རབ་དཀར་ལྷག་བསམ་གཙང་མའི་ཀུན་སློང་གིས། ནད་དུག་ཞིབ་དཔྱད་ཞིབ་བཤེར་ལས་ལ་གཞོལ།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 02-08



—— འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་BSL-3ཚོད་ལྟ་ཁང་དུ་བསྐྱོད་པའི་སྐོར་བཀོད་པ།


རང་སྐྱོང་ལྗོངས་མི་དམངས་སྨན་ཁང་མྱུར་སྐྱོབ་ལྟེ་གནས་ཁག་བགོས་ནད་དཔྱད་ལས་སྟེགས་ཀྱི་སྨན་དོན་མི་སྣས་ནད་པར་ཚ་བ་ལྟ་བཞིན་པ།
རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་སྒོ་བསྟེན་སྔོན་བཤེར་ཁག་བགོས་ནད་དཔྱད་བྱེད་ས་གསར་དུ་བསྐྲུན་ནས་མང་ཚོགས་ཚོར་སྨན་བཅོས་བྱ་རྒྱུར་སྟབས་བདེ་སྐྲུན་པ།
          ཟླ་2ཚེས་2ཉིན་གྱི་ཉིན་དགུང་ཆུ་ཚོད་14ཙམ་ལ་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་གསར་འགོད་པ་དང་བཅས་པ་རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ལས་དོན་སྒྲུབ་ཁུལ་གཉིས་པར་བསྐྱོད་པ་ཡིན། དེ་ནི་སྣེའུ་ཟམ་ཆེན་གྱི་འགྲམ་དུ་གནས་པ་དང་རྒྱལ་སྒོ་བཅིངས་འགྲོལ་ནུབ་ལམ་ལ་གཏད་འདུག རྣམ་ཀུན་འདུ་འཛི་ཆེ་བའི་ཁྲོམ་གཞུང་འདིའི་ཐོག་དེ་རིང་མཚམས་མཚམས་སུ་རླངས་འཁོར་རེ་གཉིས་མྱུར་པོར་བསྐྱོད་བཞིན་མཆིས།
          དགུན་དུས་ཀྱི་ས་མཐོའི་ནམ་མཁའ་གཡའ་དག་ལ་ཉི་འོད་རབ་ཏུ་འཚེར་ནའང་ཚ་ལམ་ལམ་གྱི་སྣང་བ་དེ་ཙམ་མི་འདུག དུག་སེལ་ཡོ་ཆས་འཁུར་ཞིང་། ཁ་རས་དང་། ལག་ཤུབས། ཞྭ་མོ་སོགས་གཅིག་གྱུར་གྱི་ཆས་སྤྲས་པའི་དུག་སེལ་བཀོལ་སྤྱོད་མི་སྣས་སྒོ་ཁར་འཛུལ་མཁན་རླངས་འཁོར་ཞིག་ལ་དུག་སེལ་བྱེད་བཞིན་འདུག གསར་འགོད་པ་དང་བཅས་པ་འགྲམ་དུ་བསྐྱོད་སྐབས་དུག་སེལ་བྱེད་མཁན་ཆུང་བདག་གིས་གསར་འགོད་པར་ས་གདན་ཐོག་ལངས་དགོས་པའི་བརྡ་བཏང་སྟེ་མི་རེ་རེ་བཞིན་ལ་ནན་ཏན་ངང་དུག་སེལ་བྱས།
          སྒོ་རའི་རྒྱབ་ཀྱི་ཐོག་ཁང་དེ་ནི་ད་ཐེངས་གསར་འགོད་པ་དང་བཅས་པ་སྐྱོད་སའི་དམིགས་ས་སྟེ། འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་BSL-3ཚོད་ལྟ་ཁང་རེད་ལ། རང་སྐྱོང་ལྗོངས་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་སྐྱེ་དངོས་བདེ་འཇགས་ཀྱི་རིམ་གསུམ་ཚོད་ལྟ་ཁང་ཡང་རེད།
