བུ་མོར་བཏང་བའི་འཕྲིན་ཡིག་དང་པོ།
སྤྲོ་སྣང་གི་མི་ཚེའི་རྣམ་འགྱུར་ནི་ཀུན་ལས་གལ་ཆེ་བ་ཡིན།
བུའུ་ཅོན་གྱིས་བརྩམས། བྱང་གྲོལ་གྱིས་བསྒྱུར།
མོན་ཧྭ་ལགས།
ཁྱོད་ཀྱིས་འཕྲིན་ཡིག་འདི་ཀློག་པའི་དུས་སུ་ང་ནི་པའོ་ཧྲི་ཏིན་དང་ཁ་བྲལ་ནས་ཅཱ་ཀྲིག་ཏུ་ལོག་ཡོད་པས། ད་ནས་བཟུང་ཁྱོད་རང་གཅིག་པུས་འཚོ་བ་རོལ་དགོས།
ཉིན་འགའི་སྔོན་དུ་ཁྱོད་ཀྱིས་རང་གི་ཆུང་དུས་ཀྱི་དོན་དག་དེ་ང་ལ་གླེང་བྱུང་། ངས་བསམས་ན་ཁྱོད་ཀྱི་ཆུང་དུས་ཀྱི་ལོ་ཟླ་ནི་སྤྲོ་སྐྱིད་ལྡན་པ་ཞིག་རེད་འདོད། སྐབས་དེར་འུ་ཚང་ལ་བྱིས་པ་ཁྱོད་མ་གཏོགས་མེད་ལ་བལྟོས་བཅས་ཀྱིས་ཁོམ་གསེང་གི་དུས་ཚོད་ཀྱང་མང་བས་ནམ་རྒྱུན་ཁྱིམ་ལ་ལོག་ཐེངས་རེར་ང་ཡང་ཁྱོད་དང་ལྷན་དུ་རྩེ་དགར་ཞུགས་པ་ཡིན། སྐབས་དེའི་ཁྱོད་ལ་འདོད་ཧམ་ཆེན་པོ་མེད་པར་སྤྲོ་སྐྱིད་ཀྱི་ཀློང་ན་དྭངས་གཙང་གི་བྱིས་པའི་འཚོ་བ་ཞིག་རོལ་བཞིན་ཡོད་ཅིང་། ཕ་མར་མཚོན་ན་ཡང་ཁྱོད་ཀྱི་མི་ཚེ་དེ་སྤྲོ་སྐྱིད་ལྡན་པ་ཞིག་ཡོང་རྒྱུ་ནི་རེ་བ་ཉག་ཅིག་ཡིན།
1996ལོར་ང་རང་པཱ་ཨར་ཏི་མའོ་ལ་ཐོག་མར་སླེབས་དུས་ས་གནས་དེའི་བྱིས་པ་རྣམས་ཀྱི་སློབ་སྦྱོང་གི་དུས་ཚོད་ཉུང་ལ་ནམ་རྒྱུན་དགའ་སྣང་གིས་ཁྱབ་འདུག ངས་ཨ་རི་བ་ཚོར་བྱིས་པ་འདི་དག་གིས་ཆུང་དུས་ནས་དཀའ་སྤྱད་འབད་བརྩོན་གྱིས་སློབ་སྦྱོང་མ་བྱས་ན་སློབ་ཆེན་ལེགས་པོ་ཞིག་འགྲིམ་མི་ཐུབ་ལ། མ་འོངས་པའི་འཚོ་བའི་ཁྲོད་དུ་དཀའ་ཁག་ཆེན་པོར་འཕྲད་མི་སྲིད་དམ་ཞེས་འདྲི་དུས། ཁོ་ཚོ་ན་རེ། དཀའ་སྤྱད་འབད་བརྩོན་གྱིས་སློབ་སྦྱོང་བྱས་ནའང་མ་འོངས་པའི་འཚོ་བ་ག་འདྲ་ཞིག་ཡོང་མིན་བཤད་དཀའ་བ་རེད། འོན་ཀྱང་དགའ་དགའ་སྤྲོ་སྤྲོའི་ངང་མི་ལོ་བཅོ་བརྒྱད་ཀྱི་བྱིས་དུས་ཀྱི་འཚོ་བ་རོལ་རྒྱུ་ནི་ང་ཚོས་མཐོང་ཐུབ་པ་དང་རང་གིས་ཚོད་འཛིན་བྱས་ཆོག་པ་ཞིག་ཡིན། མི་ཚེའི་ཁྲོད་དུ་ལོ་བཅོ་བརྒྱད་ག་ཚོད་ཅིག་ཡོད་དམ། དེས་ན་གཞོན་ནུའི་དུས་ཚོད་འདི་དེ་ལྟར་དཀའ་སྡུག་གི་ཁྲོད་དུ་རྨེག་མེད་དུ་བཅོམ་པ་ལས་དགའ་དགའ་སྤྲོ་སྤྲོའི་ངང་ནས་བྱིས་དུས་ཀྱི་མི་ལོ་བཅོ་བརྒྱད་འདི་རོལ་ན་ལེགས་པ་འདྲ་ཟེར། ཁོ་ཚོའི་སྐད་ཆ་འདི་ལ་ཡང་གནས་ལུགས་ཤིག་ཅིས་ཀྱང་ཡོད་ངེས་ཏེ། སྤྲོ་སྣང་གི་མི་ཚེའི་རྣམ་འགྱུར་ནི་ཀུན་ལས་གལ་ཆེ་བས་སོ། །
པཱ་ཨར་ཏི་མའོ་ས་ཁུལ་གྱི་ཁྱིམ་ཚང་གི་ཡོང་སྒོ་ནི་དེ་འདྲའི་བཟང་རྒྱུ་མེད་ལ། ཡའེ་ཧན་ཧའོ་ཕུའུ་སི་སློབ་ཆེན་གྱི་ཉེ་འགྲམ་དུ་སྡོད་པའི་ཁྱིམ་ཚང་གི་ཡོང་སྒོ་ནི་ཕལ་ཆེར་ཀུའུ་ཀི་ས་ཁུལ་གྱི་ཕྱེད་ཀ་ཙམ་ལས་མེད་ནའང་། ཁོ་ཚོས་སྔར་བཞིན་དགའ་དགའ་སྤྲོ་སྤྲོའི་ངང་འཚོ་བ་རོལ་བཞིན་མཆིས། མི་རྣམས་ཀྱིས་ཕན་ཚུན་ངོ་མི་ཤེས་རུང་སྲང་ལམ་ཆེ་མ་ཆུང་གསུམ་ནས་འཕྲད་ན་ཕན་ཚུན་ལ་ཁམས་བདེ་རེ་ཞུ་བ་ཡིན། 1997ལོའི་དབྱར་གནང་ཞིག་ལ་ང་རང་ཞིན་ཙི་ཞིས་སུ་ཨ་རིའི་ཁ་པར་ཏར་འཕྲིན་ཀུང་ཟིའི་འགྲམ་གྱི་གྲོང་རྡལ་ཞིག་ཏུ་བསྡད་མྱོང་ལ། གནས་དེའི་མི་རྣམས་ཀྱི་ཡོང་སྒོ་ནི་བལྟོས་བཅས་ཀྱིས་མང་བར་སྣང་ལ་མགྲོན་པོ་ལ་ཧ་ཅང་བྱམས་པ་ཞིག་འདུག་པས། ང་ཚོས་ཁོ་ཚོའི་ཞལ་ནས་དགའ་སྣང་དང་བདེ་སྐྱིད་དེ་མཐོང་ཐུབ། འདི་ལྟར་བསྡུར་ཡོང་ན་ཀུའུ་ཀི་ས་ཁུལ་གྱི་ཡོང་སྒོ་ལེགས་ན་ཡང་པཱ་ཨར་ཏི་མའོ་དང་ཞིན་ཙི་ཞིས་ས་ཁུལ་གྱི་བདེ་སྐྱིད་དེ་འདྲ་མི་མཐོང་། གལ་ཏེ་སེམས་ལ་སྤྲོ་སྣང་ཆེ་བའི་འཚོ་བ་ཞིག་རོལ་མ་ཐུབ་ན་དངོས་པོའི་དཔལ་ཡོན་ཇི་ལྟར་མོད་ཀྱང་དོན་སྙིང་སྤུ་ཙམ་ཡང་མི་འདུག
