སྐུ་ནུབ་འཇིགས་མེད་རྡོ་རྗེ།
མི་རིགས་གཙོ་བོར་གྱུར་པའི་སྐྱེ་འགྲོ་མཐའ་དག་གི་ཚེ་སྲོག་ཇི་ལྟར་གྲུབ་པ་རེད་ཅེས་བརྗོད་ན། དེ་ལ་བོད་ཀྱི་གསོ་བ་རིག་པ་དང་ནང་བསྟན་རིག་གཞུང་སོགས་བོད་རིག་པའི་ཐུན་མིན་ལྟ་གྲུབ་གཞིར་བཞག་གིས་གསལ་བཤད་བྱ་རྒྱུ་ཡིན། དེ་ཡང་མིའི་རིགས་གཙོ་བོར་གྱུར་པའི་ཚེ་སྲོག་གི་གྲུབ་སྟངས་དང་། ཚེ་སྲོག་གང་དེར་རྣམ་ཤེས་འབྱུང་འཇུག་སྐོར་ལ་ཐུན་མིན་ངོས་འཛིན་གཏིང་ཟབ་ཡོད་ལ། འོ་ན་བོད་རིག་པས་སྲིད་རྩེ་ནས་མནར་མེད་བར་གྱི་འགྲོ་བ་ཀུན་གྱི་ཚེ་སྲོག་གི་སྐྱེ་འཇིག་སྐོར་ལ་ངོས་འཛིན་ཇི་འདྲ་བྱས་ཡོད་ཅེ་ན། རྣམ་པར་ཤེས་པ་ཞེས་སེམས་ཀྱི་རྒྱུན་ཐོག་མ་མེད་པ་ནས་བར་མ་ཆད་པར་གནས་པ་ཞིག་ཤ་ཁྲག་གི་ལུས་ལས་ཐ་དད་དུ་ཡོད་ཅིང་། བསགས་པ་སྔོན་སོང་གི་ལས་ཀྱི་དབང་གིས་སེམས་ཅན་གྱི་ལུས་སྣ་ཚོགས་པ་བླངས་ཏེ། སངས་མ་རྒྱས་ས་མ་ཐོབ་ཀྱི་བར་དུ་འཁོར་བར་འཁྱམས་ནས་འགྲོ། འཁོར་བར་འཁྱམས་ཚེ་སྐྱེ་བ་གཞན་ནས་གཞན་དུ་ཚེ་ཡི་འཕེན་པས་བར་ཆོད་ནས་འགྲོ་ཞིང་། འགྲོ་བ་རིགས་དྲུག་ཏུ་ལས་ཀྱི་དབང་གིས་སྐྱེ་བར་འགྱུར་བར་བཤད། དེར་སྐྱེ་བ་ལ་ཡང་སྐྱེ་གནས་རྣམ་པ་བཞི་ཡོད་ལ། ང་ཚོའི་སྤྱོད་ཡུལ་གྱི་མིའི་འགྲོ་བ་ཕལ་མོ་ཆེ་མངལ་ལས་སྐྱེས་པ་ཤ་སྟག་ཡིན་པས། འདིར་མངལ་སྐྱེས་ཀྱི་སྐོར་ལ་ངོ་སྤྲོད་མདོ་ཙམ་བྱས་པས་འཐུས་པར་བྱས་ཡོད་དོ། །
1.ལུས་ཆགས་པའི་རྒྱུ།
མིའི་ལུས་ཆགས་པའི་རྒྱུ་གཙོ་བོ་ནི་བར་སྲིད་ཀྱི་སེམས་ཅན་ཏེ་སེམས་ཅན་གང་ཞིག་ལུས་སྔ་མ་གང་རུང་ཞིག་ལས་འཆི་འཕོས་ཤིང་ལུས་གཞན་ད་དུང་མ་བླངས་པའི་བར་སྲིད་དུ་གནས་པའི་སེམས་ཅན་གྱི་རྣམ་པར་ཤེས་པ་སྟེ་ལས་ཀྱི་དབང་གིས་ཡིད་ལུས་ཕྲ་མོ་རུ་གྲུབ་ཡོད་པ་དེ་དང་། ཕ་མ་གང་དེའི་བུ་ཕྲུག་ཏུ་སྐྱེ་བའི་ལས་དང་མིར་སྐྱེ་བའི་ལས་བསགས་ཡོད་པ་དང་།