          སྒོ་རྩར་རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་འཕྲོད་བསྟེན་ཞིབ་དཔྱད་ཁང་གི་སུའོ་ཀྲང་ཕུན་ཚོགས་ཚེ་རིང་དང་BSL-3ཚོད་ལྟ་ཁང་གི་འགན་འཁུར་བ་བཀྲ་ཤིས་ཀྱིས་ང་ཚོ་བསྒུགས་ནས་འདུག ཕུན་ཚོགས་ཚེ་རིང་གིས“ད་ལྟ་ང་ཚོས་འདི་གར་བསྐྱལ་བའི་ཞིབ་དཔྱད་མ་དཔེ་ཁག་གཅིག་བླངས་པ་ཡིན། ཚོད་ལྟ་བྱེད་མཁན་ད་ལྟ་ལྟེ་བའི་ཁུལ་དུ་མ་དཔེ་དེ་དག་ལ་ཞིབ་བཤེར་བྱེད་པར་ཕྱིན་སོང”ཞེས་བརྗོད་བྱུང་།
          འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་BSL-3ཚོད་ལྟ་ཁང་གི་ངོས་ནས་ཚོད་ལྟ་ཁང་དེས་མིག་སྔར་ལྗོངས་ཡོངས(ཉིང་ཁྲི་གྲོང་ཁྱེར་ཕུད)ཀྱི་ཏོག་དབྱིབས་ནད་དུག་གསར་པར་ཞིབ་བཤེར་བྱེད་པའི་ལས་འགན་ཁུར་ཡོད། དེ་དང་ཆབས་ཅིག་འགག་རྩའི་དུས་སུ་གྲོང་ཁྱེར་དང་ས་ཁུལ་ཁག་ནས་སླེབས་པའི་ནད་དུག་ཞིབ་བཤེར་མི་སྣར་ཛ་དྲག་གསོ་སྦྱོང་བྱས་ཡོད། མིག་སྔར། བོད་དུ་ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་ནད་པ་དང་པོ་གཏན་འཁེལ་བྱུང་བ་དེ་ཚོད་ལྟ་ཁང་འདིའི་ཞིབ་བཤེར་མི་སྣས་ཞིབ་བཤེར་བྱས་པ་ཞིག་ཡིན་པ་དང་། ཞིབ་འཇུག་བརྡར་གཅོད་བྱས་རྗེས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ཀྱི་དོགས་ཡོད་ནད་དཔེ་རྣམས་ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་སུ་བསྐྱར་དཔྱད་ཞིབ་བཤེར་དང་གཏན་འཁེལ་བྱེད་པར་སྐྱེལ་གྱི་ཡོད།
          BSL-3ཚོད་ལྟ་ཁང་རྒྱུན་གཏན་ལྟར་འཁོར་སྐྱོད་ལ་དོ་དམ་བྱེད་མཁན་བཀྲ་ཤིས་ཀྱིས་གསར་འགོད་པར“ཚོད་ལྟ་ཁང་དུ་མི་སྣ་དང་མ་དཔེ་འཇུག་འདོན་ལ་ཆ་ལག་ཚང་བའི་མ་ལག་གི་དོ་དམ་བྱེད་སྟངས་ནན་པོ་ཞིག་ཡོད། མི་སྣའི་བགྲོད་ལམ་དང་མ་དཔེའི་བགྲོད་ལམ་ཡང་ལོགས་སུ་དབྱེ་ཡོད”ཅེས་བརྗོད། དོ་དམ་པའི་སྣེ་ཁྲིད་འོག་གསར་འགོད་པ་དང་བཅས་པས་ཐོབ་ཐང་ཆ་འཕྲིན་ཐོ་འགོད་བྱས་རྗེས་སྤྱོད་གཅིག་མའི་སྨན་སྤྱོད་གྱོན་ཆས་བརྗེས་ཏེ་མི་སྣའི་བགྲོད་ལམ་བརྒྱུད་ཚོད་ལྟ་ཁང་གི་ཕྱི་རོལ་བཀོལ་སྤྱོད་ཁང་དུ་སྐྱོད་ཀྱི་ཡོད། བཀྲ་ཤིས་ཀྱིས་གསར་འགོད་པར་འདི་ནས་ཚོད་ལྟ་ཁང་གི་ས་ཆ་གཞན་དག་ཏུ་གཏན་ནས་བསྐྱོད་མི་ཆོག་ཅེས་བརྗོད།
