༄༅།།གསར་རྙེད་མཁར་ལུང་བྲག་བརྐོས་རི་མོར་དཔྱད་པ།

ཨ་སྐྱབས་རྒྱལ་སྲས་ཚང་དང་ཤེས་རབ་ཆོས་འཕེལ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-17



    --------གླིང་གེ་སར་འཁྲུངས་ཡུལ་ནགས་མདོའི་ཞང་བྲག་དམར་ཟུར་གྱི་མཁར་ལུང་བྲག་བརྐོས།
                      ཨ་སྐྱབས་རྒྱལ་སྲས་ཚང་དང་ཤེས་རབ་ཆོས་འཕེལ།
གནད་ཚིག      བྲག་བརྐོས་རི་མོ།      མཁར་ལུང་།      གསར་རྙེད། ཤེས་རིག
གནད་བསྡུས། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སྡེ་དགེ་རྫོང་ནགས་མདོ་ཞང་ནས་བྲག་དམར་ཟུར་ཞེས་འབོད་པ་བྲག་ཕྲན་ཐ་ཐོར་ཡོད་སའི་ཕྱོགས་གཅིག་ན་རྩྭ་ལྡུམ་དང་ཚེར་ཕུང་གི་གསེང་དུ་ལྐོག་སིབ་སིབ་ཀྱིས་ཡིབ་པའི་མཁར་ལུང་བྲག་བརྐོས་ཞིག་གསར་དུ་རྙེད།བདག་གིས་རིག་དངོས་འདི་ལ་མཁར་ལུང་བྲག་བརྐོས་རི་མོ་ཞེས་མཚན་དུ་གསོལ། དཔྱད་རྩོམ་འདིར་ལོ་ངོ་སྟོང་གི་རིག་དངོས་རྩ་ཆེན་ཁག་གི་གནས་ཡུལ་མདོར་བསྟན་དང་།བྲག་བརྐོས་རི་མོ་ཇི་ལྟར་བཞུགས་ཚུལ།བྲག་བརྐོས་རི་མོར་དུས་ཡུན་ཇི་ཙམ་འདས་ཡོད་མེད། བྲག་བརྐོས་རི་མོ་ལས་གུ་གི་ཕྱི་ལོགས་ལ་དཔྱད་པ།བྲག་བརྐོས་རི་མོ་ལས་རྟོགས་པའི་ཤེས་བྱ་སོགས་མདོར་ཙམ་མོ།།

        དེ་ཡང་གནའ་བོའི་ཤུལ་བཞག་རིག་དངོས་ནི་ལོ་རྒྱུས་ཀྱི་བདེན་དཔང་སྨྲ་མེད་པ་ཞིག་ཡིན་ཏེ། ཕྱིས་ཀྱི་མཁས་པས་བཟོ་བཅོས་ཀྱི་ལྷད་སྐྱོན་མ་འདྲེས་པའི་གདོད་མའི་རྣམ་པ་ཅན་ཡིན་པས། གནའ་བོའི་ཤེས་རིག་གི་མཚོན་བྱེད་གཙོ་བོར་ངོས་འཛིན་བཞིན་ཡོད། མདོ་དབུས་མཐོ་སྒང་གི་གནའ་བོའི་བྲག་བརྐོས་རི་མོ་ལ་གྲུབ་ཆ་ཆེན་པོ་གསུམ་ཡོད་པ་སྟེ། མཚོ་སྔོན་གྱི་བྲག་བརྐོས་རི་མོ་དང་། བོད་ལྗོངས་བྱང་ཁུལ་གྱི་བྲག་བརྐོས་རི་མོ། བོད་ལྗོངས་ནུབ་ཁུལ་གྱི་བྲག་བརྐོས་རི་མོ་བཅས་ལ་མ་ཚུད་པ།ད་སྔ་སུས་ཀྱང་མཐོང་མྱོང་མེད་པའི་གཙང་པོ་གསུམ་ལས་རྫ་ཆུ་དལ་འབབ་རིང་མོའི་འགྲམ་རྒྱུད་ཀྱི་བྲག་བརྐོས་རི་མོ་ཁག་ཅིག་ཡིན་པས་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་པ་གདོན་མི་ཟའོ། ། 
