སྐུ་འབུམ་བྱམས་པ་གླིང་གིས་ཝུའུ་ཧན་རིམས་ནད་གནོད་ཁུལ་ལ་སྒོར་ཁྲི100ཞལ་འདེབས་ཕུལ།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 02-04


        ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་། སྐུ་འབུམ་བྱམས་པ་གླིང་གི་ཆོས་ལུགས་ལས་མི་ཡོངས་ཀྱིས་ཝུའུ་ཧན་རིམས་ནད་གནོད་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ལ་དོ་སྣང་དང་སེམས་ཁུར་ཆེན་པོ་བྱས་ཏེ། ཕྱོགས་གཅིག་ལ་དཀའ་ངལ་བྱུང་ན་ཕྱོགས་བརྒྱད་ཀྱིས་རོགས་སྐྱོར་བྱེད་པའི་ཉེན་སེལ་དཀའ་སེལ་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས། སྟོབས་ཤུགས་ཡོད་རྒུས་རིམས་ནད་གནོད་ཁུལ་ལ་རོགས་སྐྱོར་གང་ལེགས་བྱས་པ་རེད། ཟླ་2པའི་ཚེས་3ཉིན། སྐུ་འབུམ་བྱམས་པ་གླིང་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པ་བརྒྱུད་དེ་ཝུའུ་ཧན་རིམས་ནད་གནོད་ཁུལ་ལ་སྒོར་ཁྲི་100ཞལ་འདེབས་ཕུལ་ནས་གནོད་ཁུལ་མང་ཚོགས་དཀའ་ངལ་ལས་ཐར་བར་རོགས་རམ་བྱས་པ་རེད།
        མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་དང་། སྐུ་འབུམ་བྱམས་པ་གླིང་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་གཅིག་ལྕོགས་སུ་བཞེས་པའི་བླ་ཁོ·བློ་བཟང་བསྟན་པའི་དབང་ཕྱུག་གིས་བསྟན་དོན། ཆོས་ལུགས་ལས་རིགས་ཀྱིས་ཏང་དང་སྲིད་གཞུང་གི་འབོད་སྐུལ་ཧུར་ཐག་སྒོས་དང་ལེན་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་དང་། ནང་བསྟན་གྱི“བརྗིད་ཉམས་ལྡན་པའི་རྒྱལ་ཁོངས་སུ་གཞན་ཕན་བརྩེ་བས་ཕྱུག་པའི”སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ལེགས་པར་བགྱིས་ནས། ཐོག་མཐའ་བར་གསུམ་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏང་དང་རྒྱལ་ཁབ། མི་དམངས་མང་ཚོགས་དཀའ་ངལ་ལ་འཕྲད་སྐབས། རང་འགུལ་ངང་ཧུར་ཐག་གིས་ལས་དོན་སྒྲུབ་པ་དང་། རང་དཔེ་གཞན་སྟོན་གྱིས་སྣེ་ཁྲིད་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གྱིས་ནང་བསྟན་ལས་རིགས་ཀྱིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་ལ་དྲིན་ལན་འཇལ་བའི་དགེ་མཚན་ལྡན་པའི་ནུས་པ་ཆེས་ཆེར་མངོན་པར་བྱས་ནས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་རིམས་ནད་འགོག་པའི་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་བྱེད་དགོས། རྗེས་མར། ཞིང་ཆེན་ཡོངས་ཀྱི་ནང་བསྟན་ལས་རིགས་ལ་སྐུལ་སློང་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ནང་ཧུར་ཐག་གིས་ཞུགས་ཏེ་རང་ནུས་ལྕོགས་ཚོད་ཀྱིས་གནོད་ཁུལ་དུ་མ་དངུལ་དང་དངོས་པོའི་ཞལ་འདེབས་འབུལ་བ་དང་། ནང་བསྟན་ལས་རིགས་ཀྱི་གཅེས་སེམས་མཚོན་པར་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཐད་ཧུར་ཐག་འབད་ཐག་གིས་བྱ་བ་བསྒྲུབ་དགོས་ཞེས་བསྟན་པ་རེད། །

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1