གངས་ལྗོངས་ས་མཐོའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་ཏང་དར་ལྷབ་ལྷུབ་ཏུ་གཡོ་བ།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 02-06


—— བོད་ལྗོངས་ཀྱིས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ལ་ནུས་ཤུགས་ཡོད་རྒུས་སྔོན་འགོག་དང་ཚོད་འཛིན་བྱེད་པའི་རིམ་སྤེལ་འཕྲིན་སྤེལ་གཉིས་པ།


          ཉིན་ཤས་བསྟུད་མར་ལྷ་ས་འགག་སྒོ་བོད་ལྗོངས་རྒྱལ་སྤྱིའི་ཡུལ་སྐོར་འཕྲོད་བསྟེན་བདེ་སྲུང་ལྟེ་གནས་ཚོད་ལྟ་ཁང་གི་ལས་དོན་པས་གནམ་ཐང་འགག་སྒོ་ནས་ཡོང་བའི་ཚ་བ་རྒྱས་པའི་མི་སྣའི་ནད་དཔེར་ཏོག་དབྱིབས་ནད་དུག་གསར་པའི་འབྲེལ་ཡོད་བརྟག་དཔྱད་བྱེད་བཞིན་པ།
          ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ལ་སྔོན་འགོག་དང་ཚོད་འཛིན་བྱེད་པའི་འགག་རྩའི་དུས་སུ་རང་ལྗོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ཚོས་ལས་གནས་བརྟན་སྲུང་དང་འཐབ་ས་དང་པོར་བསྐྱོད་དེ་བཀོད་འདོམས་བྱེད་པ་དང་། གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ཚོས་དམག་འཐབ་མཁར་རྫོང་གི་ནུས་པ་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ཏེ་དཀའ་ཉེན་ལ་མི་སྐྲག་པ་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་།
          རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་བརྟན་པོར་ལངས་ཏེ་མི་དམངས་མང་ཚོགས་ཚོ་དང་དཔུང་པ་མཉམ་གཤིབ་ཀྱིས“རིམས་ནད”འགོག་པའི་དམག་འཐབ་རྒྱག་པ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་གུང་ཁྲན་ཏང་ཡོན་གྱི་ཐོག་མའི་བསམ་འདུན་དང་འགན་འཁྲིར་གསལ་འགྲེལ་བརྒྱབ་ནས་ཐོག་མཐའ་བར་གསུམ་དུ་གངས་ལྗོངས་ས་མཐོའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་ཏང་དར་ལྷབ་ལྷུབ་ཏུ་གཡོ་བར་བྱས་པ་རེད།
          རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དམག་འཐབ་གང་དུ་རྒྱག་པ་དེར་ཏང་དར་ལྷབ་ལྷུབ་ཏུ་གཡོ་བ།
          རིམས་ནད་ཐོན་རྗེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་དེ་མིག་སྔའི་གལ་འགངས་ཆེ་ཤོས་ཀྱི་ལས་དོན་ཞིག་ལ་བརྩིས་ནས་དམ་འཛིན་བཅས་བྱས་ཏེ་འཕྲལ་དུ་ཞིབ་འཇུག་དང་བྱ་སྤྱོད་མྱུར་དུ་སྤེལ་བ་དང་། ཕྱོགས་ཡོངས་ནས་སྐུལ་སློང་དང་ཕྱོགས་ཡོངས་ནས་བཀོད་སྒྲིག་ཞིབ་ཚགས་དང་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་། ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་གྱི་བརྡ་ལན་རིམ་པ་དང་པོ་འགོ་བཙུགས་པས་ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ཐད་གཅིག་གྱུར་གྱི་འགོ་ཁྲིད་དང་། གཅིག་གྱུར་གྱི་བཀོད་འདོམས། གཅིག་གྱུར་གྱི་བྱ་སྤྱོད་བཅས་འགན་ལེན་ཐུབ་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་རྣམ་གཉིས་ཀྱིས་སྣེ་འཁྲིད་དེ་འཐབ་ས་དང་པོར་ཕེབས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ཞིབ་འཇུག་དང་མཛུབ་སྟོན་ཐེངས་མང་གནང་བ་དང་། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་འགན་འཁྲི་འཁུར་ཕོད་པ་དང་རང་འགུལ་ངང་བྱས་རྗེས་བཞག་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ནང་ཧུར་ཐག་ཞུགས་ཡོད།
          ཟླ་1ཚེས་31ཉིན། ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷ་རྣམ་གཉིས་ཀྱིས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོར་འཕྲིན་ཡིག་སྤྲིངས་ནས། ཚང་མས་ངེས་པར་དུ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཀྱི་མཐོ་ཚད་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་བྱེད་པའི་མཐོ་ཚད་ཐོག་ནས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོའི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་ལ་ཚད་མཐོའི་འགན་འཁུར་བའི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་བ་དང་། རིམས་ནད་ལ་འགོག་རྒོལ་བྱེད་པའི་འཕྲལ་སྡོམ་ལས་དོན་ནང་ཕྱོགས་ཡོངས་ནས་ཞུགས་པ། བྱ་ཐབས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱས་ཏེ། ཛ་དྲག་པའི་འཐབ་རྩོད་འདིར་རྒྱལ་ཁ་ཕྱོགས་ཡོངས་ནས་ལེན་དགོས་པའི་བླང་བྱ་བཏོན་གནང་བ་རེད།
          “རིམས་ནད”སྔོན་འགོག་དང་ཚོད་འཛིན་དམག་འཐབ་ཀྱི་དུང་བརྡ་བཏང་ཟིན་ཞིང་། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་གུང་ཁྲན་ཏང་ཡོན་ཡོངས་འཕྲལ་དུ“དམག་རྒྱག”གི་དུས་སུ་སླེབས་ཡོད། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་དེས་ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་ཚོའི་སེམས་པ་གཅིག་ཏུ་བསྒྲིལ་ནས་གྲོང་ཁྱེར་དང་གྲོང་རྡལ་ཡིན་ནའང་འདྲ་ཡང་ན་ཞིང་འབྲོག་ཁུལ་དུ་ཡིན་ནའང་འདྲ། གང་ས་གང་དུ་དམག་འཐབ་ནང་ཞུགས་པའི་དམ་བཅའ་འཇོག་པའི་སྒྲ་ཐོས་རྒྱུ་ཡོད་ལ། སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་གདོང་མཆོང་བྱེད་མཁན་ཏང་ཡོན་ལས་བྱེད་པའི་གཟུགས་བརྙན་མིག་ལམ་དུ་མཐོང་རྒྱུ་ཡོད།
          རིམས་ནད་ནི་བཀའ་རྒྱ་དང་སྔོན་འགོག་དང་ཚོད་འཛིན་ནི་འགན་འཁྲི་ཡིན།
