སྤྱི་ཟླ་2པའི་ཚེས་8ཉིན། ཞིང་ཆེན་དང་ཁུལ་གྱི་སྨན་བཅོས་ཆེད་མཁས་པའི་ཚོ་ཆུང་དཀར་མཛེས་ཁུལ་རྟའུ་རྫོང་དུ་མྱུར་སྐྱོབ་བསྐྱོད་ནས། ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་འགོག་རྒོལ་བྱེད་པ་ལ་རམ་འདེགས་བྱས།
མིག་སྔར། རྒྱ་ཡོངས་སུ་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་གནས་ཚུལ་ཛ་དྲག་ཆེ་ཞིང་། སྤྱི་ཟླ་2པའི་ཚེས་8ཉིན་གྱི་བར་དཀར་མཛེས་ཁུལ་རྟའུ་རྫོང་ལ་ཏོག་གསར་ནད་དུག་འགོས་པའི་ནད་པ་12ཡོད་པ་གཏན་འཁེལ་བྱས། དེ་ནས་ཕྱར་བ་གྲུ་འདེགས་དང་དཀའ་ངལ་མཉམ་སེལ་གྱི་ཆེད་དུ། རྟའུ་ཡི་དངོས་ཡོད་གནས་ཚུལ་ལ་དམིགས་ནས་ཞིང་ཆེན་དང་ཁུལ་གྱིས་ཆེད་མཁས་པའི་ཚོ་ཆུང་སྒྲིག་འཛུགས་བྱས་ཏེ་རྟའུ་རུ་རིམས་འགོག་གི་ལས་དོན་ལ་རོགས་རམ་བྱེད་སར་བསྐྱོད། ཐེངས་འདིའི་ཆེད་མཁས་པའི་ཚོ་ཆུང་དུ་མི་9ཡོད་ཅིང་། དེ་དག་ནི་སི་ཁྲོན་ཞིང་ཆེན་མི་དམངས་སྨན་ཁང་གི་མི་3དང་ཁྲེན་ཧྥེ་སྨན་ཁང་གི་མི་4 དཀར་མཛེས་ཁུལ་མི་དམངས་སྨན་ཁང་གི་མི་2བཅས་ཡིན་ལ། དེའི་ཁྲོད་སྨན་རམས་པ་5དང་བརྟག་བཤེར་པ་1 ནད་གཡོག་3བཅས་ཡོད་པ་དང་། ནད་ལྕི་གསོ་རིག་ཚན་ཁག་དང་། དབུགས་ལམ་ཁོག་ནད་ཚན་ཁག །འགོས་ནད་ཚན་ཁག་སོགས་ཀྱི་ཆེད་ལས་ཚུད་ཡོད།