ས་མཐོའི་གང་སར་རྣམ་པ་གསར་པ་བཀྲ།

རིག་འཛིན་རང་གྲོལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-21


ས་མཐོའི་གང་སར་རྣམ་པ་གསར་པ་བཀྲ།

——སི་ཁྲོན་བོད་ཁུལ་དབུལ་གྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་ཆོད་པའི་དུས་རིམ་དུ་བྲིས་པ།


འདབ་པ་རྫོང་གི་གྲོང་དམངས་ཚོས་ཁྱིམ་གཞིས་གསར་སྐྲུན་བྱེད་བཞིན་པ།

ལག་རྩལ་སྣ་གཅིག་ཤེས་ན། འཚོ་བ་ཇེ་བཟང་ནས་ཇེ་བཟང་རེད།

        2019ལོར་སི་ཁྲོན་གྱི་དབུལ་གྲོལ་འགག་སྒྲོལ་གྱི་ལོ་གཅིག་གི་དམིགས་འབེན་ནི་སྤུས་ཚད་མཐོ་བའི་སྒོས་དབུལ་ཕོངས་མི་འབོར་ཁྲི་50དབུལ་གྲོལ་བྱ་རྒྱུ་དང་། དབུལ་ཕོངས་སྡེ་པ་1482དབུལ་ཕོངས་ལས་ཐར་རྒྱུ། དབུལ་ཕོངས་རྫོང་31གི་ཞྭ་མོ་ཕུད་ཐུབ་པ་བྱ་རྒྱུ་དེ་ཡིན། དེ་དང་དུས་མཚུངས་སུ་བོད་ཁུལ་གྱི་དབུལ་ཕོངས་རྫོང་ཡོད་ཚད་ཀྱིས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ཐུབ་པ་ཁག་ཐེག་བྱས་ཏེ། དབུལ་གྲོལ་འགག་སྒྲོལ་གྱི་འགག་རྩའི་ལོ་དེར་རྦད་ཐག་ཆོད་པའི་རྒྱལ་ཁ་ལེན་རྒྱུ་དེ་ཡིན།




བྲག་འགོ་རྫོང་མི་རིགས་ལག་ཤེས་བཟོ་ལས་ལག་རྩལ་གསོ་སྦྱོང་ལྟེ་གནས་ཀྱིས་རིན་མེད་སྒོས་དབུལ་ཕོངས་བྱིས་པར་འཚེམ་བཟོ་སློབ་སྦྱོང་བྱེད་པའི་མཐུན་རྐྱེན་བསྐྲུན།


        2019ལོའི་ཟླ་12པར་སླེབས། སི་ཁྲོན་གྱི་ལས་ཞུགས་དབུལ་སྐྱོར་ཐད་ནས་དགའ་འོས་པའི་འབྲས་བུ་ཐོབ། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་དབུལ་པོ་ཁྲི་112.7ལས་ཞུགས་གཞན་སྒྱུར་མངོན་འགྱུར་བྱུང་སྟེ། ལོ་གཅིག་སྔ་སྣུར་དུ་《སི་ཁྲོན་ཞིང་ཆེན་གྱི་གནད་སྨིན་ལས་ཞུགས་དབུལ་སྐྱོར་ལག་བསྟར་ཇུས་གཞི(2016ལོ་ནས་2020ལོ་བར)》ནང་བཏོན་པའི་2020ལོར་སླེབས་སྐབས་དབུལ་པོའི་ངལ་ནུས་གཞན་སྒྱུར་ལས་ཞུགས་ཀྱི་གཞི་ཁྱོན་མི་ཁྲི་100ལས་བརྒལ་བའི་ལས་འགན་དང་། ལོ་དེར་དབུལ་གྲོལ་འཆར་གཞི་ཡོད་པ་དང་ངལ་རྩོལ་ནུས་པ་ལྡན་པའི་ཁྱིམ་ཚང་དབུལ་པོར་ཉུང་མཐར་ཡང་མི་གཅིག་ལས་ཞུགས་ཐུབ་པའི་དམིགས་ཚད་མངོན་འགྱུར་ཐུབ་ཡོད།