          དམིགས་བསལ་གྱི་དམག་འཐབ་དེའི་ཁྲོད་བོད་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་ཚོས་ཉེན་ཁར་མི་སྐྲག་པ་དང་དཀའ་བར་མི་འཛེམ་པར་མདུན་དུ་བསྐྱོད་དེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཐོག་མའི་བསམ་འདུན་དང་འགན་འཁྲིར་གསལ་འགྲེལ་བྱེད་བཞིན་ཡོད།
          “སྔོན་འགོག”ལས་དོན་གཏིང་ཟབ་དང་། ཞིབ་ཚགས། ཏན་ཏིག་བཅས་ཀྱི་སྒོ་ནས་སྤེལ་ཏེ“སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་སྙན་སེང་ཞུ་བ། སྔ་ཙམ་ལོགས་སུ་འཇོག་པ། སྔ་ཙམ་སྨན་བཅོས”བཅས་ཐུབ་པ་བྱས་ནས་བོད་ལྗོངས་སུ་རིམས་ནད་མ་མཆེད་པ་བྱ་ཆེད། བོད་ལྗོངས་ཀྱི་རྒྱ་ཆེའི་སྨན་དོན་མི་སྣས་ཐོག་མའི་བསམ་འདུན་དེ་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་མདུན་ཤོས་སུ་མངོན་པ་དང་། འགན་འཁྲི་དེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་སྲུང་སྐྱོང་བྱེད་པའི་ཐོག་མངོན་པར་བྱས་པས“རིམས་ནད་ནི་བཀའ་རྒྱ་དང་སྔོན་འགོག་དང་ཚོད་འཛིན་ནི་འགན་འཁྲི་ཡིན་པའི”ཆབ་སྲིད་ཀྱི་རང་རྟོགས་གསལ་པོར་མངོན་པ་དང་། དེང་རབས་གུང་ཁྲན་ཏང་མིའི་འགན་འཁྲི་འཁུར་ཕོད་པ་བྱེད་ལུགས་མངོན་ཡོད།
          རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ་ནི་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བོད་ལྗོངས་ཀྱི་གནས་གཏན་འཁེལ་གྱི་སྨན་ཁང་ཞིག་རེད། དེ་གར་ཏང་ཡོན་དང་གུང་གཞོན་སྡེ་ཚོགས་ཚོགས་མིས་རང་འགུལ་ངང་འཐབ་ས་མདུན་མར་སྐྱོད་པ་ལས། འཇིགས་སྣང་གིས་ཕྱིར་འཐེན་དང་ལས་གནས་བརྗེ་རྒྱུའི་རེ་བ་འདོན་མཁན་གཅིག་ཀྱང་བྱུང་མེད་པ་དང་། རིགས་གཅིག་མཁས་ཅན་རྒན་གྲས་དང་རྒན་ཡོལ་ཞུ་ཉེར་ཡོད་པའི་སྨན་དོན་མི་སྣ་འགའ་ཤས་ཀྱང་དམག་འཐབ་ནང་ཞུགས་རྒྱུའི་གདན་དྲངས་པ་རེད། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པའི་ཡོན་ཀྲང་ཕུན་ཚོགས་བཀྲ་ཤིས་ཀྱིས“རིམས་ནད་ཐོན་རྗེས་ཏང་ཡོན་སྨན་དོན་ལས་དོན་པས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ཏེ་འགག་རྩའི་སྐབས་སུ་འཐབ་སར་གདོང་མཆོང་བྱས་ཡོད། དེ་དང་ཆབས་ཅིག་སྨན་ཁང་གིས་རིམ་པ་གསུམ་པའི་འགོག་སྲུང་བྱེད་ཐབས་འགོ་ཚུགས་ནས་སྨན་ཁང་ནང་གཅིག་ལ་གཅིག་འགོས་དང་ལྷག་པར་དུ་སྨན་དོན་མི་སྣར་མ་འགོ་བའི་སྔོན་འགོག་མཐའ་གཅིག་ཏུ་བྱས་ཡོད”ཅེས་བརྗོད།
          རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དེ་ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གནས་གཏན་འཁེལ་གྱི་ཚ་རྒྱས་སྒོ་བསྟེན་སྨན་ཁང་ལ་གཏན་འཁེལ་བྱས་རྗེས། སྨན་ཁང་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བྱ་སྤྱོད་མྱུར་སྤེལ་དང་། སྒྲིག་འཛུགས་ཞིབ་ཚགས། རང་འགུལ་ངང་བྱས་རྗེས་འཇོག་པ་བཅས་བྱས་ནས། སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གྱིས་རིམས་ནད་འགོག་རྒོལ་གྱི་འགན་འཁྲི་ཕྲག་ཐོག་ཏུ་ཁུར་ཏེ་ལས་དུས་འཕར་མ་བྱས་ཏེ་མཚན་མོ་དེ་རང་དུ་ཨར་ལས་ཀྱི་འགོ་བརྩམས་ཏེ་ཆུ་ཚོད་12ཀྱི་ནང་གངས་ལྗོངས་ས་མཐོར་རྒྱ་ཁྱོན་སྨི་ངོས་གྲུ་1000ཟིན་པའི་གཞི་ཁྱོན་ཅན་གྱི་ཚ་རྒྱས་སྒོ་བསྟེན་སྨན་ཁང་ཚད་དང་ལྡན་པ་ཞིག་བསྐྲུན་ཡོད།
          མ་གཞི་དཔྱིད་གསར་དུས་ཆེན་དང་ཏག་ཏག་འཁེལ་མོད། འོན་ཀྱང་ཐེན་ཅིན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་སྨན་པ་18དང་དེ་བཞིན་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཆེད་ལས་ལག་རྩལ་མི་སྣས་བརྡ་ཐོ་འབྱོར་རྗེས་འཕྲལ་དུ་གྲ་སྒྲིག་ཨང་གསར་གྱིས་ཆབ་མདོར་ཕྱིར་ལོག་བྱས་པ་རེད།
          རིམས་ནད་ཀྱི་མདུན་དུ་ཏང་ཡོན་ཚོས་མདུན་དུ་སྐྱོད་པ།
          “རིམས་ནད་རྦད་དེ་ཚོད་འཛིན་མི་ཐུབ་བར། ང་ཚོ་ནམ་ཡང་ཕྱིར་འཐེན་བྱེད་མི་སྲིད”ཅེས་པ་ནི་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོའི་ཐུན་མོང་གི་དམ་བཅའ་ཞིག་རེད།
          “ང་ཚོས་ཏང་རྩ་འཛུགས་ལ་ཁས་ལེན་བྱ་རྒྱུ་སྟེ། བཀའ་རྒྱ་དང་ལེན་དང་། ཞུམ་མེད་མདུན་སྐྱོད། དཀའ་ངལ་ལ་མི་སྐྲག་པ། དཀའ་སྤྱད་འབད་བརྩོན། མགོ་མཇུག་མཐའ་འཁྱོལ་བཅས་མཐའ་འཁྱོངས་ཀྱིས་ལས་འགན་ལེགས་སྒྲུབ་མ་བྱུང་ཚེ་ནམ་ཡང་ཕྱིར་འཐེན་མི་བྱེད་པ”དེ་རེད། ཟླ་1ཚེས་25ཉིན་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་སྤྱི་བདེ་ཅུས་ཀྱི་མི་དམངས(ལས་རོགས)ཉེན་རྟོག་པ་20ཡིས་ཅུས་ཏང་ཨུད་ལ་རུ་མི་ཡོངས་ཀྱིས་མིང་རྟགས་བཀོད་པ་དང་མཛུབ་ཐེལ་བརྒྱབ་པའི་གཡུལ་འགྱེད་ཡི་གེ་ཕུལ་བ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཕྲལ་སྡོམ་ཐག་གཅོད་ཡན་ལག་རུ་ཁག(ཏང་ཡོན་གདོང་ལེན་རུ་ཁག)ཅིག་བཙུགས་ཏེ་སྐོར་གཡེང་ཚོད་འཛིན་རིམས་འགོག་གི་འཐབ་ས་དང་པོ་བརྟན་སྲུང་བྱས་ཡོད།
          ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ཐོན་ཚུན། བོད་ལྗོངས་ཀྱི་སྤྱི་བདེ་མི་དམངས་ཉེན་རྟོག་པས་གཅིག་རྗེས་གཉིས་མཐུད་ངང“གཡུལ་འགྱེད་ཡི་གེ”ཕུལ་ཏེ་བྱེད་ཐབས་མི་འདྲ་བ་དང་ཆོད་སེམས་གཅིག་གི་ཐོག་ནས་གློ་ཚད་རིམས་ནད་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུའི“དམག་བཀའ་ཁུར་ལེན་ཞུ་ཡིག”ཕུལ་ནས་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཛ་དྲག་ཆེ་ཤོས་ཀྱི་འཐབ་ས་དང་པོར་བསྐྱོད་རྒྱུའི་རེ་བ་བཏོན་ཡོད། མངའ་ཁོངས་ཁག་གི་མངགས་གཏོང་ཁང་དང་། དམངས་ཕན་ས་ཚིགས། འགྲིམ་འགྲུལ་ཉེན་རྟོག་པ། ཉེན་དོན་མྱུལ་ཞིབ། བདེ་འཇགས་སྲུང་སྐྱོང་ཉེན་རྟོག་པ་བཅས་ཀྱི་སྟོབས་ཤུགས་འཕྲལ་དུ་བསྡུ་རུབ་བྱས་ཏེ་ཉེན་རྟོག་པ་ཡོངས་དམག་འཐབ་ནང་ཞུགས་ནས་གཙོ་གནད་ཁུལ་དང་། མི་སྣ་འདུ་འཛོམས་ཆེ་བའི་ཁུལ། དེ་བཞིན་གཙོ་གནད་ལམ་རྒྱུད་བཅས་སུ་ཕྱོགས་ཡོངས་ནས་མཉམ་དུ་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ཡོད།
          རིམས་ནད་ཀྱི་མདུན་དུ་གང་སར་གཡུལ་ས་ཡིན་ཞིང་། ཡུན་བོད་གཞུང་ལམ་གྱི་འགྲམ་དུ་གནས་པའི་རྫ་ཡུལ་རྫོང་ཚ་བ་རོང་ཤང་ནི“བོད་གྲོང་ལུང་དང་། རྫ་ཡུལ་ཚ་བ་རོང་གསུམ་གྱི”ཡུལ་སྐོར་ལམ་ཐིག་གི་འབྲེལ་མཚམས་ཤིག་ཡིན་པས་ཤང་དེར་རིམས་ནད་ཞིབ་བཤེར་ས་ཚིགས་2བཙུགས་ཏེ་བོད་ནས་འགྲོ་འོང་བྱེད་མཁན་ཚོའི་ཚ་རྒྱས་ལྟ་ཞིབ་ཚད་ལེན་དང་གྲལ་བཤེར་ཐོ་བཀོད་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་བཞིན་ཡོད།
          རིམས་ནད་ཐོན་རྗེས་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཏང་ཨུད་ཀྱིས་བོད་ལྗོངས་ཁུལ་གྱི་གནམ་ཐང་ཡོངས་སུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་འཕྲལ་དུ་བཀོད་སྒྲིག་བྱས་ནས་ཏང་ཨུད་ཀྱི་འགོ་ཁྲིད་པ་གཙོ་བོས་ཙུའུ་ཀྲང་དང་འབྲེལ་ཡོད་ཚན་པ་ཞུགས་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོ་ཁྲིད་ཚོགས་ཆུང་བཙུགས་པ་རེད།
          ལྷ་ས་མེ་འཁོར་བབས་ཚུགས་ནི་བོད་ནས་འགྲོ་འོང་བྱེད་སའི་བགྲོད་ལམ་གལ་ཆེན་གྱི་གྲས་ཤིག་རེད་ལ། བོད་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ཀྱི་འཐབ་ས་མདུན་ཤོས་ཀྱི་གྲས་ཤིག་ཀྱང་རེད། ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་ཆེད། ལྷ་ས་མེ་འཁོར་བབས་ཚུགས་ཀྱིས་དུས་ཐོག་ཏུ་ཏང་ཡོན་འཕྲལ་སྒྲུབ་རུ་ཁག་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲ་སྒྲིག་རུ་ཁག་བཙུགས་ཏེ་བབས་ཚུགས་ནས་ཐོན་མཁན་ཡུལ་སྐོར་བར《ཏོག་དབྱིབས་ནད་དུག་གསར་པའི་འགོག་སྲུང་རྒྱུན་ཤེས》སྤྲད་པ་དང་འབྲེལ། མེ་འཁོར་བབས་ཚུགས་སུ་སྤ་སེ་ཉོ་བ་དང་སྒྱུར་བར་ཡོང་མཁན་འགྲུལ་པར་རིམས་ནད་སྔོན་འགོག་གི་ཤེས་བྱ་གསལ་འགྲེལ་ཡང་བྱས་ཡོད།
          རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་མདུན་མར་གུང་ཁྲན་ཏང་ཡོན་ཚང་མས་ཞུམ་མེད་མདུན་སྐྱོད་བྱེད་བཞིན་ཡོད་ལ། མཁར་རྫོང་རེ་རེ་འགྱིང་ངེར་གནས་པ་དང་། དམར་མདངས་བཀྲ་བའི་ཏང་དར་རེ་རེ“རིམས་ནད་སྔོན་འགོག”གི་འཐབ་ས་དང་པོར་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1