འདུ་འཕྲོད་དུ་ཞུགས་ཡོད་པའི་ཕ་མའི་ཁུ་ཁྲག་དེར་གསོ་རིག་གཞུང་ནས་བཤད་པའི་སྐྱོན་རྣམས་མེད་པ་ནི་ཉེར་ལེན་གྱི་རྒྱུ་དངོས་ཡིན་ལ། ཁུ་ཁྲག་དེར་འདུས་པའི་འབྱུང་ལྔའི་ཆ་ཕྲ་བ་ཡན་ཆོད་ཚང་ཡོད་མིན་ནི་དེའི་རྐྱེན་ནམ་དེའི་ཆ་ཤས་ཙམ་ཡིན་པར་འདོད་ལ། དེང་རབས་ཕྱི་དངོས་པོའི་རྟོག་ཞིབ་བྱ་མཁན་རེ་ཟུང་གི་འདོད་པ་ལྟར་གདོས་བཅས་ཤ་ཁྲག་གིས་གྲུབ་པའི་ལུས་འདི་རྣམ་ཤེས་དང་སེམས་ཁམས་ཀྱི་རྨང་གཞི་ཡིན་པར་མི་འདོད་ལ། རྣམ་ཤེས་ནི་ཀླད་པ་དང་། དོན་སྙིང་སོགས་ལུས་ཀྱི་ཆ་ཤས་ཕྱོགས་རེ་བ་ཙམ་ལ་ངོས་འཛིན་པ་ཡང་མ་ཡིན་ནོ། །
དེ་ཡང་མངལ་འཇུག་གི་མདོ་ལས། གནས་གསུམ་མངོན་དུ་གྱུར་པ་ལས་མའི་མངལ་དུ་བུ་འཆགས་པར་འགྱུར་ཏེ། གསུམ་གང་ཞེ་ན། མ་རུང་ཞིང་ཟླ་མཚན་དང་ལྡན་པ་དང་། ཕ་མ་ཆགས་པར་གྱུར་ཅིང་ཕྲད་པ་དང་། དྲི་ཟ་ཡང་ཉེ་བར་གནས་པར་གྱུར་ནའོ་ཞེས་དྲི་ཟ་གསུངས་ཤིང་དྲི་ཟ་ནི་སྲིད་པ་བར་མ་པའི་སེམས་ཅན་ཡིན་པའི་ཕྱིར་ཏེ་སོགས་ལུང་རིག་གིས་མང་དུ་བསྒྲུབས་ཤིང་། དྲི་ཟ་ནི་གོང་དུ་བཤད་པ་བཞིན་ལུས་སྔ་མ་བོར་ཤིང་། ཕྱི་མ་མ་རྙེད་པའི་བར་དོའི་སེམས་ཅན་ལ་ངོས་འཛིན་ཅིང་། བར་དོའི་སེམས་ཅན་དེའི་རྣམ་པར་ཤེས་པ་ནི་འཁོར་བ་ཐོག་མ་མེད་པ་ནས་འཁྱམས་ཏེ་ད་ལྟ་ཡང་སྐྱེ་སྲིད་གདོས་བཅས་ཀྱི་ལུས་སུ་གྲུབ་པར་ཕྱོགས་པ་དེ་ལ་གོ་དགོས་སོ། །
དེ་བཞིན་དུ་འདུལ་བ་ལུང་ཕྲན་ཚེགས་ལས། དགའ་བོ་ཕ་མ་ཆགས་པར་གྱུར་ཅིང་ཕྲད་པ་དང་། མ་ཡང་རུང་བར་གྱུར་ཅིང་ཟླ་མཚན་དང་ལྡན་པ་དང་། དྲི་ཟ་ཡང་ཉེ་བར་གནས་པར་གྱུར་ཅིང་འཇུག་པར་འདོད་ན་སྟེ། དགའ་བོ་དྲི་ཟ་ཞེས་པ་དེ་ནི་སྲིད་པ་བར་མ་པའི་སེམས་ཅན་གྱི་ཚིག་བླ་དྭགས་ཡིན་ནོ་ཞེས་གསུངས་པའི་ཕྱིར་ཏེ། བོད་རིག་པས་མིའི་ལུས་ཆགས་ཚུལ་གྱི་དངོས་རྒྱུ་ཐུན་མིན་གྱི་ངོས་འཛིན་གསལ་པོ་བྱས་ཡོད་པ་ནི་སེམས་ཀྱི་རྒྱུན་ཐོག་མ་མེད་པ་ནས་བར་མ་ཆད་པར་གནས་པ་དེ། ལས་ཀྱི་དབང་གིས་འཁོར་བར་འཁྱམས་ནས་ཡུལ་དང་གནས་རིས་མ་ངེས་པར་སྐྱེ་འཆི་སྣ་ཚོགས་པ་བརྒྱུད་པའི་རྣམ་པར་ཤེས་པའམ་བར་སྲིད་ཀྱི་སེམས་ཅན་ལ་བྱ་ཞིང་། འཆི་སྲིད་བརྒལ་ནས་སྐྱེ་སྲིད་མ་ཐོབ་པའི་བར་གྱི་རྣམ་པར་ཤེས་པ་སྟེ་སེམས་ཀྱི་རྒྱུན་ཐོག་མ་མེད་པ་དེ་གདོས་བཅས་ཀྱི་ལུས་གྲུབ་པའི་རྒྱུའི་གཙོ་བོར་འདོད་ལ། དེ་ཉིད་མངལ་དུ་ཞུགས་ཏེ་ལུས་ཆགས་པའི་ཚུལ་ནི་འགའ་ཞིག་དགའ་སྤྲོས་ངང་འཇུག་པ་དང་། འགའ་ཞིག་ནི་འཇིགས་པས་སྐྱབས་འཚོལ་དུ་ཡོང་ནས་ལུས་འཚོལ་བ་ཡིན་ནོ། །
རྒྱ་གར་གྱི་ནང་བསྟན་མཚན་ཉིད་རིག་པའི་སློབ་དཔོན་ཆེན་མོ་དབྱིག་གཉེན་གྱིས། བློ་ནི་ཕྱིན་ཅི་ལོག་གྱུར་པས། །རྩེ་དགས་འགྲོ་བའི་ཡུལ་དུ་འགྲོ། ། ཞེས་ལས་ཀྱི་དབང་གིས་ཕ་མར་ཆགས་སྡང་འབྱུང་བ་སོགས་ཀྱིས་འཁྲིག་པར་ཞུགས་པའི་གང་ཟག་གི་མངལ་དུ་ཞུགས་ཏེ་བར་སྲིད་ཀྱི་ལུས་འགགས་ནས་རྣམ་སྨིན་གདོས་བཅས་ཀྱི་ལུས་འབྱུང་བར་གསུངས་སོ། །
གཞན་ཡང་གསོ་རིག་རྒྱུད་ལས་བཤད་རྒྱུད་ཀྱི་ལུས་ཆགས་པའི་རྒྱུའི་ཡན་ལག་བསྟན་པ་ལས། དང་པོ་ཕ་མའི་ཁུ་ཁྲག་སྐྱོན་མེད་པ། །རྣམ་ཤེས་ལས་དང་ཉོན་མོངས་ཀྱིས་བསྐུལ་ནས། །འབྱུང་ལྔ་ཚོགས་པ་མངལ་དུ་ཆགས་པའི་རྒྱུ། །དཔེར་ན་རྩུབ་ཤིང་དག་ལས་མེ་འབྱུང་མཚུངས། །ཞེས་གསུངས་པས་ཁུ་ཁྲག་སྐྱོན་མེད་དང་། རྣམ་པར་ཤེས་པ་དང་། ཕ་མ་དེར་སྐྱེ་བ་དང་མིར་སྐྱེ་བའི་ལས་བསགས་ཡོད་པ་ནི་ཉེར་ལེན་གྱི་ རྒྱུ་དངོས་ཡིན་པར་བསྟན་ནོ། །