 བྲག་འགོ་རྫོང་མི་རིགས་ལག་ཤེས་བཟོ་ལས་ལག་རྩལ་གསོ་སྦྱོང་ལྟེ་གནས་ཀྱིས་རིན་མེད་སྒོས་དབུལ་ཕོངས་བྱིས་པར་ཐང་ཀ་འབྲི་སྦྱོང་བྱེད་པའི་མཐུན་རྐྱེན་བསྐྲུན།
        གྲུབ་འབྲས་བཟང་པོ་འདི་གནད་སྨིན་དངོས་སྒྲུབ་ལས་བྱུང་བ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན། ཞིང་ཆེན་ཡོངས་ཀྱི་ལས་ཞུགས་མ་ལག་གིས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་གྲོལ་སྐོར་གྱི་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ཁྲོད་ཀྱི་ལས་ཞུགས་ཀྱི་འཐབ་ཇུས་གནས་བབ་ཁོང་དུ་ཡང་དག་ཆུད་པ། དབུལ་ཕོངས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་གཏོང་རྒྱུ་ལྟེ་བར་བཟུང་བ། དབུལ་སྐྱོར་འཁོར་ཁང་བསྡུ་ལེན་འཕེལ་རྒྱས་གཏོང་བར་འཚོལ་ཞིབ་དང་ལག་བསྟར་སྐུལ་འདེད་གཏོང་བ། རྩ་འཛུགས་ཡོད་པའི་ངལ་ནུས་ཕྱིར་གཏོང་གི་ལས་ཀ་སྤེལ་བ་དང་། སྤྱི་ཕན་རང་བཞིན་གྱི་ལས་གནས་བཀོད་སྒྲིག་སོགས་ལས་ཞུགས་དབུལ་སྐྱོར་བྱེད་ཐབས་རབ་དང་རིམ་པ་གསར་འབྱེད་བྱེད་པ། “འཚེམ་དྲུབ”ལྟ་བུའི་འབད་བརྩོན་ལ་བརྟེན་ནས་གནད་སྨིན་དངོས་སྒྲུབ་བྱེད་པ་དང་། ངལ་རྩོལ་ནུས་ཤུགས་དབུལ་པོའི་འབབ་འཕར་དབུལ་གྲོལ་ལ་རོགས་རམ་བྱས་ཏེ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད།
        “སྔོན་ཆད་ང་དཀའ་ངལ་གྱི་གནས་སུ་ལྷུང་ཡང་ལག་ཟུང་ལ་བརྟེན་ནས་ལས་བརྩོན་ཕྱུག་འགྱུར་ཡོང་བར་བྱ་འདོད་མོད། འོན་ཀྱང་ཡོན་ཏན་ཅི་ཡང་མེད། དོན་ངོ་མར་ཅི་ཞིག་བསྒྲུབ་ན་ད་གཟོད་ཕྱུག་འགྱུར་ཡོང་ཐུབ། དུས་ཡུན་ངེས་ཅན་ཞིག་གི་ནང་དུ་ང་ལ་འགལ་རྐྱེན་བྱུང་། 2016ལོའི་ཟླ་6པར། ཉག་རོང་རྫོང་གི་ཤེས་ལྡན་པ་སྤེལ་རེས་དང་ལས་ཞུགས་ཞབས་ཞུ་ཅུས་ཀྱིས་ང་ལ་ལས་ཞུགས་དབུལ་སྐྱོར་གྱི་འཕྲུལ་རྟའི་རྩལ་ནུས་གསོ་སྦྱོང་ནང་ཞུགས་རྒྱུའི་བརྡ་ཐོ་བཏང་། གསོ་སྦྱོང་བྱས་པར་བརྒྱུད། ངས་འཕྲུལ་རྟ་འཁོར་ལོ་ཉམས་གསོའི་ལག་རྩལ་ཁོང་དུ་ཆུད། ད་ལྟ་ངས་རྫོང་ཐོག་ཏུ་འཕྲུལ་རྟ་ཉམས་གསོ་ཁང་ཞིག་བཙུགས་ཡོད། ཚོང་ཆེས་བཟང་བའི་སྐབས་སུ་ད་དུང་ལག་རོགས་3གདན་འདྲེན་བྱས་ཡོད། ཉིན་རེར་སྒོར་བརྒྱ་ཕྲག་ཁ་ཤས་བཙལ་ཐུབ། ངའི་འགྲམ་དུ་ཡུལ་མི་དབུལ་པོ་ཡོད། ཁོ་ཚོ་དབུལ་སྐྱོར་རྩལ་ནུས་གསོ་སྦྱོང་བྱས་པར་བརྒྱུད། རླངས་འཁོར་ཉམས་གསོ་དང་། གཡོས་སྦྱོར། ཐང་ག་འབྲི་བ། གློག་དང་ཤིང་བཟོ་བ། འཚེམ་བཟོ་སོགས་ཀྱི་ལག་རྩལ་ཤེས་སོང་། འཚོ་བ་ཇེ་བཟང་ནས་ཇེ་བཟང་རེད། ད་ལྟ་འཕྲུལ་རྟ་ཉམས་གསོ་ཁང་གི་ཚོང་བཟང་པོ་འདུག ངས་བསམ་ན་འོས་འཚམ་གྱི་དུས་སུ་གཞི་ཁྱོན་རྒྱ་བསྐྱེད་དེ་འཕྲུལ་རྟ་ཉམས་གསོ་བྱེད་འདོད་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་མཉམ་དུ་ཕྱུག་འགྱུར་བྱེད་པར་སྐུལ་ཁྲིད་བྱེད་འདོད།”ཅེས་དཀར་མཛེས་ཁུལ་ཉག་རོང་རྫོང་སྟོད་ཡུལ་ཤོག་ཧོར་རྩ་སྡེ་པའི་སྡེ་མི་མཁས་རྒྱམ་གྱིས་འདི་ལྟར་བཤད།
        དེ་ཡང་རྔ་བ་ཁུལ་འབར་ཁམས་གྲོང་ཁྱེར་ཀྱོམ་ཀྱོ་ཡུལ་ཤོག་མཁོ་ནི་སྡེ་པའི་སྡེ་མི་ཀརྨ་ཚེ་རྡོས་གསར་འགོད་པའི་དྲི་བར་ལན་དུ་འདི་ལྟར་བཤད། སྔོན་ཆད་ངེད་ཚང་ང་གཅིག་པུས་ཞོར་ལས་བཙལ་ནས་འཚོ་བ་གཏོང་བཞིན་ཡོད། 2017ལོའི་ལོ་མཇུག་ཏུ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་གྲོང་ཚོར་བརྟག་དཔྱད་བྱེད་པར་ཡོང་སྟེ་ཚང་མར་རྐོ་འདྲུའི་འཕྲུལ་འཁོར་བཟོ་ཤེས་མིན་དྲིས། ངས་དང་པོར་མིང་ཐོ་བཀོད་པ་ཡིན། 2018ལོའི་ཟླ་དང་པོར། ངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་སྒྲིག་འཛུགས་བྱས་པའི་རྐོ་འདྲུའི་འཕྲུལ་འཁོར་གྱི་རྩལ་ནུས་གསོ་སྦྱོང་ལ་ཞུགས། ཁྲེན་ཏུའུ་ནས་ཉིན་25ཡི་རིང་རིགས་གཞུང་དང་དོན་དངོས་ཀྱི་བཀོལ་སྤྱོད་ལ་སློབ་སྦྱོང་བྱས་ཏེ། ལས་རིགས་ཐོབ་ཐང་ལག་ཁྱེར་དང་རྐོ་འདྲུའི་འཕྲུལ་འཁོར་བཀོལ་སྤྱོད་ལག་ཁྱེར་བླངས། ད་ལྟ་ངས་རྐོ་འདྲུའི་འཕྲུལ་འཁོར་བསྐོར་ནས་ཟླ་རེའི་ཡོང་འབབ་སྒོར་5000ཡས་མས་ཡོད། ངས་རྩལ་ནུས་སློབ་སྦྱོང་ལ་བརྟེན་ནས་དབུལ་གྲོལ་བྱུང་། 
ཧུང་ཡོན་རྫོང་ཨ་མཆོག་ཡུལ་ཤོག གཡར་བའི་འབྲི་མོས་དབུལ་གྲོལ་བཏང་བ།