          གསར་འགོད་པས་གྱོན་ཆས་བརྗེ་ཁང་དང་་གློག་མིག་ཁང་དུ་ལས་དོན་མི་སྣ་གཉིས་ཀྱིས་མདུན་ཕྱོགས་ཀྱི་ས་ཁོངས་མི་འདྲ་བར་མངོན་པའི་གློག་མིག་བརྙན་ཤེལ་ལ་ཞིབ་ཚགས་ལྟ་ཡི་ཡོད་པ་དང་། བརྙན་ཤེལ་ནང་ཚོད་ལྟ་ཁང་གི་ལྟེ་བའི་ཁུལ་ཁོངས་སུ་འགོག་སྲུང་གྱོན་ཆས་དཀར་པོ་གྱོན་པའི་ཚོད་ལྟ་བྱེད་མཁན་3བྲེལ་བརྩོན་ཆེན་པོས་ལས་ཀ་བྱེད་པ་མཐོང་བྱུང་།
          བཀྲ་ཤིས་ཀྱིས་མ་དཔེ་དེ་དག་བརྟག་ཞིབ་མཁན་གྱིས་ཐོ་བཀོད་རྗེས་རིམ་པ་དང་པོའི་འགོག་སྲུང་འོག་BSL-3ཚོད་ལྟ་ཁང་དུ་སྐྱེལ་གྱི་ཡོད། ལྟེ་བའི་ཁུལ་ཁོངས་སུ་ཚོད་ལྟ་བྱེད་མཁན་གྱིས་སྐྱེ་དངོས་བདེ་འཇགས་སྒམ་དུ་བཞག་རྗེས་གཞི་ནས་ཁ་འབྱེད་ཆོག་པ་དང་། དེ་རྗེས་འོས་ཐོབ་ལྡན་པའི་ཚོད་ལྟ་བྱེད་མཁན་གྱིས་བརྒྱུད་རིམ་ལ་ནན་པོ་གཞིགས་ཏེ་ནད་དུག་ཞིབ་བཤེར་བྱེད་ཀྱི་ཡོད་ཅེས་བརྗོད་བྱུང་།
          བཀྲ་ཤིས་ཀྱིས་ཚོད་ལྟ་ཁང་འདི་ནི་རྒྱལ་ཡོངས་ཀྱི་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་རིམ་གསུམ་སྐྱེ་དངོས་བདེ་འཇགས་ཀྱི་ཚོད་ལྟ་ཁང་12པ་དེ་རེད། ལས་དོན་འདིར་བོད་ཀྱི་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གཞན་དག་གི་རྗེས་སུ་ལུས་མེད། ཐོལ་བྱུང་རིམས་ནད་ཞིབ་བཤེར་ལས་དོན་གྱི་འགན་གཙོ་བོ་འཁུར་མཁན་ནི་རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་འཕྲོད་བསྟེན་ཞིབ་དཔྱད་ཁང་ནད་དུག་ཚོད་ལྟ་ཁང་གི་ཞིབ་བཤེར་བ་8པོ་འདི་དག་རེད་ཅེས་ངོ་སྤྲོད་བྱས་བྱུང་།
          བཀྲ་ཤིས་ཀྱིས་འདི་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་BSL-3ཚོད་ལྟ་ཁང་ཡིན་པས། གསོ་རླུང་དཀོན་པ་དང་རླུང་གནོན་དམའ་བའི་དོན་དངོས་ནི་བརྗོད་མི་དགོས་པ་ཞིག་རེད། ཚོད་ལྟ་བྱེད་མཁན་གྱིས་ལྟེ་བའི་ཁུལ་དུ་འཛུལ་རྗེས་ནད་དུག་ཞིབ་བཤེར་གྱི་ལས་དོན་སྤེལ་ནས་ཉུང་མཐར་ཡང་ཆུ་ཚོད་2ནས་3བར་སྡོད་དགོས་ཀྱི་ཡོད་ཅེས་བརྗོད་བྱུང་།
          ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་འཕྲོད་བསྟེན་ཞིབ་དཔྱད་ཁང་གི་འགན་འཁུར་བ་ཕུན་ཚོགས་ཚེ་རིང་གིས་རིམས་ནད་ཐོན་རྗེས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་མཁས་མཛངས་ལྡན་པའི་ཐབས་ཇུས་བཀོད་སྒྲིག་འོག རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་འཕྲལ་མར་ཞིབ་དཔྱད་དང་ཞིབ་བཤེར་མི་སྣ་མགྱོགས་མྱུར་ལས་གནས་སུ་ལོག་ནས་ལམ་སེང་ནད་དུག་ཞིབ་བཤེར་གྱི་ལས་དོན་ལ་ཞུགས་པའི་སྒྲིག་འཛུགས་བྱས་པ་ཡིན། “ད་བར་ནད་དུག་ཁང་གི་ཞིབ་བཤེར་མི་སྣ་8དང་ལྷ་ས་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཞིབ་བཤེར་བ་7གྱིས་ཚོད་ལྟ་ཞིབ་བཤེར་གྱི་འཐབ་ས་དང་པོར་རྒྱུན་མཐུད་འབད་འཐབ་བྱེད་པ་དང་། ལས་ཡུན་ཁག་གསུམ་རེས་སྐྱོར་བྱས་ཏེ་ཚོད་ལྟ་ཁང་གི་གནོན་ཤུགས་ཀྱིས་གཟུགས་པོ་བདེ་པོ་མེད་ཀྱང་ཁྱད་བསད་ཀྱིས་ཚོད་ལྟ་ཁང་དུ་ཉིན་མཚན་དབྱེར་མེད་ཞིབ་བཤེར་ལས་དོན་སྤེལ་བའི་འགན་ལེན་བྱས་ཏེ་ལྗོངས་ཡོངས་སུ་རིམས་ནད་སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་བརྟག་དཔྱད། སྔ་ཙམ་ལོགས་སུ་འཇོག་པ་བཅས་ཀྱི་ཆེད་དུས་ཐོག་ཏུ་ཚོད་ལྟའི་ཚན་རིག་གི་གཞི་འཛིན་ས་གནད་འཁེལ་ཡང་དག་མཁོ་འདོན་བྱས་ཡོད”ཅེས་བརྗོད་བྱུང་།
          གསར་འགོད་པས་ཚོད་ལྟ་བྱེད་མཁན་8ལས་3ཏང་ཡོན་ཡིན་པ་དང་། ཉེ་བའི་ལོ་གཉིས་རིང་ལས་ཀར་ཞུགས་པའི་ན་གཞོན་བཞི་ཡོད་པ་ཤེས་བྱུང་། ཕུན་ཚོགས་ཚེ་རིང་གིས་ཚོད་ལྟ་ཁང་གི་ཏང་ཡོན་གྱིས་ད་ཐེངས་རིམས་ནད་ཞིབ་བཤེར་ལས་དོན་སྤེལ་རིང་གདོང་ལེན་དཔེ་བཟང་དང་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་བཏོན་ཡོད་པ་དང་། ན་གཞོན་ཚོས་ཀྱང་ཁོ་ཚོའི་ལས་འགན་སྒྲུབ་སེམས་གང་ལེགས་མངོན་པར་བྱས་ཡོད་ཅེས་བརྗོད་བྱུང་།
          འདི་ནི་རིམས་ནད་དང་འཐབ་རྩོད་དྲག་པོ་བྱེད་པའི་དམག་འཐབ་ཅིག་རེད། ཁོ་ཚོས་རང་ཉིད་ལ“ལེ་ཏའི་ཞིབ་བཤེར་བ”ཞེས་བོད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་ཁུ་སིམ་མེར“རིམས་ནད་ཀྱི་འབར་མདེལ་མེད་པར”བཟོ་བཞིན་ཡོད་པ་གསར་འགོད་པས་མཐོང་བྱུང་། ཁོ་ཚོས་རྒྱལ་ཁབ་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་གྱི་རྗེས་སུ་འབྲང་བ་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འབོད་སྐུལ་ཚང་མ་དང་ལེན་ཞུས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་ཧུར་ཐག་སྲུང་བཞིན་མཆིས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1