ཆུང་དུས་ཀྱི་ངའི་གནས་བབ་ནི་དེང་གི་ཆུ་ཚད་ལྟར་བཤད་ན་དབུལ་པོ་དབུལ་རྐྱང་ཞིག་རེད། ལྟོ་མ་ལྟོགས་པ་དང་རྒྱབ་མ་གྲང་བ་ཙམ་ལས་དེང་གི་དུས་བཞིན་ཞོར་ཟས་བཟའ་རྒྱུ་མེད་ལ་གོན་པ་ཡང་རྙིང་ཧྲལ་དུ་གྱུར་པ་རྐྱང་རྐྱང་ཡིན། འོན་ཀྱང་སྐབས་དེའི་འཚོ་བ་ནི་སྐྱིད་སྣང་གིས་ཁེངས་པ་ལས་སྡུག་སྣང་ཞིག་གཏན་ནས་འཆར་མ་མྱོང་། དོན་དུ་ཡང་སྤྲོ་སྣང་ནི་རྒྱུ་ནོར་ཅི་ཙམ་ཡོད་མེད་ལ་འབྲེལ་བ་ཆེན་པོ་མེད་པར་དེ་ནི་འཚོ་བ་རོལ་སྟངས་ཀྱི་རྣམ་འགྱུར་ཞིག་རེད།
ངའི་ཆུང་དུས་ཀྱི་སྤྲོ་སྣང་གི་འབྱུང་ཁུངས་ཅི་ཡིན་ཞེ་ན་དེ་ནི་ཁྱིམ་ཚང་གི་ཁ་འཆམ་གྲོས་འགྲིག་ཡིན། སྐབས་དེའི་ལོ་རབས་ནི་དབུལ་ཕོངས་དང་བཙན་གནོན་གྱིས་ཁེངས་པའི་ལོ་རབས་ཤིག་ཡིན་པས། ཁོར་ཡུག་གི་ཆ་རྐྱེན་འདི་འདྲ་ཞིག་གི་འོག་ཏུ་ཁྱིམ་ཚང་མང་པོ་ཞིག་ལ་འགལ་ཟླ་ཡང་མང་པོ་ཞིག་ཡོད་ངེས། ཁྱོད་ཀྱི་ཨ་མྱེས་ནི་སྐབས་དེར་མི་བརྒྱ་ལྷག་ཡོད་པའི་ལས་ཁུངས་ཤིག་གི་མགོ་ཁྲིད་ཡིན་པས་ནམ་རྒྱུན་ཁོང་གི་སར་རང་རང་གི་བཟའ་ཟླར་སྐྱོན་ཆ་ཅི་ཡོད་སོགས་ཞུ་གཏུགས་བྱེད་མཁན་ཡང་རྒྱུན་ཆད་མ་མྱོང་མོད། འོན་ཀྱང་ངའི་ཕ་མ་གཉིས་ཀ་གཏན་ནས་བཟའ་འཁོན་བྱས་མ་མྱོང་བས་འཆམ་མཐུན་གྱི་ཁོར་ཡུག་འདི་འདྲ་ཞིག་ནས་ང་དང་ཁྱོད་ཀྱི་ཁུ་བོ་གཉིས་ལ་ཡང་སེམས་བདེ་བག་ཕེབས་ཀྱི་སེམས་ཁམས་ཤིག་མ་བཅོས་ལྷུན་གྱིས་གྲུབ་པ་རེད། རྗེས་སུ་ཁྱོད་ཀྱི་རྨོ་མོས་ཀྱང་ང་ལ་བྱིས་པའི་མདུན་དུ་ནམ་ཡང་ཁ་རྩོད་བྱེད་མི་རུང་ལ་བཟའ་ཟླའི་བར་གྱི་འགལ་བ་དེ་བྱིས་པ་མེད་པའི་དུས་སུ་ཐག་གཅོད་བྱ་དགོས་ཞེས་བཤད་མྱོང་བས། ང་ལ་མཚོན་ན་སྤྲོ་སྣང་དང་འབྲེལ་བའི་སློབ་ཁྲིད་ཐོག་མ་ཡང་འཆམ་མཐུན་ལས་བྱུང་བའི་སྤྲོ་སྣང་དེ་ཡིན།