        2019ལོའི་ཟླ་12པའི་ཚེས་15ཉིན་གྱི་ཞོགས་ཀའི་སྐྱ་རེངས་དང་འགྲོགས་ནས། རྔ་བ་ཁུལ་ཧུང་ཡོན་རྫོང་ཨ་མོ་ཁོག་ཡུལ་ཤོག་མཁལ་ཁུག་སྡེ་པའི་སྡེ་མི་དཀོན་མཆོག་ཚེ་དབང་གིས་འབྲི་མོ་ཚང་མ་རང་གི་སླས་ར་ནས་རྩྭ་སར་བརྒྱབ།

        འབྲི་འདི་དག་ནི་གཞན་ནས་གཡར་བ་རེད། དེ་ངེད་ཚང་གི་དབུལ་གྲོལ་ཕྱུག་འགྱུར་གྱི་མ་རྩ་ཁོ་ན་རེད། ཅེས་དཀོན་མཆོག་ཚེ་དབང་གིས་སར་འདུག་ཞོར་གསར་འགོད་པར་ཁ་བརྡ་གླེང་།




  ཁྱུང་མཆུའི་འབྲོག་པས་འོ་མ་འཚོང་བཞིན་པ།


        ཆོས་ཉིད་རྡོ་རྗེ་ནི་ཨ་མོ་ཁོག་ཡུལ་ཤོག་རྒོད་ར་སྡེ་པའི་ཡིག་ཚགས་དང་ཁཱ་འཛུགས་བྱས་པའི་དབུལ་ཕོངས་དུད་ཚང་ཡིན། 2015ལོའི་ཟླ་6པར། སྡེ་པའི་མཉམ་ལས་ཁང་སྟེ་ཧུང་ཡོན་རྫོང་ནོར་གཡང་ནོར་གནག་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་གིས་ཁོང་ཚང་ལ་འབྲི་12གཡར་བ་དང་། འབྲི་དེ་དག་གི་ལོ་ཚད་ལོ་4ཡི་ཡན་ཟིན་པས། བེའུ་བཙའ་བའི་དུས་ལ་སླེབས་འདུག
        ཆོས་ཉིད་རྡོ་རྗེ་དགའ་བའི་ངང་ནས་བཤད་རྒྱུར། 2015ལོ་ནས་2017ལོའི་བར། གཡར་ཡོང་བའི་འབྲི་འདི་དག་ལ་འོ་མ་འབབ་པར་མ་ཟད། རྒྱུན་མ་ཆད་པར་བེའུ་བཙས་བྱུང་།
        རྒོད་ར་སྡེ་པའི་ཀྲུའུ་རེན་དཔལ་ལྡན་གྱིས་ཞིབ་རྩིས་བྱས་པ་ལྟར་ན། འབྲི་མོ་12ཀྱིས་ལོ་གཅིག་ལ་འོ་མ་རྒྱ་མ་4500འབབ་ཐུབ་པ་སྟེ་ཕལ་ཆེར་རིན་སྒོར་ཁྲི་1.8ལོན། ལོ་གཉིས་ཀྱི་ནང་འབྲི་མོ་12ཀྱིས་ཆོས་ཉིད་རྡོ་རྗེ་ཚང་ལ་བེའུ་12བཙས་པ་དང་ཁྲི་3གྱི་རིན་སྒོར་བབས་ཡོད། འདི་གཉིས་པོ་ལས་ཆོས་ཉིད་རྡོ་རྗེ་ཚང་ལ་ལོ་གཉིས་རིང་ཡོང་འབབ་སྒོར་ཁྲི་6.6ལོན་ཏེ། ལས་སླ་མོའི་སྒོས་དབུལ་ཕོངས་ཚད་ཐིག་ལས་བརྒལ་འདུག