དེ་ལྟར་རྒྱུ་ཚོགས་པས་སེམས་ཅན་གྱི་ལུས་སུ་ཇི་ལྟར་གྲུབ་པ་ཡིན་ཞེ་ན། དགའ་བོ་མངལ་འཇུག་གི་མདོ་ལས། དགའ་བོ་འདི་ལྟ་སྟེ་དཔེར་ན་མེ་འདོད་པའི་སྐྱེས་བུས་མེ་ཤེལ་ཕྱུང་ནས་ཉི་མ་ལ་བཞག་སྟེ་བ་ལང་གི་ལྕི་བ་སྐམ་པོའི་སྟེང་དུ་བཞག་ན་གདོད་མེ་འབྱུང་བ་བཞིན་དུ་ཕ་མའི་ཁུ་ཁྲག་རྒྱུ་རྐྱེན་འདུས་པ་ལ་བརྟེན་པའི་ཕྱིར་གདོད་མ་ལ་མངོན་པར་གྲུབ་བོ། ། ཞེས་གསུངས་པ་ལྟར་རོ། །
2.རྒྱུའི་ཆ་ཤས་དག་བཤད་པ།
① ལུས་ཆགས་པའི་ཉེར་ལེན་གྱི་རྒྱུར་གྱུར་པའི་ཁུ་ཁྲག་ལ་རླུང་མཁྲིས་བད་ཀན་སོགས་ཉེས་པའི་སྐྱོན་ཕྱོགས་རེ་ཙམ་ཡོད་པས་ཆ་ཤས་གཞན་རྫོགས་ཀྱང་ལུས་མཚན་ཉིད་པའི་རྒྱུར་འགྱུར་མི་ཐུབ་ལ། སྐྱེས་པའི་ཁུ་བ་མདོག་དཀར་ལ་ངོ་བོ་ལྕི་བ་རོ་མངར་བ། བུངས་མང་དུ་འབྱུང་བ་དང་བཅས་པ་དང་། བུད་མེད་ཀྱི་ཁམས་དམར་མདོག་ཚོས་ཁུ་ལྟར་སྨུག་པ་དང་། ཡང་ན་རི་བོང་གི་ཁྲག་དང་འདྲ་བར་དམར་ལ་ངོ་བོ་དྭངས་པ་གོས་ལ་འགོས་པ་ཆུ་གྲང་གིས་བཀྲུ་བར་ནུས་པ་བཅས་ནི་རྐྱེན་གཞན་ཚང་ན་ལུས་སུ་རུང་བའི་དངོས་རྒྱུ་ཡིན་ལ། མངལ་གནས་ཀྱི་ལུས་ཀྱི་མདོག་དབྱིབས་ཀྱི་བྱེ་བྲག་དག་ཀྱང་ཁུ་ཁྲག་གིས་གཙོ་ཆེར་སྐྱེད་པར་བྱེད་དོ། །
② ཉེར་ལེན་གྱི་རྒྱུར་གྱུར་པའི་ཁུ་ཁྲག་སྐྱོན་མེད་ཀྱི་སྟེང་དུ་ལས་འཛོམས་དགོས་ཏེ། གསོ་རིག་རྒྱུད་ལས། ལས་མ་འཛོམས་ན་རྣམ་ཤེས་མི་འཇུག་སྟེ། །ཞེས་འདིར་ལས་ཞེས་པ་ནི་སྤྱིར་མི་རུ་སྐྱེ་འགྱུར་གྱི་ལས་བསགས་ཡོད་པ་དང་། བྱེ་བྲག་འདུ་འཕྲོད་དུ་ཞུགས་པའི་ཕ་མ་གཉིས་ཀྱི་བུར་སྐྱེ་འགྱུར་གྱི་ལས་བསགས་ཡོད་པ་ནི་ལས་འཛོམས་པ་ཡིན་ནོ། ། ལས་མ་འཛོམས་པ་དེར་བར་སྲིད་ཀྱི་སེམས་ཅན་གནས་མི་ཐུབ་ཅིང་། ལས་ཞེས་པ་དེ་ཡང་རྒྱུ་འབྲས་དང་རྟེན་འབྲེལ་གྱི་རང་བཞིན་ཏེ་སྐྱེ་བ་སྔོན་མ་དགེ་སྡིག་གི་ལས་ཅི་བསགས་ན་སྐྱེ་བ་ཕྱི་མ་ཕྱི་མ་རྣམས་སུ་རྣམ་པར་སྨིན་ནས་ཡོང་བར་བཤད་པ་དེའོ། །