དེ་ཡང་གླིང་རྗེ་གེ་སར་རྒྱལ་པོའི་འཁྲུངས་ཡུལ་ནགས་མདོ་ཡུལ་ཚོ་རུ་བྲག་དམར་ཟུར་ཞེས་འབོད་པའི་ཕྱོགས་གཅིག་ནས་མཁར་ལུང་བྲག་ལྡེབས་རྙེད།མཁར་ལུང་བྲག་ལྡེབས་ཀྱི་གསར་རྙེད་བྲག་བརྐོས་རི་མོ་འདིས་ལོ་ངོ་སྟོང་ཕྲག་སྔོན་གྱི་ཡུལ་སྲོལ་གོམས་གཤིས་དང་།རིག་གནས་སྒྱུ་རྩལ།རྒྱུན་སྤྱོད་འཚོ་བ་དང་ཆོས་ལུགས།མི་རིགས་རང་བཞིན་གྱི་མཛེས་དཔྱོད་དང་བསམ་བློ།  སློབ་གསོའི་ཤན་ཤུགས་སོགས་ཕྱོགས་ཡོངས་ལ་དཔྱོད་ཅིང་འཇུག་པའི་དཔྱད་སྒོ་ཡིན་པས།འདིར་ཡང་བྲག་བརྐོས་སྐུ་བརྙན་དང་ཡི་གེ་ཞིག་ལ་སྤྱི་བམ་ཙམ་གྱིས་བལྟ་བར་བྱ་བ་ལ།
དེ་ཡང་བྲག་བརྐོས་རི་མོ་དེའི་གནས་ཡུལ་མདོར་བསྟན་པ།བྲག་བརྐོས་རི་མོ་ཇི་ལྟར་བཞུགས་ཚུལ།བྲག་བརྐོས་རི་མོར་དུས་ཡུན་ཇི་ཙམ་འདས་ཡོད་མེད།བྲག་བརྐོས་རི་མོ་ལས་རྟོགས་པའི་ཤེས་བྱ་སོགས་ལ་དཔྱད་པ་ལས།

དང་པོ། བྲག་བརྐོས་རི་མོའི་གནས་ཡུལ་མདོར་བསྟན།
        ལོ་རྒྱུས་ལས་གསལ་བ་ལྟར་ན།འབྲུ་ཟླ་ཟལ་མོ་སྒང་གི་ཆ་གཏོགས་ལྡོང་རིགས་ཀྱི་སྐྱེས་བུ་ཆེན་མོ་འཛམ་གླིང་གེ་སར་རྒྱལ་པོའི་ཞབས་ཀྱིས་བཅགས་པའི་གནས།དེང་གི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སྡེ་དགེ་རྫོང་ནགས་མདོ་ཞང་ནས་བྱང་ཕྱོགས་སུ་ལེ་བར་གཅིག་ཙམ་སོང་བའི་སར། གཙང་པོ་གསུམ་ལས་རྫ་ཆུ་དལ་འབབ་རིང་མོ་ལྷོད་ཀྱི་བཞུར་བའི་གཡོན་ས།བྲག་དམར་ཟུར་ཞེས་འབོད་པ་་བྲག་ཕྲན་ཐ་ཐོར་ཡོད་སའི་ཕྱོགས་གཅིག་ན་རྩྭ་ལྡུམ་དང་ཚེར་ཕུང་གི་གསེང་དུ་ལྐོག་སིབ་སིབ་ཀྱིས་ཡིབ་པའི་མཁར་ལུང་བྲག་ལྡེབས་ཞིག་ཡོད།སྔོན་གྱི་ཤོད་རྒྱུན་ལ།གནས་དེར་དུས་གསུམ་སངས་རྒྱས་ཀྱི་སྐུ་ཡོད་པ་གྲགས་ཀྱང་། དོན་ལ་ལོ་མང་བོའི་རིང་སུས་ཀྱང་ལྟ་རྟོགས་དང་དོ་སྣང་མ་བྱས་པས།རྩྭ་དང་ལོ་མ་མཐུག་པོའི་ཁེངས་པའི་གསེང་ན་མི་མངོན་གབ་པའི་ཚུལ་དུ་བཞུགས་སོ། །༼སྡེ་དགེ་རྫོང་ནས་ནགས་མདོ་ཞང་བར་ལེ་བར་༡༦༨ཡོད་ཅིང་།ནགས་མདོ་ཞང་ནས་གླིང་རྗེ་གེ་སར་རྒྱལ་པོའི་འཁྲུངས་ཡུལ་ལྕི་སོས་ཡག་གི་ཁ་མདོའི་བར་དུ་ལེ་བར་༡༩ཙམ་ཡོད༽

གཉིས་པ། བྲག་བརྐོས་རི་མོ་ཇི་ལྟར་བཞུགས་ཚུལ།
        བྲག་དམར་ཟུར་ཞེས་འབོད་པའི་ཕྱོགས་གཅིག་ན་རྩྭ་ལྡུམ་དང་ཚེར་ཕུང་གི་གསེང་དུ་ལྐོག་སིབ་སིབ་ཀྱིས་ཡིབ་པའི་མཁར་ལུང་བྲག་ལྡེབས་ཞེས་པ་ཞིག་ཡོད་པའི་གཡོན་གྱི་དང་པོ་ཕྱག་རྒྱ་མི་གསལ་བའི་བྲག་བརྐོས་ཅིག་དང་།དཀྱིལ་མ་ས་གནོན་གྱི་ཕྱག་རྒྱ་དང་གཡས་ཆོས་འཆད་ཀྱི་རྒྱ་ཅན།ཞབས་དཀྱིལ་དཀྲུང་གི་རྣམ་པར་ཡོད་པ། གནའ་བོའི་འབྲི་སྲོལ་གྱི་ཉམས་དང་མཚུངས་པའི་སངས་རྒྱས་ཞི་བའི་གཟུགས་བརྙན་མཐོ་ཚད་ལ་གདན་ཁྲི་དང་བཅས་པ་ཁྲུ་ཕྱེད་དོ་ཅན་གཉིས་དང་། ཕར་ལྟས་ཚོད་དེ་གཉིས་ལས་ཆུང་སྙམ་པ་གདན་ཁྲི་ས་འོག་ཏུ་སོང་བ་ཞིག་སྟེ་གསུམ་ཡོད་འདུག