        2015ལོ་ནས་2019ལོའི་བར། ཨ་མོ་ཁོག་ཡུལ་ཤོག་གིས་དབུལ་ཕོངས་སྡེ་པའི་ཐོན་ལས་འཕེལ་རྒྱས་མ་དངུལ་དང་ནོར་གནག་ཐོན་ལས་འཕེལ་རྒྱས་རྣམ་གྲངས་མ་དངུལ། དེ་མིན་རོགས་སྐྱོར་མ་དངུལ་སོགས་སྡེབ་སྒྲིག་བྱེད་པ་བརྒྱུད་དེ་འབྲི་མོ་200ཉོས་པ་དང་། འབྲི་མོ་དེ་དག་རྒོད་ར་སྡེ་པ་དང་མཁར་ཁུག་སྡེ་པའི་མཉམ་ལས་ཁང་བརྒྱུད་ནས་སྡེ་པ་གཉིས་ཀྱི་དབུལ་ཕོངས་དུད་ཚང་14ལ་གཡར་ཡོད་པ་རེད།
        དབུལ་ཕོངས་དུད་ཚང་འདི་དག་ཚང་མར་གསོ་སྤེལ་གྱི་འདུན་པ་དང་ནུས་པ་ཡོད། ཅེས་ཨ་མོ་ཁོག་ཡུལ་ཤོག་ཏང་ཨུའི་ཧྲུའུ་ཅི་ཧུའུ་ཞའོ་ཆང་གིས་འདི་ལྟར་མཚམས་སྦྱོར་བྱས། གན་རྒྱ་ལས་ཁ་ཆད་ལྟར་ན། འབྲི་མོ་གཡར་ཡུན་ལོ་གཉིས་དང་། ལོ་གཉིས་ཀྱི་ཁྲོད་དུ་ཐོན་སྐྱེད་བྱས་པའི་འོ་མ་དང་གསར་དུ་བཙས་པའི་བེའུ་ཚང་མ་དབུལ་ཕོངས་དུད་ཚང་ལ་དབང་བ། དུས་ཚོད་ཁ་གང་རྗེས། གཡར་བའི་འབྲི་མོ་ཕྱིར་མཉམ་ལས་ཁང་དུ་སྤྲོད་དགོས་པ་དང་། མཉམ་ལས་ཁང་གིས་སླར་ཡང་སྐོར་རེས་རྗེས་མའི་དབུལ་ཕོངས་དུད་ཚང་ལ་གཡར་རྒྱུ་རེད།
        གསོ་སྤེལ་དུད་ཚང་གིས་གསོ་སྤེལ་བྱེད་སྟངས་ཚན་རིག་དང་མཐུན་པ་དང་བདེ་འཇགས་ཡོང་ཆེད། ཤང་སྲིད་གཞུང་གིས་ཆེད་དུ་རྫོང་ཕྱུགས་ལས་ཆེད་མཁས་པ་མངགས་ཏེ་དབུལ་ཕོངས་དུད་ཚང་ལ་སློབ་ཁྲིད་བྱེད་པར་མ་ཟད་ཡུལ་དངོས་ནས་མཛུབ་སྟོན་གནང་བ་རེད། དབུལ་སྐྱོར་འབྲི་མོ་ཚང་མར་གོང་ཚད་མཐོ་བའི་ཚོང་ལས་འགན་བཅོལ་ཉོས་ཡོད་དེ། གལ་སྲིད་སྟབས་མ་ལེགས་པར་བར་ཆད་འབྱུང་སྟེ་འབྲི་མོ་གྲངས་ཀ་ཉུར་བར་གྱུར་ན། འགན་བཅོལ་མ་དངུལ་དང་དེར་བསྟུན་གྱི་དབུལ་སྐྱོར་མ་དངུལ་ཁ་གསབ་བྱེད་པ་རེད། འབྲི་མོ་གཡར་ནས་དབུལ་སྐྱོར་བྱེད་པའི་རྣམ་པ་དུས་དང་རྣམ་པ་ཀུན་དུ་ལྟ་སྐུལ་རབ་དང་རིམ་པའི་ཁྲོད་གནས་ཤིང་། ཡུལ་ཤོག་དང་སྡེ་པའི་རིམ་པ་གཉིས་པར་ལྟ་སྐུལ་དོ་དམ་ཚོ་ཆུང་བཙུགས་ཡོད་པ་དང་། སྡེ་པའི་ལས་བྱེད་པ་དང་སྡེ་མིའང་ལྟ་སྐུལ་དུ་ཞུགས་ཡོད།
