང་གཙོ་དང་སློབ་དཔོན་ཆེན་མོ་ཚེ་རིང་ཐར་སོགས་མི་བཞི་ཡིས་གྲུབ་པའི་རྟོག་ཞིབ་རུ་ཁག་ཆུ་ཆེན་རྫོང་དུ་རྟོག་ཞིབ་བྱེད་པར་བསྐྱོད་པ་དང་།  ས་གནས་དེ་གའི་རིག་གནས་སྡེ་ཁག་གི་ལས་བྱེད་མི་སྣའི་རམ་འདེགས་འོག རྟོག་ཞིབ་རུ་ཁག་གིས་ཆུ་ཆེན་རྫོང་ལི་ཝེར་ཞང་ལི་ཝེར་རི་ཁྲོད་(གནས་འདིར་ཀ་ལིང་ཀ་རི་ཁྲོད་ཅེས་ཀྱང་འབོད)དུ་རྙེད་པའི་བོན་པོའི་རྡོ་བརྐོས་རི་མོའི་ཚོགས་དང་དེའི་མཐའ་འཁོར་གྱི་བོན་པོའི་ཤུལ་བཞག་རིག་གནས་ལ་ཉིན་གཉིས་རིང་རྟོག་དཔྱོད་བྱས་པ་མ་ཟད།  ས་གནས་དེ་གའི་ཆེད་མཁས་མི་སྣ་དང་བསམ་བློ་བརྗེ་རེས་བྱས།  ཐེངས་འདིར།  རྟོག་ཞིབ་རུ་ཁག་གིས་བོན་པོའི་རྡོ་བརྐོས་རི་མོ་དེ་དག་གི་ནང་དོན་དང་། བརྐོས་ལུགས།  ཐིག་ཚད།  བོད་ཡིག་གི་ཡིག་གཟུགས་སོགས་ཟུར་ཕྱོགས་མང་པོའི་ཐད་ནས་ཞིབ་འཇུག་བྱས་པ་དང་། དུས་མཚུངས་སུ་རྒྱལ་རོང་ས་ཁུལ་གྱི་བོན་པོའི་རིག་གནས་ཀྱི་འཕེལ་རིམ་ལོ་རྒྱུས་ཡོངས་དང་འབྲེལ་ནས་རྡོ་བརྐོས་རི་མོའི་ཚོགས་ལ་ཅུང་ཡང་དག་པའི་སྒོ་ནས་ངོས་འཛིན་བྱས།

            ཚེས་10ཉིན།  རྟོག་ཞིབ་རུ་ཁག་ཆུ་ཆེན་རྫོང་སྲིད་གཞུང་གིས་བསྡུས་པའི་གཡུང་དྲུང་བོན་གྱི་ལི་ཝེར་རི་ཁྲོད་ཀྱི་རྡོ་བརྐོས་རི་མོའི་རིགས་སྒྲུབ་ཚོགས་འདུར་ཞུགས་པ་དང་།  ཆུ་ཆེན་རྫོང་གི་རྫོང་དཔོན་ཀྲིན་ཀང་གིས་ཚོགས་འདུ་གཙོ་སྐྱོང་གནང་།   ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་གླིང་གཙོ་དང་།  འབུམ་རམས་པའི་མཛུབ་སྟོན་དགེ་རྒན། བོན་ཆོས་ཞིབ་འཇུག་གི་ཆེད་མཁས་པ་སློབ་དཔོན་ཆེན་མོ་ཚེ་རིང་ཐར་དང་།  ཆུ་ཆེན་རྫོང་གི་རྫོང་དཔོན་ཀྲིན་ཀང་།  ཆུ་ཆེན་རྫོང་གི་རྫོང་ཨུའི་རྒྱུན་ཨུ་དང་། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཧྲིན་ཧུང་ཞ།   རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་རིག་གནས་ཅུས་ཀྱི་ཅུས་ཀྲང་གཞོན་པ་པ་སངས།  ཆུ་ཆེན་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལི་ཤུ་སྤྲུལ་སྐུ།  རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཆོས་ལུགས་མི་དོན་ཅུས་ཀྱི་ཅུས་ཀྲང་སྔོན་མ་ལིས་མའོ་སོགས་ཚོགས་འདུར་ཞུགས།

             ཚོགས་ཐོག་ཏུ་སློབ་དཔོན་ཆེན་མོ་ཚེ་རིང་ཐར་གྱིས་རྟོག་ཞིབ་ཀྱི་སྙན་ཞུ་ཆ་ཚང་གནང་བ་དང་། ཁོང་གིས་ས་གནས་དངོས་སུ་རྟོག་ཞིབ་བྱས་པའི་རྨང་གཞིའི་ཐོག   རང་ཉིད་ཀྱིས་མི་ལོ་ཉི་ཤུའི་རིང་བོན་པོའི་རིག་གནས་ལ་ཞིབ་འཇུག་གཏིང་ཟབ་བྱས་པའི་མྱོང་བ་དང་སྦྲགས་ཏེ།  ལི་ཝེར་རི་ཁྲོད་ནས་རྙེད་པའི་བོན་པོའི་རྡོ་བརྐོས་རི་མོའི་ནང་དོན་དང་། དུས་ཚོད།   དེའི་རིན་ཐང་སོགས་ལ་རིག་གཞུང་དཔྱད་འཇོག་ཞིབ་ཚགས་བགྱིས་པ་སྟེ།  གཅིག རྡོ་བརྐོས་རི་མོ་དེ་དག་གི་ནང་དོན་ནི་མདོ་དབུས་མཐོ་སྒང་གི་རང་ས་རང་ཡུལ་ནས་སྐྱེས་པའི་བོན་པོའི་ནང་དོན་དངོས་ཡིན་པ་དང་། གཉིས། རྡོ་བརྐོས་རི་མོ་དེ་དག་ནི་དུས་རབས་11པ་ནས་དུས་རབས་16པའི་བར་དུ་བྱུང་བ།  གསུམ།  རྡོ་བརྐོས་རི་མོ་དེ་དག་གི་ཁྲོད་དུ་བོད་ཀྱི་ལོ་རྒྱུས་རིག་གནས་ལ་ཤུགས་རྐྱེན་ཆེན་པོ་བྱུང་མྱོང་བའི་ལོ་རྒྱུས་ཀྱི་གྲགས་ཆེན་མི་སྣ་སྐོར་ཞིག་བྱུང་ཡོད་པ་དང་།  སྐྱེས་ཆེན་དེ་དག་ནི་མདོ་དབུས་མཐོ་སྒང་གི་རིག་གནས་ཁྲོད་ཀྱི་དུས་སྔ་མའི་རྫོགས་ཆེན་གྱི་རི་ཁྲོད་པ་སྐོར་ཞིག་ཡིན་ཞིང་། ཁོང་ཚོ་ནི་གནའ་རབས་ཞང་ཞུང་རིག་གནས་དང་འབྲེལ་བ་དམ་ཟབ་ཡོད་པས།  འདིས་རྒྱལ་རོང་རིག་གནས་སུ་རྣམ་པ་གསར་བ་ཞིག་ཁ་སྣོན་བྱས་པར་མ་ཟད།  རྒྱལ་རོང་བོད་རིགས་ཀྱི་རིག་གནས་སྤྱིའི་རིན་ཐང་དེ་བས་མཐོ་རུ་བཏང་ཡོད།

           སློབ་དཔོན་ཆེན་མོ་ཚེ་རིང་ཐར་གྱིས། རྡོ་བརྐོས་རི་མོའི་ཚོགས་འདི་དག་ནི་གཡུང་དྲུང་བོན་གྱི་རི་ཁྲོད་པས་བརྐོས་པའི་བྲག་བརྐོས་རི་མོའི་ཚོགས་ཤིག་ཡིན་ཞིང་། དེའི་ནང་དོན་གཙོ་བོ་ནི་བོན་གྱི་མ་རྒྱུད་གསང་སྔགས་ཁྲོད་ཀྱི་སྲུང་མའི་ཚོ་བརྒྱད་དང་།   བོད་ཀྱི་ལོ་རྒྱུས་ཐོག་གི་གསང་སྔགས་ཀྱི་རི་ཁྲོད་པ་ཆེན་པོ་འགའ་དང་འབྲེལ་བ་དམ་ཟབ་ཡོད་ཅིང་། འདི་དང་དུས་རབས་11པ་ནས་དུས་རབས་16པའི་བར་རྒྱལ་རོང་ས་ཁུལ་དུ་འཁྲུངས་པའི་བོན་པོའི་རི་ཁྲོད་པ་ཆེན་མོའི་སྒོམ་རྒྱག་དང་འབྲེལ་བ་ཡོད་པར་བསྟན་ལ།  ཁོང་གིས་ད་རུང་རིག་གནས་སྐྱེ་ཁམས་རིག་པའི་ངོས་ཐད་ནས་རྡོ་བརྐོས་རི་མོ་འདི་དག་གི་རིན་ཐང་དང་སྲུང་སྐྱོབ་ཐད་ལ་བསམ་འཆར་འགངས་ཆེན་བཏོན་ཡོད་ཅེས་གསུངས། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1