སྤྲོ་སྣང་ནི་མིར་ལྷན་སྐྱེས་སུ་གྲུབ་པའི་རང་བཞིན་ལས་བྱུང་བ་ཞིག་ཡིན་ལ། ང་ལ་ཆུང་དུས་སུ་ཁོར་ཡུག་དང་སློབ་སྦྱོང་གི་གནོན་ཤུགས་བལྟོས་བཅས་ཀྱིས་ཆུང་བས་ང་དང་གྲོགས་པོ་ཆུང་ཆུང་ཚོ་རྒྱུན་དུ་ཆུ་འགྲམ་དང་རི་འདབས་སུ་རྩེད་མོར་གཡེང་ནས་བྱིས་པའི་བྱེད་སྒོ་དག་ཅི་འདོད་དུ་སྤེལ་ཆོག དེ་མ་ཡིན་པར་གལ་ཏེ་མི་ཚོགས་འདུ་སའི་ཐོག་ཁང་ཆེན་མོ་ཞིག་ཏུ་སྡོད་པའི་དབང་དུ་བཏང་ན་ཉིན་རྒྱུན་སློབ་ཁྲིད་ལ་འགྲོ་བའམ་ཡུལ་དུ་ལོག་ནས་ལས་བྱ་འབྲི་བ་ལས་དོན་ཅི་ཡང་མེད་པས་སྤྲོ་སྣང་འདོད་པ་ནི་སྟོང་བསམ་ཁོ་ན་ཉིད།
རང་བྱུང་གི་ཁོར་ཡུག་དང་བསྡུར་ན་མིའི་ཁོར་ཡུག་ནི་དེ་ལས་ཀྱང་གལ་ཆེ་སྟེ། ཁྱིམ་དུ་ཕུ་ནུ་དང་ཕྱི་རུ་གྲོགས་པོ་ཞེས་པའི་དཔེ་བཞིན་དུ་རྒྱལ་ཁམས་འགྲིམས་པའི་དུས་སུ་ཅིས་ཀྱང་མཁོ་བ་ནི་གྲོགས་པོ་ཡིན། སྔོན་ཆད་དེང་གི་དུས་ལྟར་སྤྱི་ཚོགས་བྱེད་སྒོ་མང་པོ་མེད་ན་ཡང་ང་ཚོ་ན་མཉམ་བར་གྱི་འགྲོ་འོང་ནི་ད་ལྟ་ལས་ལྡབ་འགྱུར་གྱིས་མང་བ་ཡིན། ཁེར་རྐྱང་གི་མི་ལ་སྤྲོ་སྣང་ལྡན་ཁག་པོ་ཡིན།
སྤྲོ་སྣང་འཕེལ་བྱེད་ནི་ཕྱི་རྐྱེན་གང་མང་ཞིག་ཡིན་ལ་ལྷག་ཏུ་རང་གི་ནང་སེམས་ལ་རག་ལས། མི་ཞིག་ལ་བློ་ཁོག་དང་སེམས་རྒྱ་ཡངས་པོ་ཞིག་ལྡན་ན་རང་བཞིན་གྱིས་སྤྲོ་སྣང་འཕེལ་ཞིང་། དེ་ལས་ལྡོག་སྟེ་ཁོག་རྒྱ་དོག་ཅིང་སྒེར་སེམས་ཆེ་བའི་མི་ཞིག་ཡིན་ན་དོན་བཟང་ཞིག་ལ་འཕྲད་ཀྱང་གཞན་གྱི་གཡོ་སྒྱུ་ཡིན་ནམ་སྙམ་པའི་ཐེ་ཚོམ་དང་དོགས་སྣང་གིས་ཁེངས་ཡོད་པས་སྤྲོ་སྣང་ནི་ཁོ་དང་སྔ་ས་ནས་རྒྱང་དུ་གྱེས་ཟིན། རླབས་ཆེ་བའི་གན་རྡི་ལ་མཚོན་ན་ཁོང་གི་མི་ཚེ་ཧྲིལ་པོ་མུན་བཙོན་དང་ཡང་ན་ཞིང་ཚིགས་བར་ནས་ཟད་པ་ཞིག་ཡིན་པས་འཚོ་བའི་ཁོར་ཡུག་དེ་འདྲའི་འུ་ཐུག་པ་ཞིག་ག་ལ་ཡོད། འོན་ཀྱང་ཁོང་གི་ནང་སེམས་སུ་ལྟོ་གོས་གཏམ་གསུམ་སྤངས་པའི་ཞི་འཇགས་ཤིག་བསྒོམས་པའི་རྐྱེན་གྱིས་ཁོར་ཡུག་ལ་རྙོག་དྲ་ཆེ་ཡང་ནང་སེམས་ཀྱི་ཞི་འཇགས་ཁྲོད་ནས་སྤྲོ་སྣང་དེ་འཚོལ་ཐུབ་པ་བྱུང་། མི་ཞིག་གི་ཕྲག་ཏུ་བབས་པའི་འགན་འཁྲི་ལྕི་ཞིང་དབང་ཐོབ་ཆེས་ཆེར་རྒྱས་པའི་དུས་སུ་སྔར་ལས་ལྷག་པའི་སྒོ་ནས་ནང་སེམས་ཀྱི་བློ་སྦྱོང་ཡག་པོ་བྱས་ན་ནང་སེམས་ཀྱི་སྤྲོ་སྣང་དེ་རྒྱུན་འཁྱོངས་བྱེད་ཐུབ་པ་ཡིན།