        2015ལོ་ནས་2019ལོའི་བར། ཨ་མོ་ཁོག་ཡུལ་ཤོག་གིས་འབྲི་མོ་200བཀོལ་ཏེ་དབུལ་སྐྱོར་ལས་འགན་སྐོར་རེས་ཐེངས་གཉིས་ལེགས་གྲུབ་བྱུང་བ་དང་། བསྡོམས་པས་དབུལ་ཕོངས་དུད་ཚང་28ལ་འོ་མ་རྒྱ་མ་ཁྲི་7.5དང་བེའུ་460ལྷག་ཐོན་སྐྱེད་བྱས་འདུག
        ཨ་མོ་ཁོག་ཡུལ་ཤོག་ཏང་ཨུའི་ཧྲུའུ་ཅི་མགོན་པོས་གསར་འགོད་པར་འབྲི་གཡར་སྟངས་ཀྱི་ཡོངས་ཁུངས་ངོ་སྤྲོད་བྱས།
        2012ལོར། ཡུལ་ཤོག་གིས་དབུལ་ཕོངས་དུད་ཚང་20ལ་རིན་མེད་སྒོས་འབྲི་མོ་40སྤྲད་ཡོད་དེ། མ་བསམ་ས་ནས་80%བཙོང་འདུག
        ཁ་ཚོས་གསོ་སྤེལ་ལག་རྩལ་མེད་པ་དང་གཞི་རྒྱ་མེད་པས་གསོ་སྤེལ་བྱ་མི་འདོད་པ། རང་ཉིད་ཀྱི་ཅ་དངོས་ཅི་བསམ་གང་འདོད་ཀྱིས་བཀོད་སྒྲིག་བྱེད་བཞིན་འདུག ཅེས་མགོན་པོས་འདི་ལྟར་ཕྱོགས་བསྡོམས་བྱས།
        ཅི་ལྟར་བྱས་ན་དབུལ་ཕོངས་མང་ཚོགས་ཀྱིས་རང་འདོད་དུ་རྨང་གཞིའི་འབྲི་མོ་དེ་དག་མེད་པ་མི་བཟོ་བ་དང་དེའི་ཁྲོད་ནས་ཕན་ནུས་ཐོན་ཐུབ་པ་ཞེ་ན། མགོན་པོས་སྒྲིག་ལམ་གསལ་བཤད་བྱས་རྒྱུར། འབྲོག་ཁུལ་ལ་འདྲི་རྟོག་བྱེད་པར་བརྒྱུད། འབྲོག་མོའི་བར་གྱི་‘铁牦牛’规则ཞེས་པའི་སྒྲིག་ལམ་དམ་པོ་ཞིག་ཤེས་བྱུང་། དེ་ནི་སྒོ་ཕྱུགས་མང་ཞིང་ངལ་རྩོལ་ནུས་ཤུགས་ཞན་པའི་ཁྱིམ་ཚང་གིས་འབྲི་གཡག་ངལ་རྩོལ་ནུས་ཤུགས་ལྡན་པའི་དུད་ཚང་ལ་གཡར་ཏེ། དེ་ལས་ཐོན་པའི་འོ་མ་དང་ཁལ་རྩིད་གསོ་སྤེལ་མཁན་ཚང་ལ་དབང་བ་དང་། གསར་དུ་བཙས་པའི་བེའུའི་70%ཡང་གསོ་སྤེལ་མཁན་ཚང་ལ་དབང་བ། རྨང་གཞིའི་འབྲི་གཡག་དང་30%ཡི་གསར་བཙས་བེའུ་གཡར་བདག་ལ་དབང་འདུག དེ་བཞིན་ཨ་མོ་ཁོག་ཡུལ་ཤོག་གི་འབྲི་མོ་གཡར་ནས་དབུལ་གྲོལ་བྱ་ཐབས་ཀྱིས་སྒྲིག་ལམ་དེར་དཔེ་ལྟ་བྱས་ཏེ། དབུལ་ཕོངས་དུད་ཚང་གི་གསོ་སྤེལ་གྱི་འཇལ་ལན་དེ་ལས་མང་བ་དང་ཉེན་འགོག་སྔོན་འགོག་དེ་ལས་འཐུས་སྒོ་ཚང་བ་བྱས་འདུག །