ཐམས་ཅད་ཀྱང་ཁ་ཤར་ཕྱོགས་སུ་འཁོར་ཞིང་།ཕར་ལྟས་ཚོད་ལ་ཐོག་མ་བཞེངས་དུས་འོག་གི་ལམ་ཀ་ནས་ཀྱང་བཀྲ་ལམ་མེ་མཇལ་ཐུབ་པ། རྗེས་སུ་དབྱར་ཆར་ཆུ་སོགས་ཀྱིས་རྐྱེན་ལས་སྐུ་མདུན་ས་ཕུང་སྤུངས་སོང་བ་ལོས་ཡིན་སྙམ་པ་ཞིག་རེད། །
གསུམ་པ། བྲག་བརྐོས་རི་མོའི་དུས་ཡུན་ལ་དཔྱད་པ།
        དེང་གི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་དཔའ་ཐང་ཤང་ན་ཡོད་པའི་འབུས་ཀྱི་བྲག་བརྐོས་རི་མོ་དང་། གཞན་ཡང་བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་གྱི་བྲག་གཡབ་རྫོང་ཁོངས། བྱམས་མདུན་ཆུས་རི་མདའ་ཤང་གི་ལྡན་མ་བྲག་རྩ་ཞེས་པའི་བྲག་ལྡེབས་ཆེན་པོ་ཞིག་གི་ངོས་སུ་བརྐོས་ཡོད་པའི་དབུས་སུ་གཙོ་བོ་སངས་རྒྱས་རྣམ་པར་སྣང་མཛད་ལ་འཁོར་ཉེ་བའི་སྲས་ཆེན་བརྒྱད་ཀྱིས་བསྐོར་བ་དང་། གཤམ་དུ་གཞི་བདག་ཀླུ་མི་མགོན་དཀར་པོ་ཟེར་བའི་གཟུགས་བརྙན་དག་ཡོད་པ་དང་། གཞན་ཡང་མཚོ་སྔོན་པོའི་བྱང་རྒྱུད་ཀྱི་ཨ་རིག་ས་ཆ་དེང་སང་མདོ་ལ་རྫོང་ཞེས་འབོད་པའི་ཡུལ་དེའི་མཁར་དམར་ཤང་།བྲག་དཀར་སྡེ་བ་ན་ཡོད་པའི་བྲག་བརྐོས་མགོན་པོ་འོད་དཔག་མེད་སྐུ་བརྙན་དག་དང་བསྡུར་ན་ཅུང་ཙམ་བསྡུར་རྒྱུ་ཡོད་སྙམ་པ་ཞིག་འདུག
        གཙོ་བོ་དཔྱད་དགོས་པ་དང་ཅུང་དཔྱད་རིན་ཟབ་ས་ནི།གཡས་ཀྱི་བྲག་རིས་སྐུ་བརྙན་ཆེ་བ་དེའི་ཟུར་ན་༼སངས་རྒྱས་མྱྀ་འཁྲུག་པ༽ཞེས་གནའ་བོའི་འབྲི་སྲོལ་བྲིས་པའི་ཡིག་འབྲུ་ལྔ་འདུག་པ་དེ་རེད།དེ་ནི་གནའ་བོ་བཙད་པོའི་སྐབས་ཏེ་དུས་རབས་བརྒྱད་པ་ཡར་མར་གྱི་བཙད་པོ་ཁྲི་སྲོང་ལྡེའུ་བཙན་སྐབས་ཀྱི་དགེ་སློང་པ་གོ་ཡེ་ཤེས་དབྱངས་ཀྱིས་བྲིས་པ་དང་མཚུངས་པ།བརྡ་རྙིང་པ་མི་ལ་མྱྀ་ཞེས་གུ་གི་ཕྱི་ལོག་ཀྱིས་བྲི་བའི་སྐབས་དེ་དུས་ཞིག་ལ་བྲིས་པ་མིན་ནམ་སྙམ།གལ་ཏེ་བརྡ་ཆད་རེ་གཉིས་ཀྱིས་བཙད་པོའི་དུས་བྱས་པ་མི་རྟོགས་སྟེ་དཔེར་ན་སྡེ་དགེའི་ཤིང་པར་བཀའ་འགྱུར་ནང་མི་དམིགས་པ་ལ་མྱི་དམིགས་ཞེས་བྲིས་པ་མིན་ནམ་སྙམ་ན།དེའི་ཡི་གེའི་འབྲི་ཚུལ་ཡོངས་མྱི་འདི་འདྲ་བྲིས་པ་ལས་མྱྀ་གུ་གི་ཕྱི་ལོགས་ཅིག་བྲིས་པ་མེད་པས་དེ་བས་ཀྱང་སྔ་བ་མཚོན།  