འགྲོ་བ་མི་སུ་ཞིག་ཡིན་རུང་བདེ་བ་འདོད་པ་ལས་སྡུག་བསྔལ་མི་འདོད་པ་ནི་ཆོས་ཉིད་དུ་གྲུབ་ཀྱང་། ལེ་བདའ་དང་ཕྲག་དོག ང་རྒྱལ་སོགས་ཀྱི་སེམས་བྱུང་གི་དབང་གིས་དེ་དག་སྤྲོ་སྣང་གི་དགྲ་རུ་ལངས་སྲིད། མི་ལ་ཤས་ཤིག་གིས་དངོས་པོའི་དཔལ་ཡོན་ལ་འཚོལ་སྙེག་དང་ལོངས་སྤྱོད་ལ་བརྟེན་ནས་དངུལ་ལོས་སྤྲོ་སྣང་ཉོ་ཐུབ་པར་བསམ་ཡོད་ཀྱང་། དོན་དུ་དངུལ་ལོས་ཁུགས་པའི་སྤྲོ་སྣང་ལ་ཚད་བཀག་ཡོད་ཅིང་ཁྱད་པར་དུ་རང་ལ་དབང་བའི་དངུལ་ལོ་གྲངས་ངེས་ཅན་ཞིག་ཏུ་སླེབས་རྗེས་དེ་ནི་གྲངས་ཀ་ཞིག་ལས་ཅི་ཡང་མིན། དཔེར་བཞག་ན་ནད་ཀྱིས་གཙེས་པའི་མི་ཞིག་ལ་མཚོན་ན་སྒོར་མོ་ཅི་འདྲ་མང་རུང་རང་གིས་ཅི་སྒྲུབ་འདོད་པ་གང་ཞིག་དེ་བཞིན་དུ་སྒྲུབ་པར་ནུས་པའི་མི་ཞིག་གི་སྤྲོ་སྣང་དེ་ག་ལ་ཡོད་ཨང་།
སྤྱིར་ན་རང་གི་བསམ་པར་ང་ནི་སྤྲོ་སྣང་གིས་ཁེངས་པའི་མི་ཞིག་རེད་འདོད་ཅིང་། རང་ལ་སྤྲོ་སྣང་ལྡན་པའི་རང་གཤིས་ཤིག་ཡོད་དགོས་ན། གཙོ་བོ་གཤམ་གྱི་ཕྱོགས་བཞི་བོ་ལེགས་པར་བསྒྲུབ་དགོས།
གཅིག རྒྱུན་ཆད་མེད་པར་སློབ་གསོ་མྱངས་ཏེ་དུས་བསྟུན་ལྷན་སྐྱོད་བྱེད་པ། སློབ་སྦྱོང་ལ་འབད་ནས་ཤེས་བྱ་གསར་པ་སློབ་པ་དང་འཛམ་གླིང་གི་འཕེལ་འགྱུར་ལ་རྒྱུས་ལོན་བྱེད་པ་ནི་ཧ་ཅང་བདེ་སྐྱིད་ལྡན་པའི་དོན་དག་ཅིག་རེད། དེ་བས་ངས་རྒྱུན་དུ་རིག་པ་ནངས་པར་འཆི་ཡང་བསླབ་ཅེས་པ་བཞིན་སློབ་སྦྱོང་ནི་ཚེ་གང་གི་དོན་དུ་བསམས་ཡོད།