ལི་ཐང་རྫོང་ལ་འོག་ཡུལ་ཚོ། ཤ་མོ་ཕོ་སུལ་ལ་བརྟེན་ནས་དབུལ་གྲོལ་ཕྱུག་འགྱུར་གྱི་སྐྱོབ་གདུགས་བཀར།


        དྲོད་ཁང་ནང་གི་ཤ་མོ་ཕོ་སུལ། 

        གཞི་རྒྱ་ད་དུང་དེ་འཚམ་གྱིས་རྒྱ་བསྐྱེད་ཆོག་འདུག །འཚོང་ལམ་ད་དུང་རྒྱ་ཆེར་གཏོང་ཆོག་འདུག་་་་་་
        2019ལོའི་ཟླ་12པའི་ཚེས་23ཉིན། སི་ཁྲོན་ཞིང་ཆེན་ལི་ཐང་རྫོང་རོང་པ་ཡུལ་ཤོག་ལ་འོག་སྡེ་པའི་སྡེ་མིའི་ཚོགས་ཆེན་ཐོག ཚང་མས་སང་ལོའི་ཤ་མོ་ཕོ་སུལ་ཐོན་ལས་ཅི་ལྟར་ལེགས་པོར་སྒྲུབ་རྒྱུར་གླེང་མོལ་བྱེད་བཞིན་འདུག
        ཀྱག་ཀྱོག་གི་རྐང་ལམ་ཕྲ་མོ་དང་། རྡོ་ཁང་བཅུ་གྲངས་ཁ་ཤས་ཤིག ལ་འོག་སྡེ་པ་རི་ཕུག་ཏུ་ཆགས་ཡོད། ཉེ་འགྲམ་གྱི་སྐས་ཞིང་དུ་ཤ་མོ་ཕོ་སུལ་རྨོ་ཁང་109གྲལ་སྟར་བསྒྲིགས་ཡོད་དེ། ཐོན་ལས་འདི་ག་རི་གྲོང་དེའི་དབུལ་གྲོལ་ཕྱུག་འགྱུར་གྱི་རེ་བ་ཉག་གཅིག་ཡིན།
        ས་གནས་དེ་གའི་ས་རྒྱུ་ཞན་པ་སོགས་ཕྱོགས་གང་ཐད་ལེགས་པོ་མེད་པས། ཆ་རྐྱེན་ཅན་གྱི་སྡེ་མི་མང་ཤོས་ཤིག་རྫོང་ཐོག་གམ་གནས་གཞན་པར་གནས་སྤོ་བྱས་ཏེ། ཤུལ་དུ་ལྷག་པའི་དུད་ཚང་19ཡི་ཁྲོད་མང་ཤོས་དབུལ་ཕོངས་དུད་ཚང་ཡིན། དེར་བརྟེན་ཧྲུའུ་ཅི་དང་པོ་ཝང་ཏཱ་ཅིན་གྱིས་སྡེ་མིར་དབུལ་གྲོལ་ཕྱུག་འགྱུར་གྱི་སྣེ་ཁྲིད་བྱ་ཆེད། ས་གནས་དེ་གའི་དོན་དངོས་ལ་གཞིར་ཏེ། ཡུལ་བབ་དང་བསྟུན་ནས་ས་ཞིང་མུའུ་70སྐོར་སྐྱོད་བྱས་ནས། 2018ལོའི་ཟླ་8པ་ནས་ཟླ་11པའི་བར། སྡེ་མིས་འོས་འགན་གྱིས་ངལ་རྩོལ་དུས་ཚོད་2500གཏོང་འཇོག་བྱས་པ་དང་། མི་ཤུགས་འགྲུལ་སྐྱེལ་དང་དབུལ་གྲོལ་གྱི་སེམས་ཤུགས་བརྟན་པོ་ལས་ལུང་ཕུག་དེ་གར་རླམ་རྩྭ་ཕོ་སུལ་གྱི་ཐོན་ལས་རྟེན་གཞི་བཙུགས།
        2018ལོའི་ཚོད་ལྟའི་རྨོ་འདེབས་ལེགས་གྲུབ་བྱུང་བ་བརྒྱུད། 2019ལོར་རྨོ་འདེབས་གཞི་རྒྱ་མུའུ་45རུ་རྒྱ་བསྐྱེད་དེ། དྲོད་ཁང་109བསྐྲུན་ནས་ཤ་མོ་ཕོ་སུལ་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། མཉམ་ལས་ཁང་དང་ཞིང་དུད་མཉམ་སྡེབ་ཀྱི་འཕེལ་རྒྱས་རྣམ་པ་སྤྱད་ཡོད། མཉམ་ལས་ཁང་གིས་སྣེ་ཁྲིད་བྱས་ཏེ་སྡེ་མིར་ཤ་མོ་ཕོ་སུལ་རྨོ་འདེབས་བྱེད་དུ་བཅུག