③ རིང་རྒྱུའམ་དངོས་རྒྱུར་གྱུར་པའི་བར་སྲིད་ཀྱི་སེམས་ཅན་མ་ཞུགས་ན་ལུས་སུ་འགྲུབ་མི་རུང་ཞིང་། དེ་ཞུགས་པ་ལ་ལས་འཛོམས་དགོས་པར་གོང་དུ་བསྟན་ཟིན་ཏོ། །
གཞན་ཁུ་ཁྲག་གི་ཆ་ཤས་ལ་ས་ཆུ་མེ་རླུང་ནམ་མཁའ་བཅས་ཀྱི་ཕྲ་བའི་འབྱུང་བ་ཡང་ཚང་དགོས་ཏེ། གསོ་རིག་རྒྱུད་ལས། ས་མེད་མི་འགྲུབ་ཆུ་མེད་སྡུད་མི་ནུས། ། ཞེས་སོགས་འབྱུང་བ་རེ་རེ་མ་ཚང་ན་ཡང་ལུས་ཆགས་མི་ཐུབ་པར་བཤད་དོ། །
དེ་ལྟར་སེམས་ཅན་གྱི་ལུས་སུ་འགྲུབ་པའི་རྒྱུ་ནི་སྣ་ཚོགས་པ་ཡོད་པས། གང་དུ་རྒྱུ་ཚོགས་པ་དེར་བར་དོའི་སེམས་ཅན་ཞུགས་པར་འགྱུར་བའི་རྒྱུ་མཚན་ཡང་། བར་སྲིད་ཀྱི་སེམས་ཅན་ལུས་འཚོལ་བ་དག་གིས་གང་སར་ཁྱབ་ཡོད་པར་བཤད་དེ། འགྲོ་བའི་གྲངས་ལ་མཐའ་མེད་པའི་ཕྱིར་རོ། །རྒྱུ་རྐྱེན་དེ་དག་ཚོགས་པས་ལུས་ཆགས་ཤིང་རིམ་གྱིས་མེར་མེར་པོ་དང་། ནུར་ནུར་པོ། ལྟར་ལྟར་པོ་སོགས་སུ་གྱུར་ནས་དུས་ལ་བབས་ཚེ་མངལ་ལས་ཐོན་ཏེ་སྐྱེ་བ་ཡིན་ཞིང་རིམ་པས་ཆེར་འཕེལ་བར་འགྱུར་བ་ཡིན་ནོ། །
3.རྒྱུའི་ཆ་ཤས་རྣམ་པར་ཤེས་པ་ལོགས་སུ་བཤད་པ།
རྣམ་པ་ཤེས་པ་ནི་གོང་དུ་བཤད་པ་ལྟར་ཀུན་གཞིའམ་སེམས་ཀྱི་རྒྱུན་ཐོག་མ་མེད་པ་ནས་བར་མ་ཆད་པའི་རྒྱུན་ལ་བྱ་ཞིང་། སེམས་ཅན་དག་ཚེའི་དུས་རྫོགས་ཀྱང་རྣམ་པར་ཤེས་པ་ལ་འགག་ཏུ་མེད་ཅིང་། གདོས་བཅས་ཤ་ཁྲག་གི་ལུས་ལས་གྱེས་ཏེ་ཡིད་ལུས་ཕྲ་མོ་ཞིག་བག་ཆགས་ཀྱི་དབང་གིས་གྲུབ་པ་ཡིན་ནོ། །
རྒྱུད་ལས། སྔོན་འབྱུང་སྲིད་པའི་ཤ་གཟུགས་ཅན། ། དབང་པོ་ཀུན་ཚང་ཐོགས་མེད་རྒྱུ། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །རིག་མཐུན་ལྷ་མིག་དག་པས་མཐོང་། ཞེས་གསུངས་པས་སྔར་གསོན་པའི་ལུས་དང་ཕྱིས་འབྱུང་སྐྱེ་འགྱུར་ཀྱི་ལུས་དང་ཆ་འདྲ་བའི་ཡིད་ལུས་ཕྲ་མོ་ཞིག་གྲུབ་ལ། སྔར་གྱི་དུས་སུ་མིག་ལོང་བ་དང་། འོན་པ་སོགས་པ་གང་ཡིན་ཡང་། བར་དོའི་སེམས་ཅན་གྱི་མིག་གིས་གཟུགས་གསལ། རྣ་བས་སྒྲ་ཐོས་པ་ཞིག་ཏུ་འགྱུར་ཞིང་། མའི་མངལ་འགའ་ཞིག་མ་ཐེ་བའི་རི་བྲག་སོགས་དངོས་པོ་གང་ལ་ཡང་ཐོགས་མེད་དུ་རྒྱུ་ནུས་པར་ཡང་། མདོ་དྲན་པ་ཉེར་བཞག་ལས། འབྱུང་བ་ཕྲ་མོ་དེ་ལྟར་མེད་ཅིང་ཐོགས་པ་མེད་པས་གང་རི་རབ་ཕུག་ནས་འགྲོ་བའང་བདག་ཉིད་དང་རི་རབ་ལའང་གནོད་པ་མེད་ན་རི་གཞན་དག་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་འབྱུང་བ་ལྟར་ལས་ཀྱི་དབང་གིས་དངོས་པོ་གང་ལ་ཡང་ཐོགས་རེག་མེད་པར་རྒྱུ་ནུས་པའི་ཡིད་ཀྱི་ལུས་ཏེ་སེམས་ཀྱི་རྒྱུན་ད་ལྟའི་རང་ཅག་གི་རྣམ་རྟོག་དང་ཆ་འདྲ་བ་ཞིག་གྲུབ་ཅིང་། ཡིད་ལུས་དེར་ཏིང་ངེ་འཛིན་དང་སྒོམ་བྱུང་སོགས་མ་ཡིན་པར་ཟག་བཅས་ཀྱི་མངོན་ཤེས་དང་ལྡན་ལ། ཆོས་ཉིད་བར་དོའི་གསལ་འདེབས་ཐོས་གྲོལ་ཆེན་མོ་ལས། ཁྱོད་ལ་བག་ཆགས་ཡིད་ཀྱི་ལུས་ཞེས་བྱ་བ་ཞིག་ཡོད་ཀྱི༔ གདོས་བཅས་ཤ་ཁྲག་གི་ལུས་ནི་མེད་པས་སྒྲ་འོད་ཟེར་གསུམ་གང་བྱུང་ཡང༔ ཁྱོད་ལ་གནོད་པ་མི་འོང་སྟེ༔ ཁྱོད་ལ་འཆི་རྒྱུ་མེད་དོ༔ ཞེས་གསུངས་པ་དང་། མཛོད་འགྲེལ་མངོན་པའི་རྒྱན་ལས། སྲིད་པ་བར་མ་དེ་ནི་སྔོན་དུས་ཀྱི་སྲིད་པ་འབྱུང་བར་འགྱུར་བའི་ཤ་ཚུགས་དང་ཆ་བྱད་ཅན་ཡིན་ཏེ། འབྱུང་བར་འགྱུར་བའི་སྔོན་དུས་ཀྱི་སྲིད་པ་དང་བར་སྲིད་གཉིས་འཕེན་པའི་ལས་གཅིག་ལས་སྐྱེས་པའི་ཕྱིར་རོ། ། ཞེས་དང་། མཛོད་ལས། ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །དབང་པོ་ཀུན་ཚང་ ཐོགས་མེད་ལྡན། ། མི་ཟློག་དེ་ནི་དྲི་ཟའོ། ། ཞེས་གསུངས་ཤིང་། སེམས་ཅན་དག་ཚེ་འཕོས་ནས་རྣམ་པར་ཤེས་པ་ལུས་དང་གྱེས་ཏེ་འཆི་བའི་སྲིད་པ་བརྒལ་སྐབས། བར་སྲིད་ཀྱི་ལུས་དེ་ཉིད་གོང་དུ་བཤད་པའི་རྫུ་འཕྲུལ་ནུས་ཤུགས་དང་ལྡན་པས་ལས་ཀྱི་དབང་གིས་སྐྱེ་སྲིད་འཚོལ་བ་ལ་མངོན་དུ་ཕྱོགས་ཏེ། ཆགས་པར་ཞུགས་བཞིན་པའི་མའི་མངལ་བར་དོའི་སེམས་ཅན་ལ་གནས་ཁང་དང་། སྐྱེད་མོས་ཚལ། སྤྱིལ་བུ་སོགས་སུ་སྣང་སྟེ། དེར་སྤྲོ་དགས་འཇུག་པ་དང་། གཞན་ཁ་ཆར་དྲག་པོས་དེད་པ་སོགས་ཀྱིས་འཇུག་པར་སྣང་བས་མངལ་དུ་ཆགས་ཤིང་། འཁྲིག་པ་ལ་རོལ་བའི་ཕ་མ་ལ་རང་ཉིད་ཕོར་སྐྱེས་པ་དང་མོར་སྐྱེ་བའི་བག་ཆགས་ཀྱིས་ཆགས་སྡང་གི་འདུ་ཤེས་འབྱུང་ཞིང་། རྣམ་པར་ཤེས་པ་དེ་འཁོར་ཞིང་གནས་པ་ཡིན་ལ་ཕོ་མོ་གཉིས་འཁྲིག་པ་སྤྱོད་པ་མཐོང་ངོ་། །དེའི་དུས་སུ་ཆགས་སྡང་གི་དབང་གིས་མངལ་དུ་ཞུགས་ནས་གལ་ཏེ་རང་ཉིད་ཕོར་སྐྱེས་ན། ཕ་ལ་ཞེ་སྡང་དྲག་པོ་སྐྱེ་ཞིང་། མ་ལ་མིག་སེར་དང་ཆགས་པ་སྐྱེའོ། ། མོར་སྐྱེས་ན་མ་ལ་ཞེ་སྡང་དྲག་པོ་དང་། ཕ་ལ་མིག་སེར་དང་ཆགས་པ་སྐྱེའོ། ། རྣམ་པར་ཤེས་པ་དེ་ཉིད་ཐིག་ལེ་དཀར་དམར་འཕྲད་པའི་དབུས་སུ་ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང་བས་བདེ་བའི་ངང་ཤེས་པ་བརྒྱལ་ལོག་གིས་འགྲོ་བ་སྟེ། རིམ་གྱིས་མེར་མེར་དང་ནུར་ནུར་པོ་ལ་སོགས་པས་ལུས་སྨིན་ནས་མངལ་སྒོ་ནས་ཐོན་ནོ། ། ཞེས་བར་དོ་ཐོས་གྲོལ་སོགས་ལས་གསུངས་ཤིང་། བར་དོའི་སེམས་ཅན་དེའི་རྣམ་པར་ཤེས་པ་དེ་ཉིད་རྒྱུ་གཞན་ཚང་ན་ཕ་མའི་ཁུ་ཁྲག་གཉིས་འདྲེས་པའི་ཁྲོད་དུ་དྲན་མེད་དུ་བརྒྱལ་འགྲོ་ཞིང་། དེ་ཕན་ཆོད་ནས་བཟུང་ཡིད་ལུས་དེ་ཡང་བསྐྱར་གདོས་བཅས་ཤ་ཁྲག་གི་ལུས་སུ་གྲུབ་པ་ཡིན་པས། རིམ་པར་དུས་ལ་སླེབས་སྐབས་མངལ་ལས་བཙས་ཏེ་ཆེར་འཕེལ་བ་ཡིན་ནོ། །