གཉིས། ཕུགས་བསམ་ཡོད་པ་དང་ཕུགས་བསམ་མངོན་དུ་འགྱུར་བར་འབད་བརྩོན་བྱེད་པ། མི་ལ་ཕུགས་བསམ་མེད་ཚེ་མིག་སྔར་གྱི་འཚོ་བ་ལ་སུན་སྣང་སྐྱེས་ཤིང་སྤྲོ་སྣང་ཡང་རང་བཞིན་གྱིས་ཉམས་འགྲོ་བ་རེད། ཕུགས་བསམ་ཡོད་ཀྱང་མངོན་དུ་འགྱུར་བ་ལ་འབད་བརྩོན་མ་བྱས་ཚེ་རེ་ཐག་ཆད་ནས་སྡུག་བསྔལ་བསྐྱེད་སྲིད་པས། ཕུགས་བསམ་ལྡན་པ་དང་དེ་ལ་འབད་བརྩོན་བྱེད་རྒྱུ་ནི་གཅིག་ལ་གཅིག་རྟེན་དུ་གྲུབ་ཕྱིར་དེ་ནི་སྤྲོ་སྣང་འཕེལ་བའི་གཞི་མ་ཡིན།
གསུམ། མི་གཞན་དང་མཉམ་འབྲེལ་བྱས་ནས་གང་ནུས་ཀྱིས་ཕན་ཚུན་ལ་བརྩི་བཀུར་དང་བཟོད་སྒོམ་བྱེད་པ། ངས་རང་ཉིད་ལ་མཐུན་པོ་ལས་རྩོད་འཛིང་བྱ་མི་རུང་བའི་བླང་བྱ་བཏོན་ཡོད་ལ་རྩོད་འཛིང་ཅི་ཡང་མེད་པ་ནི་དཔེ་མི་སྲིད་ཀྱང་ཇེ་ཉུང་དུ་གཏོང་ནུས་པ་ཡིན། ཚོགས་སྤྱི་གང་རུང་ཞིག་གི་ཁྲོད་དུ་རང་ཉིད་མཆོག་དང་གཞན་ནི་དམན་པར་འཛིན་པའི་ལྟ་ཚུལ་མེད་ན་མི་དང་འདྲིས་སླ་ཞིང་འགལ་འདུ་ཇེ་ཉུང་དུ་ཕྱིན་ནས་སྤྲོ་སྣང་ཡང་རང་བཞིན་གྱིས་ལྡན་པར་འགྱུར་བ་ཡིན།
བཞི། མི་ཚེར་སྙིང་པོ་མེད་པ་རྟོགས་པ། ཁྱོད་ད་རུང་ལོ་ན་གཞོན་པས་གནད་འདི་ཤེས་མི་ཐུབ་ལ་མ་ཤེས་ཀྱང་ཆོག་སྟེ། མི་སུ་ཡིན་ཡང་ནམ་ཞིག་གི་ཚེ་དོན་དག་མང་པོ་ཞིག་ལ་སྙིང་པོ་མེད་པ་ཤེས་སྲིད་པས་ནར་སོན་པ་དང་བསྟུན་ནས་ཁྱོད་ཀྱིས་ཀྱང་གནད་འདི་ཤེས་ངེས་ཡིན།
ད་ནི་ཁྱོད་ཀྱང་མི་འགྱང་བར་རང་ཁྱིམ་དང་བྲལ་ནས་སློབ་གྲྭ་འགྲིམ་དགོས་པ་དང་ཁྱོད་ཀྱིས་ང་ཚོར་ཁྱོད་ལ་རེ་གཞག་གང་འདྲ་ཡོད་མེད་དྲིས་པར། ང་ཚོའི་རེ་བ་ཆེས་མཐོན་པོ་དེ་ནི་སློབ་གྲྭའི་ནང་དུ་ཁྱོད་ལ་སྤྲོ་སྣང་ལྡན་རྒྱུ་དེ་ཡིན། ཁྱོད་ཀྱི་སྤྲོ་སྣང་ནི་ང་ཚོར་མཚོན་ན་སྐར་འབྲས་ལེགས་པོ་ཞིག་ལེན་པ་ལས་ཀྱང་གལ་ཆེ་བས། ནམ་ཡིན་ཡང་དོན་དག་ཆེ་མ་ཆུང་གསུམ་གང་ལ་འཕྲད་ཀྱང་སྤྲོ་སེམས་རྒྱུན་འཁྱོངས་བྱས་ནས་སྤྲོ་སྣང་ལྡན་པའི་མི་ཞིག་བྱ་རྒྱུ་ནི་ང་ཚོས་ཁྱོད་ལ་བཅངས་པའི་རེ་གཞག་དེ་ཡིན། །
ཁྱོད་ཀྱི་ཨ་ཕས2015ལོའི་ཟླ་དགུ་པར།