        དྲོད་ཁང་ནང་དུ་རེ་བའི་མྱུ་གུ་འབུས་བཞིན་འདུག །ཚན་རིག་དང་མཐུན་པའི་སྒོས་རྨོ་འདེབས་བྱེད་པ་དང་། ཕན་ནུས་ཆེས་ཆེར་གཏོང་ཆེད། སྔོན་ཐོན་ཅན་གྱི་ཞིང་ཆུ་གཏོར་བའི་ལག་རྩལ་གྱིས་ནུས་པ་གལ་ཆེན་བཏོན་ཡོད། ཝང་ཏཱ་ཅིན་གྱིས་བཤད་རྒྱུར། ཉིན་རྒྱུན་དུ་དྲོད་ཁང་ནང་གི་མཐོ་དྲོད་ཀྱིས་བསྲེགས་རྗེས། ཉི་མ་ནུབ་མཚམས་ལ་ཆུ་ཚོད་གཉིས་རིང་ཞིང་ཆུ་གཏོར་ཏེ་འཚར་སྐྱེས་ཀྱི་ཁོར་ཡུག་ལེགས་ཤོས་བསྐྲུན་པ་རེད།
        2019ལོའི་ཟླ་5པར། ཤ་མོ་ཕོ་སུལ་ཁག་དང་པོར་རྒྱ་མ་4000ལྷག་བརྔ་བསྡུ་བྱས་ཏེ་ཕྱིར་འཚོང་སྒོར་གྲངས་ཁྲི་13གྱི་ཡོང་འབབ་ཡོད། འགྲིམ་འགྲུལ་སྟབས་བདེ་བའི་ཕྱིར་ཤ་མོ་ཕོ་སུལ་འཐུས་རྗེས་ཐད་ཀར་དུ་གནས་དེ་ནས་རྐམ་དུ་བཅུག་སྟེ་ཚོང་པ་སྒོ་ཁར་ཉོ་སྒྲུབ་བྱ་རུ་ཡོང་བ་ཡིན།
        ཤ་མོ་ཕོ་སུལ་བརྔ་བསྡུ་ཚར་རྗེས་དྲོད་ཁང་ཡོད་ཚད་བཀོག་རྒྱུ་རེད། དེ་ནས་སླར་ཡང་བེད་མེད་ཀྱི་ས་སྟོང་པར་དུས་ཚིགས་གཉིས་པའི་འདེབས་འཛུགས་བྱེད་པ་དང་། འདེབས་འཛུགས་བྱས་པའི་པད་ཁ་རྒྱ་མ་16000ཡས་མས་བསྡུས་ཏེ། ཚོད་དཔག་བྱས་ན་ཐོན་རྫས་རིན་ཐང་སྒོར་60000ཡས་མས་ཡོད། ཝང་ཏཱ་ཅིན་གྱིས་རྩིས་ཤིག་བརྒྱབ་ཏེ་བཤད་རྒྱུར། ད་ལོར་ང་ཚོའི་སྡེ་པར་ཡོང་འབབ་སྒོར་ཁྲི་19ཡས་མས་བྱུང་ཡོད། དབུལ་ཕོངས་དུད་ཚང་གི་ཆ་སྙོམས་མི་རེའི་ཡོང་འབབ་སྒོར་2000དང་། དབུལ་ཕོངས་མིན་པའི་དུད་ཚང་གི་ཡོང་འབབ་སྒོར་1600ཡས་མས་ཡོད་འདུག
        ཤ་མོ་ཕོ་སུལ་འདེབས་འཛུགས་ལེགས་གྲུབ་བྱུང་བ་ན་ལ་འོག་སྡེ་པར་དབུལ་གྲོལ་ཕྱུག་འགྱུར་ཡོང་བར་ཐབས་ལམ་གསར་པ་ཞིག་བཏོད་ཡོད། ཉིན་དེའི་སྡེ་མིའི་ཚོགས་ཆེན་ཐོག སྡེ་མི་རྣམས་ཀྱིས་ཤ་མོ་འདེབས་འཛུགས་ཀྱི་མ་རྩ་ཇེ་ཉུང་དུ་གཏོང་བ་དང་ཕྱིར་འཚོང་ཐབས་ལམ་གསར་འབྱེད་བྱེད་པའི་སྐོར་ནས་བགྲོ་གླེང་བྱེད་བཞིན་འདུག སྡེ་པའི་ཨུ་ལྷན་ཀྲུའུ་རེན་ཨ་དབང་གིས་བཤད་རྒྱུར། སང་ལོར་ཁྱབ་གདལ་ཤུགས་ཆེན་བཏང་ནས་ཤ་མོ་ཕོ་སུལ་ཐོན་ལས་འཕེལ་རྒྱས་དེ་དབུལ་གྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་དང་ཟུང་འབྲེལ་བྱས་ཏེ། ཤ་མོ་ཕོ་སུལ་དེ་ལ་འོག་སྡེ་པའི་དབུལ་ཕོངས་དུད་ཚང་དབུལ་གྲོལ་ཕྱུག་འགྱུར་ཡོང་བའི་ཐོན་ལས་གཙོ་བོར་འགྱུར་རྒྱུ་ཡིན། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1