བརྡ་རྙིང་གི་འབྲི་སྲོལ་འདི་ལྟ་བུ་གུ་གི་ཕྱི་ལོག་བགྱིས་པ་སོགས་བཙད་པོ་སོ་སོའི་སྐབས་ཀྱི་སྟོང་སྐུ་བྲག་ནས་ཐོན་པའི་ཡིག་རྙིང་དང་རྡོ་རིང་སོ་སོར་འབྲི་སྲོལ་འདི་ལྟར་ངེས། དཔེར་ན་གོང་ཞུས་ཀྱི་ཨ་རིག་གི་བྲག་བརྐོས་དེར་༼བཙན་པོའི་སྐུ་ཡོན་དང་སེམས་ཅན་གྱྀ་དོན་གྱི་ཕྱིར་དགེ་སློང་པ་གོར་ཡེ་ཤེས་དབྱངས་གྱིས་བགྱྀས།།༽ ཞེས་བཙད་པོའི་སྐབས་བྲིས་པ་དེ་དང་གཞན་ཡང་གོང་ཞུས་ཀྱི་ལྡན་མ་བྲག་རྩར་ཡོད་པ་ལས་ཀྱང་༼༄།། དམ་པྀ་ཆོས་ཀྱི་མདོ་ནི། སེམས་ཅན་ཐམས་ཅད་ལ་ཡང་སངས་རྒྱས་ཀྱི་རང་བཞིན་དྲན་ཞྀང་ཤེས་པའི་སེམས་རེ་རེ་ཡོད་དེ། སེམས་དེ་ནི་མཁན་པོ་དང་ལྷས་ཀྱང་མ་བྱས་ཕ་མ་ལས་ཀྱང་མ་སྐྱེས། ཐོག་མའྀ་མཐའ་མྱའྀ་རྙེད་པ་ནས་ཀྱང་ཡོང་(ཡེ)ནས་ཡོད། སོགས་དང་ཡང་༄ །། སྤྲེའུ་གི་ལོའི་དབྱར། མཙན་པོ་ཁྲི་ལྡེ་སྲོང་བརྩན་གྱི་རིང་ལ། དགའེ་སློང་ཆོས་དང་ཆབ་སྲིད་ཀྱི་བཀའ་ཆེན་པོ་ལ་བཏགས་སྟེ།༽ ཞེས་བཙད་པོའི་སྐབས་བྲིས་པ་གསལ་བོར་ཡོད་པས་ན།གོང་གི་ཡིག་འབྲུ་ལྔ་ཅན་གྱི་༼སངས་རྒྱས་མྱྀ་འཁྲུགས་པ༽ ཞེས་པ་དང་འདི་དག་གཤིབ་ཅིང་བསྡུར་ན། ཅུང་ཙམ་དཔྱད་གཞི་ཡོད་པ་དང་གོ་རྟོགས་གསར་པ་རེ་ཕྱེ་བའི་རྒྱུ་ཆ་ལའང་ཅིས་མི་འགྲོ། དེའི་ཕྱིར་འདི་འང་དུས་རབས་བདུན་པ་ཀོང་ཇོ་བོད་ལ་བྱོན་པའི་ལམ་སྐབས་ནས་ཡིན་པ་ལའང་དོགས་གཞི་མེད་པ་མིན་ཏེ།བྲག་བརྐོས་རི་མོ་འདི་ཡོད་ས་ནས་ཤར་ཕྱོགས་རྫ་ཆུ་རྒྱུད་དུ།ལེ་བར་ཉེར་ལྔ་ཙམ་གྱི་མཚམས་ན་ཀོང་ཇོས་བཞེངས་པའི་མ་ཎི་རྡོ་བརྐོས་རིང་ཚད་མདའ་རྒྱང་གང་ཙམ་ཞིག་ཡོད་པ་དང་། གཞན་དེ་ལས་ཡར་ལྷོ་ཕྱོགས་སྔ་འགྱུར་རྩ་བའི་གདན་ས་ཞེ་ཆེན་དགོན་པའི་གཡས་ངོས་སུ་ཀོང་ཇོའི་ཞབས་རྗེས་ཡོད་པ། དེ་དག་ངག་རྒྱུན་དུའང་རྒྱ་བཟའ་ཀོང་ཇོའི་ཡིན་པ་ཡོངས་སུ་གྲགས་པ་དང་།རྒྱལ་རབས་གསལ་བའི་མེ་ལོང་ལས་དེའི་བར་ལ་རྒྱ་མོ་བཟའ་ལ་སོགས་པའི་བོད་བློན་རྣམས་ཀྱིས་ལྡན་མ་བྲག་རྩར་ཕེབས་ནས། བྲག་ལ་བྱམས་པ་ཁྲུ་བདུན་པ་གཅིག་དང་། བཟང་སྤྱོད་གཉིས་བརྐོས་མར་བཞེངས། དེར་ཟླ་བ་གཅིག་བསྒུག་དེར་ཡང་བློན་པོ་(མགར་སྟོང་བཙན)མ་བྱོན་ཞེས་གསུངས་པས། ཀོང་ཇོ་ནི་བོད་ལ་བྱོན་པའི་ལམ་བར་ནས་སྐུ་བཞེངས་བཞིན་བྱོན་པ་ཐེ་ཚོམ་མི་བདོག་པས་ལོ་རྒྱུས་ཀྱི་ས་བོན་འདི་དག་དང་བསྒྲེ་ན། གོང་གི་དཔྱད་གཞི་དངོས་སངས་རྒྱས་མི་འཁྲུགས་པའི་སྐུ་བརྙན་དང་ཡི་གེ་འབྲི་སྲོལ་འདི་དག་དང་འབྲེལ་བ་རེ་མེད་དམ་སྙམ་པ་བྱུང་། ཡང་དུས་རབས་བརྒྱད་པ་ཁྲི་སྲོང་གི་སྐབས་ཡིན་པ་ལ་དཔྱད་མི་དགོས་པར་འདོད་དེ།སྐབས་དེ་དུས་དགེ་སློང་བྲན་ཀ་ཡོན་ཏན་དང་དགེ་སློང་གད་ནམ་མཁའི་སྙིང་པོ་དབྱངས།དགེ་སློང་པ་གོར་ཡེ་ཤེས་དབྱངས་སོགས་ཀྱིས་བོད་ཁམས་གང་ས་གང་དུ་བྲག་རིས་བརྐོས་པའི་ཡི་གེ་དང་འབྲི་སྲོལ་མཚུངས་པས་སོ། །

        གཞན་ཡང་གོང་གི་གཡས་ཀྱི་སྐུ་བརྙན་ནང་བཞིན་གཞན་གཉིས་པོ་ལའང་ངོ་སྤྲོད་ཡི་གེ་ལོས་ཡོད་སྙམ་པ་ཞིག་རེད་མོད།ཡིན་ཡང་། གཡོན་ཕྱོགས་ཀྱི་སྐུ་དེ་པད་གདན་མན་ས་འོག་དུ་ནུབས་ཟིན་པ་དང་དཀྱིལ་དེ་གདན་མན་ཞིག་སྐྱོན་སོགས་གང་ཡིན་མ་ངེས་སྐུ་བརྙན་གཞན་གཉིས་ཀྱི་མཚན་རྙེད་ཐུབ་མ་སོང་།  

        དེ་བཞིན་དུ་གོང་གི་༼སངས་མྱྀ་འཁྲུག་པ༽ ཞེས་པའི་ཡིག་གཟུགས་འབྲི་སྲོལ་དེ་དག་ལ་དཔྱད་ན། ཐོན་མའི་མཛུབ་རིས་ལས་བཙད་པོ་སྲོང་བཙན་སྒམ་པོའི་སྐབས་ཀྱིས་བོད་ཀྱི་ཡིག་གཟུགས་སྦལ་ནག་བགྲད་འདྲ་དང་། དེ་རྗེས་ཀྱི་ཡིག་མཁན་ཆ་ངར་རིན་ཆེ་འབར་གྱིས་སོ་ཕག་གཤིབ་འདྲའི་ཡིག་གཟུགས་དང་། དེ་རྗེས་ཀྱི་བྱ་ཕོ་འཇོལ་འདྲ། དེ་རྗེས་ཀྱི་ནས་སྔོན་ཕྱིང་དཀར་ལ་བཀྲམ་འདྲ་ལྟ་བུ།དེ་རྗེས་ཀྱི་མུ་ཏིག་སྟར་ལ་རྒྱུས་འདྲ་ལྟ་བུ་སོགས་ཀྱི་བཙད་པོ་སོ་སོའི་སྐབས་དང་སྟོང་སྐུ་ཕུག་གི་ཡིག་གཟུགས་སོགས་བསྡུར་ནས་དཔྱད་ན་ཁྱད་པར་དཔྱད་རིན་ཡོད་པར་འདོད་པས་ཕྱི་རབས་པའི་བགོ་སྐལ་དུ་འཇོག་པར་འདོད་དོ།།


བཞི་བ། བྲག་བརྐོས་རི་མོ་ལས་གུ་གི་ཕྱི་ལོགས་ལ་དཔྱད་པ།
        བཙན་པོའི་དུས་ཀྱི་རྡོ་རིང་གི་ཡི་གེ ཅོང་དང་ཁྲམ་བྱང་། སྟོང་སྐུའི་བྲག་ཕུག་གི་གཏེར་ཡིག་དང་ཁྲི་སྲོང་བླ་འབུམ། བྲག་བརྐོས་ཡི་གེ་སོགས་སྔོན་གྱི་ཡི་གེ་རྙིང་བའི་ནང་དུ་མངོན་པའི་གི་གུག་ཕྱིར་ལོག་ཅན་ལ་དཔྱད་པ་བཏང་བ་མང་མོད། ད་བར་དུ་ཚང་མས་ཁས་ལེན་ཐུབ་པའི་འགྲེལ་ཞིག་མ་བྱུང་བར་མངོན། དེ་ལ་སྔགས་ཡིག་ལྟར་རིང་ཆ་ཡོད་པའི་ཡི་གེར་འདོད་པ། གུག་གུ་ལོག་དང་མ་ལོག་གི་ཁྱད་པར་ནི་སྒྲའི་ལྕི་ཡང་ངམ་སྒྲ་དྲག་ཞན་ལ་རགས་ལས་པར་འདོད་པ། གི་གུ་ཕྱིར་ལོག་གིས་སྒྲ་དོན་གང་ཡང་མི་མཚོན་པར་ལྟ་བ། ལ་ལས་གི་གུ་ཕྱིར་ལོག་དེའང་གི་གུ་མགྱོགས་བྲིས་བྱས་པ་ལས་ཐོན་པར་སྙམ་པ།  དེ་ཡང་སྔགས་ཀྱི་བཀླག་ཐབས་སུ། ཀ་སོགས་སྲོག་ཏུ་རྀ་ལྀ་ཞུགས། །གི་གུ་ཕྱིར་ནི་ལོག་གྱུར་ན། །ཀི་རྀ་ཀི་ལྀ་ཞེས་མྱུར་བཀླག། ཅེས་པ་ལྟར། ཀློག་སྟངས་ཤེས་སླ་ཆེད་དུ་གུག་གུ་ཕྱིར་ལོག་མང་པོ་འབྲི་བས་སྲོལ་ཡོད་པའི་ལུགས་དང་ཆ་འདྲ་བར་འདོད་པ།  ཡང་ན་ཡི་གེའི་བཀླག་ཐབས་བྱིས་པ་བདེ་བླག་འཇུག་པ་ལས། སེང་གེ་འདྲ་དང་བརྒྱ་བྱིན་མིག གླང་སྣ་འོད་མ་འགྲེང་འདྲ་དང་། །ཐང་གུག་དཔེ་ལྔས་བསྟན་པས་ན། །སྟོང་ཆེན་ཡི་གེ་ལྔ་ཞེས་གསུངས། །ཞེས་གུག་གུ་ཕྱིར་ལོག་དང་ཕྱིར་མ་ལོག་པ་གཉིས་ནི་ལྷའི་དབང་བོ་བརྒྱ་བྱིན་གྱི་མིག་གི་འདྲ་དཔེ་ཡིན་པར་བརྗོད་པ་དང་།  ཡང་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། གུག་གུ་གཉིས་ཉེ་བར་ཡོད་ཕྱིན་གཅིག་ཕྱིར་ལོག་པ་ཚྀག་གི་ལྟ་བུ། ཞེས་གུག་གུ་ཕྱིར་ལོག་ཡོང་དོན་དེ་བརྒྱ་བྱིན་གྱི་མིག་གི་འདྲ་དཔེ་དང་། མིག་ལ་མཛེས་པའི་ཆེད་ལྟ་བུ་བརྗོད་ཡོད་ལ།  མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གིས  ཨཱི་རིང་ཉིད་གསལ་བྱེད་ཡི་གེའི་གོང་ནས་གཡོན་འགྲམ་ལ་དཔྱངས་པའི་ཚུལ་དུ་འབྲི་དགོས།  དབྱངས་གི་གུའི་འབྲི་སྟངས་དེ་ལེགས་སྦྱར་གྱི་ཡིག་སྲོལ་ཇི་ལྟ་བ་སོར་བཞག་མཛད།  སྔ་དུས་སུ་ལེགས་སྦྱར་གྱི་སྐད་རང་སོར་འཇོག་པ་ལ། གི་གུ་རིང་ཆ་ཅན་རྣམས་ཕྱིར་ལོག་གི་རྣམ་པ་རུ་འབྲི་སྲོལ་ཞིག་བོད་དུ་དར་བ་གང་དེ། ཕྱིས་སུ་འ་འདོགས་ཀྱིས་ཚབ་དུ་བྱེད་པའི་འབྲི་སྲོལ་དུ་བསྒྱུར་པའི་བྱུང་འཕེལ་དེའོ། །  
        བོད་ཀྱི་ཡིག་རྙིང་ཞིབ་འཇུག་པ་ཁྲིན་ཅན<     陈  践      བསོད་ནམས་སྐྱིད་དུའང་འབོད > ལགས་ཀྱིས<བོད་ཀྱི་རྡོ་རིང་ཡི་གེ་དང་དྲིལ་བུའི་ཁ་བྱང >ཞེས་པར། གི་གུ་ཕྱིར་ལོག་ཉིད་བརྡ་རྙིང་པར་སྒྲུབ་བྱེད་དམ་བརྡ་གསར་རྙིང་གི་ཁྱད་འབྱེད་ཆོས་གཙོ་བོར་ངོས་བཟུང་ལ། གི་གུ་ཕྱིར་ལོག་རྣམས་ཀྱིས་དོན་གྱི་ཁྱད་པར་གང་ཡང་མི་སྟོན་པར་བསྟན་པ།    ཡིག་རྙིང་ཞིབ་འཇུག་པ་ཞོ་ར་པདྨ་དབང་ཆེན་ལགས་ཀྱིས་མཁས་དབང་དགེ་འདུན་ཆོས་འཕེལ་དང་ཚེ་ཏན་ཞབས་དྲུང་མཆོག་གི་དགོངས་པ་གཞིར་བྱས་ཤིང་། < སྨྲ་བའི་སྒོའི་མཚོན་ཆ་ལྟ་བུ >ཞེས་པ་རིགས་པའི་ཁུངས་སུ་བརྟེན་ཏེ། གི་གུ་ཕྱིར་ལོག་ཉིད་བཀུག་པའི་ང་རོའི་འགྱུར་འགྲོས་ཤིག་ཏུ་བསྒྲུབས་འདུག་པ། གང་ལྟར་གི་གུ་ཕྱིར་ལོག་ཉིད་དུ་བྲི་བ་ནི་ཡིག་རྙིང་ཡིན་མིན་གྱི་ཁྱད་རྣམ་འབྱེད་བྱེད་ཀྱི་རྟགས་སམ་རྐྱེན་གཙོ་བོ་ཞིག་ཏུ་བརྡ་རྙིང་ཞིབ་འཇུག་པ་ཀུན་མགྲིན་གཅིག་དབྱངས་གཅིག་ཏུ་བཞེད། བཙན་པོའི་བཀས་བཅད་དང་ཕྱིས་ཀྱི་བཀས་བཅད་སོགས་ཀྱིས་གུ་ཡངས་གཏོང་དགོས་པའི་གུག་གུ་ལོག་པ་ཅན་འདི། བསྟན་པ་ཕྱི་དར་གྱི་དུས་ལའང་འབྲི་སྲོལ་ཡོད་འདུག་པ་ནི་ཡི་གེ་འབྲི་སའི་ས་མིག་གི་བབ་ལ་ལྟོས་ནས་བཞག་པར་འདོད་ལ། སྐད་གསར་བཅད་རིམ་པ་ཕྱི་མ་དག་གིས་ཡི་གེའི་སྦྱོར་བའི་ལག་ལེན་ཁྲོད་མིང་བརྡ་དང་བྲིས་གཟུགས་ཚད་ལྡན་གཅིག་གྱུར་ལ་དམིགས་ནས་གི་གུའི་འབྲི་ལུགས་ཐ་དད་པའི་སྣང་ཚུལ་འདི་ལོ་རྒྱུས་ཆུ་རྒྱུན་གྱིས་དེད་པར་འདོད་པས། རང་གིས་ཡིག་རྙིང་སོགས་ཀྱི་ནང་དུ་གི་གུ་ཕྱིར་ལྡོག་ཅན་མང་བ་ནི་གཙོ་བོ་ཡི་གེའི་རྩ་བ་འབྲུ་མ་སྟེ་གཡོན་ནས་གཡས་སུ་འབྲི་བའི་དབུ་མེད་ཀྱི་བྲི་ལུགས་སོར་བཞག་པར་འདོད། ཡང་གི་གུ་གཉིས་མཉམ་པོར་ཡོད་པ་སྔ་མ་ཕྱིར་ལོག་དང་རྗེས་མ་ཕྱིར་ལོག་མིན་པ་སྦྱར་བ་མང་བ་ནི། གཅིག་ནས་མིག་གཉིས་ལྟ་བུའི་ཡི་གེ་སྙོམས་མཛེས་ཀྱི་ཁྱད་པར་དང་། ཡང་ན་གི་གུ་གཉིས་གསུམ་མཉམ་པོར་མེད་པ་དག་ནི་ཡི་གེ་འབྲི་སའི་ས་མིག་གི་བབ་ལ་ལྟོས་ནས་བྲིས་པའི་ཁྱད་པར་ཞིག་ཏུ་འདོད་དོ།།

ལྔ་བ། བྲག་བརྐོས་རི་མོ་ལས་རྟོགས་པའི་ཤེས་བྱ།
        སྤྱིར་བཏང་བོད་ཀྱི་གདོད་མའི་བྲག་བརྐོས་རི་མོ་མང་ཆེ་བ་ནི་རྔོན་རྒྱག་པ་སོགས་ཀྱི་འཚོ་བ་དང་ཉི་ཟླ་གཡུང་དྲུང་སོགས་དད་མོས་མཚོན་པའི་རི་མོ་ཡིན་པས། འབྲེལ་ཡོད་ཆེད་མཁས་པས་པས། བོད་ཡིག་མེད་པའི་གོང་གི་བྲག་བརྐོས་རི་མོ་ནི་མི་རིགས་ཀྱིས་གདོད་མའི་སྤྱི་ཚོགས་ནང་འཚོ་གནས་ཆེད་དུ་འཐབ་རྩོད་བྱེད་པའི་རྣམ་པ་ཞིག་ཡིན་པ་དང་། དེས་མིའི་རིགས་ཀྱི་ཐོན་སྐྱེས་བྱེད་ལུགས་དང་དཔལ་འབྱོར་ཀྱི་འགུལ་སྐྱོད། སྤྱི་ཚོགས་ཀྱི་ཉམས་ལེན། ཆོས་ལུགས་ཀྱི་དད་མོས། མཚན་ཉིད་ཀྱི་བསམ་བློ། མཛེས་རིག་གི་ལྟ་ཚུལ་དེ་བཞིན་རང་བྱུང་དང་རང་བྱུང་ཁམས་ལས་འདས་པའི་ཁོར་ཡུག་གི་འབྲེལ་བ་བཅས་མཚོན་གྱི་ཡོད་པ་རེད་ཟེར། ད་ཐེངས་སྡེ་དགེ་ནགས་མདོའི་ཤང་བྲག་དམར་ཟུར་གྱི་མཁར་ལུང་ནས་གསར་རྙེད་བྱུང་བའི་བྲག་བརྐོས་རི་མོ་དེ་ནི་བོད་དུ་སྤྱི་སྤྱོད་ཀྱི་ཡི་གེ་ཡོད་པ་དང་སངས་རྒྱས་ཆོས་ལུགས་དར་བའི་རྗེས་སུ་བྱུང་བའི་བཙན་པོའི་སྐབས་ཀྱི་བྲག་རིས་སྐུ་བརྙན་ཡིན་ན། འདི་ལས་རྟོགས་ཐུབ་པ་ནི་བཙད་པོའི་ཆབ་སྲིད་ཀྱི་མངའ་ཐང་དང་སྐབས་དེ་དུས་ཀྱི་བཟོ་རིག་ལག་རྩལ།ཡུལ་དུས་དེར་ས་ཆ་འདིར་ཆོས་ལུགས་ཀྱི་ཤན་ཤུགས་སོགས་མི་ཉུང་བ་ཞིག་མཇལ་ཐུབ།  གཞན་སུ་ཞིག་གི་བརྐོས་པ་དང་ཅིའི་ཆེད་དུ་བཞེངས་བསྐྲུན་བྱས་པ་སོགས་དང་། གཞན་ཡང་འདི་དང་འབྲེལ་བ་ཅན་ཡོངས་དོན་ལ་མཁས་དབང་དགེ་ཆོས་ཀྱིས་ལོ་ངོ་སྟོང་ལོན་པའི་རྒན་པོ་འདྲ་ཡོད་ན་མ་གཏོགས་སོགས་གསུངས་པ་ནང་བཞིན། དཔྱད་གཞི་ཉུང་བསྡུས་བློ་རུ་འཆར་ཚོད་བཀོད་པ་ལས་དོན་ལ་འདིའི་ལྐོག་གྱུར་གྱི་ལོ་རྒྱུས་ངོ་མ་སླར་ཡང་འབྱུང་བཞིར་ཐིམས་པ་ལས་འོས་མེད་དོ། ། དེ་བས་མཇུག་མཐར་ངེད་གཉིས་ཀྱིས་སྡེ་དགེ་མཁར་ལུང་བྲག་བརྐོས་རི་མོ་འདིའང་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ལ་མེད་དུ་མི་རུང་བའི་རྒྱུ་ཆ་གསོན་པོ་ཞིག་ཡིན་པ་དང་།བོད་ཀྱི་གནའ་བོའི་བྲག་བརྐོས་རི་མོའི་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། དེའི་སྟེང་དུ་དམིགས་གསལ་རང་བཞིན་དང་འཐུས་ཚབ་རང་བཞིན་ལྡན་པ། ལྷག་པར་དུ་གླིང་རྗེ་གེ་སར་རྒྱལ་བོ་འཁྲུངས་ཡུལ་གྱི་ལོ་རྒྱུས་རིག་གནས་ཤུལ་བཞག་ལ་འབྲེལ་བ་དམ་ཟབ་ལྡན་པས་ན།རྫ་ཆུའི་འབབ་རྒྱུད་ཀྱི་གནའ་རྫས་རྟོག་ཞིབ་རིག་པ་དང་སྤྱི་ཚོགས་རིག་པ། མཛེས་རིས་རིག་པ། སྐད་བརྡ་རིག་པ། མིའི་རིགས་རིག་པ། སྐྱེ་ཁམས་ཁོར་ཡུག་རིག་པ་སོགས་རིག་ཚན་ལ་ཞིབ་འཇུག་བྱེད་པར་རིན་ཐང་བྲལ་བའི་བརྡ་འཕྲིན་མཁོ་སྤྲོད་གནང་ཡོད་པས་མཁྱེན་ལྡན་དག་གིས་མུ་མཐུད་དུ་ཞིབ་འཇུག་གནང་བར་འབོད་བསྐུལ་བྱས་པ་ཡིན། །
        ཞེས་ཉིས་སྟོང་བཅུ་དགུའི་གནམ་ལོ་གསར་ཚེས་ལ་གསེར་རྟ་མཁན་སློབ་དགོན་པའི་མཆོག་སྤྲུལ་ཨ་སྐྱབས་རྒྱལ་སྲས་ཚང་དང་ཞེ་ཆེན་དགོན་པའི་མཁན་པོ་ཤེས་རབ་ཆོས་འཕེལ་གཉིས་ཀྱིས་བོད་རིག་པའི་ཞིབ་འཇུག་གི་ལྡིང་ཆ་ལ་བྲག་བརྐོས་གསར་བ་ཞིག་རིག་པའི་རྩེད་འཇོར་ཕུལ་བ་དགེའོ།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1